ཤིང་འཛུགས་དུས་ཆེན་

ཡོང་ཁུངས་Wikipedia

ཤིང་འཛུགས་དུས་ཆེན་ནི་ཁྲིམས་ལུགས་ཀྱི་གཏན་འབེབས་གཞིར་བཟུང་ཤིང་ནགས་ལ་སྲུང་སྐྱོང་བྱ་རྒྱུར་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག་མང་ཚོགས་ཀྱིས་ཤིང་འཛུགས་ནགས་བཟོའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་དང་སྒྲིག་འཛུགས་བྱེད་པའི་དུས་ཆེན་ཞིག་ཡིན་ཞིང་དེའི་དུས་ཚོད་རིང་ཐུང་གཞིར་བཟུང་ཤིང་འཛུགས་ཉིན་མོ་དང་ཤིང་འཛུགས་གཟའ་འཁོར།ཤིང་འཛུགས་ཟླ་བ་བཅས་སུ་དབྱེ་ཡོད། ཀྲུང་གོའི་ཤིང་འཛུགས་དུས་ཆེན་ནི་ལིང་ཏའོ་ཡང་དང་ཧེན་ཨན།ཧྥེ་དབྱི་ལི་སོགས་ནགས་ལས་རིག་པ་བས་༡༩༡༥ལོར་གྲོས་འགོ་བཏོན་ཏེ་གཏོད་པ་ཞིག་ཡིན།དང་ཐོག་མའི་དུས་ཚོད་ནི་ལོ་རེའི་དུར་ཕྱགས་དུས་ཚིགས་སུ་གཏན་འབེབས་བྱས་ཡོད། ༡༩༢༨ ལོར་རྒྱལ་དམངས་སྲིད་གཞུང་གིས་སུན་ཀྲུང་ཧྲན་སྐུ་གཤེགས་ནས་ལོ་གསུམ་འཁོར་བར་དྲན་གསོ་བྱ་ཆེད་ཤིང་འཛུགས་དུས་ཆེན་དེ་ཟླ་༣པའི་ཚེས་༡༢སུ་བཅོས་རྒྱུར་གཏན་འབེབས་བྱས་ཡོད།ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་༡༩༧༩ལོར།ཏེང་ཞའོ་ཕིང་གིས་གྲོས་འགོ་བཏོན་པ་ལྟར་སྐབས་ལྔ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཚོགས་འདུ་ཐེངས་དྲུག་པའི་ཐོག་ལོ་རེའི་ཟླ་༣པའི་ཚེས་༡༢ཉིན་མོར་ཀྲུང་གོའི་ཤིང་འཛུགས་དུས་ཆེན་ལ་གཏན་འབེབས་བྱས་ཡོད། ༢༠༢༠ལོའི་ཟླ་༧པའི་ཚེས༡ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བྱས་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》ནང་ལོ་རེའི་ཟླ་༣པའི་ཚེས་༡༢ཉིན་མོར་ཀྲུང་གོའི་ཤིང་འཛུགས་དུས་ཆེན་དུ་ལག་བསྟར་བྱ་རྒྱུའི་གཏན་འབེབས་ཁ་གསལ་བྱས་ཡོད། ཤིང་འཛུགས་ནགས་བཟོ་ཡིས་མིའི་རིགས་ཀྱི་འཚོ་གནས་དང་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་ལ་གལ་ཆེའི་ནུས་པ་ཐོན་བཞིན་ཡོད། དེ་ཡང་ཧིན་རྡུའི་ཅཱ་ཨར་ཀེ་ཏཱ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏེ་སི་ཡིས་ལྕང་མ་རྐང་གཅིག་གི་རིན་ཐང་ལ་རྩིས་རྒྱག་བྱས་པ་གཤམ་གསལ། ལོ་༥༠ཟིན་པའི་ལྕང་མ་རྐང་གཅིག་གིས་རིམ་སྡེབ་རྩིས་བྱས་ཚེ་དབྱང་རླུང་ཐོན་པའི་རིན་ཐང་ནི་ཨ་སྒོར་༣༡,༢༠༠ཡིན་པ་དང་གནོད་ལྡན་རླུང་གཟུགས་རྔུབ་ཚད་དང་རླུང་ཁམས་ཆེན་མོའི་སྦགས་བཙོག་བཀག་འགོག་གི་རིན་ཐང་ནི་ཨ་སྒོར་༦༢,༥༠༠ཡིན་པ།ས་རྒྱུའི་གཤིན་ཚད་མཐོར་གཏོང་གི་རིན་ཐང་ནི་ཨ་སྒོར་༣༡,༢༠༠ཡིན་པ། ཆུ་ཁུངས་གསོ་བའི་རིན་ཐང་ནི་ཨ་སྒོར་༣༧,༥༠༠ཡིན་པ།བྱ་རིགས་དང་དེ་མིན་སྲོག་ཆགས་ལ་སྐྱེས་འཕེལ་གནས་ཡུལ་མཁོ་འདོན་བྱེད་པའི་རིན་ཐང་ནི་ཨ་སྒོར་༣༡,༢༥༠ཡིན་པ།སྤྲི་དཀར་ཐོན་པའི་རིན་ཐང་ནི་ཨ་སྒོར་༢,༥༠༠ཡིན་པ་བཅས་ཁྱོན་བསྡོམས་རིན་ཐང་གཏོད་ཚད་ནི་ཧ་ལམ་ཨ་སྒོར་༡༩༦,༠༠༠ཡིན།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]