Jump to content

ཤརཏ་ཅནྡྲ་

ཡོང་ཁུངས་Wikipedia

ཤརཏ་ཅནྡྲ་ Sarat Chandra das

གྲགས་ཅན་གྱི་བོད་རིག་པའི་མཁས་པ་དང་སྔོན་དབྱིན་གཞུང་ཆེན་མོའི་གསང་ཉུལ་བ་ཤརཏ་ཅནྡྲ་Sarat Chandra dasནི་སྟེས་དབང་ལྟ་བུས་ནད་གཞིས་རྐྱེན་པས་1874ལོར་རྒྱ་གར་བྱང་ཕྱོགས་ཀྱི་རི་གྲོང་རྡོ་རྗེ་གླིང་གི་ཐི་ཡ་སློབ་གྲྭའི་འགན་འཛིན་པའི་གོ་སྐབས་ཐོབ། ཁོའི་ཐོག་མའི་བསམ་ཚུལ་ལ་བསིལ་ཞིང་གཙང་བའི་རྡོ་རྗེ་གླིང་གི་མཁའ་རླུང་གིས་རང་ཉིད་ཀྱི་ནད་གཞི་གསོ་བར་ཕན་ཆེ་ངེས་སྙམ། སྐབས་དེར་དབྱིན་གཞུང་གིས་ཤར་ཕྱོགས་ཡུལ་གྲུ་ཁ་ཤས་ལ་བཙན་འཛུལ་དང་མི་སེར་སྤེལ་གྱི་ཡོད། བོད་ལ་མཚོན་ན་ཡང་སྐབས་དེར་དབྱིན་ཇིས་རྒྱ་གར་བརྒྱུད་ནས་ཧི་མ་ལ་ཡའི་ཁུལ་དུ་བཙན་འཛུལ་བྱ་རྒྱུའི་སྟ་གོན་གྲ་སྒྲིག་བྱེད་དང་བྱེད་བཞིན་ཡོད། རྡོ་རྗེ་གླིང་གི་ཐི་ཡ་སློབ་གྲྭ་དེ་ཡང་གཙོ་བོ་གསང་ཉུལ་བྱ་བ་གནད་དུ་ཟུང་བ་ཞིག་ཡིན་སྐད།

1879ལོ་དང་1881ལོར་རཏ་ཅནྡྲ་Sarat Chandra das་བོད་ལ་ཐེངས་གཉིས་སླེབས། འོན་ཀྱང་ཁོ་བོའི་ངོས་ནས་བརྗོད་ན་དམིགས་ཡུལ་གཙོ་བོ་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པ་མ་ཟད་དང་དེར་སེམས་གཏིང་ནས་དག་ཞེན་ཡོད་པ་ཡིན་སྐད། དེ་ཚོ་ཁོས་ཕྱིས་སུ་སྐད་གྲགས་ཆེ་བའི་བོད་ཀྱི་ཡུལ་སྐོར་ཟིན་བྲིས་དང་ནང་ཆོས་རིག་གཞུང་སྐོར་གྱི་བརྩམས་ཆོས་དེ་ཚོ་ནང་ནས་མཐོང་ཐུབ། གང་ལྟར་ཁོས་གསང་ཉུལ་གྱི་ལས་ཀ་སྒྲུབ་ཡོད་པ་མ་ཟད་འབྲེལ་ཡོད་འགྲོ་གྲོན་དང་མཐུན་རྐྱེན་འོག་རང་གི་ཞིབ་འཇུག་ལས་ཀ་ཚད་ལས་བརྒལ་བ་ཞིག་བྱ་ཐུབ་ཡོད། ཡིན་ཡང་ཁོས་རང་རེའི་གདན་ས་ཁག་ནས་རྩ་ཆེན་གྱི་འཕགས་བོད་གསུང་རབ་མང་པོ་རྡོ་རྗེ་གླིང་དུ་འཁྱེར་ཕྱིན།

ཐེངས་འདིར་ཞུ་རྒྱུ་ནི་1882ལོར་ཤརཏ་ཅནྡྲ་Sarat Chandra dasདང་མཉམ་དུ་ཡོང་བའི་རྡོ་རྗེ་གླིང་གི་བོད་ཡིག་དགེ་རྒན་གྲྭ་པ་ཨོ་རྒྱན་རྒྱ་མཚོ་བྱ་བ་དེ་དང་ཁོ་རང་གཙང་སྟོད་ས་སྐྱ་ནས་ནས་བོ་དོང་བརྒྱུད་འཇད་གཞུང་(དེང་གི་གཞིས་རྩེ་ས་གནས་བཞད་མཐོང་སྨོན་རྫོང་།)ཁུལ་དུ་སླེབས་པ་དང་། ལྷག་དོན་དུ་གཡུང་དྲུང་བོན་གྱི་གདན་ས་རི་རྒྱལ་དགོན་རྩེར་སླེབས་པའི་སྐོར་ཡིན།

གཤམ་ལ་ཤརཏ་ཅནྡྲ་Sarat Chandra das གྱིས་བྲིས་པའི་ཡུལ་སྐོར་ཟིན་བྲིས་དཔེ་དེབ་༼ལྷ་ས་དང་བོད་དབུས་གྱི་འགྲུལ་བཞུད།༽《Journey to lhasa central tibet》གྱི་ལེའུ་བརྒྱད་པ་༼བཀྲིས་ལྷུན་དགོན་དུ་ལོག་པ་དང་ཨོ་རྒྱན་རྒྱ་མཚོས་བོནདགོན་རི་རྒྱལ་གཤེན་དར་མཇལ་བ།༽ ཞེས་པའི་ནང་འཁོད་པ་རྣམས་ཇི་མ་ཇི་བཞིན་དུ་བོད་ཡིག་ཐོག་བསྒྱུར་ཡོད། གཙོ་བོའི་ཟིན་བྲིས་འདིིའི་ནང་སྐབས་དེའི་བོན་དགོན་རི་རྒྱལ་དགོན་རྩེའི་གནས་སྟངས་དང་སྒྲིག་ལམ། དོ་དམ་གཉེར་ལུགས། ཕྱི་རོལ་རྣམ་པ། རྗེ་མཁས་གྲུབ་དང་འགྲོ་གླེང་བྱུང་བའི་རྣམས་པ། དེ་བཞིན་དངུལ་ཆུ་རིན་པོ་ཆེ་དང་ཡ་མཚན་བཀའ་མོལ་བྱུང་བ་རྣམས་ཕྱི་རོལ་བའི་མིག་ལམ་ཞིག་ནས་འཛམ་གླིང་ཕྱི་རོལ་བའི་འདྲེན་བྱེད་ཡུལ་དུ་བསྟན་འདུག་པས་ཁོ་བོས་རྩ་ཆེན་དུ་འཛིན་ནས་རང་ཡུལ་འཇད་གཞུང་སྐྱ་མོ་མཁས་པ་ཡོན་ཏན་མཛོད་འཛིན་ས་དེར་དུས་རབས་༡༩ཡི་ནང་ཕྱི་རོལ་པ་དང་འཐམ་འདྲིས་ཇི་ལྟར་བྱུང་ཚུལ་འབྲེལ་ཡོད་དོ་སྣང་འཇོག་མཁན་བོད་ཡིག་ཀློག་པ་པོ་རྣམས་ཀྱི་མིག་ལམ་དུ་བསྟན་པ་ལགས། དགེའོ། །

ལོ་དེའི་ཟླ་བདུན་པའི་ཚེས་21་ཐོག་ཁོ་བོ་དང་སོག་པོའི་གྲྭ་པ་ཆོས་བཀྲ་ཤིས་བྱ་བ་ཞིག་བོ་དོང་བཀྲ་ཤིས་སྒང་དུ་སླེབས་པ་དང་དེ་ནུབ་ཐང་སྤད་གྲོང་ཚོར་ཞག་སྡོད་བྱས། དེ་རྗེས་གཙང་པོའི་བྱང་ཕྱོགས་འཇད་ཁུལ་དུ་མ་ཕྱིན་པར་རྟ་ནག་ཕྱོགས་སུ་འཆས། རྟ་ནག་མྱུག་ཁུལ་དུ་སླེབས་པ་དང་འདིར་སྤུས་ལེགས་ཀྱི་རྫ་ཆས་སྣ་ཚོགས་མཐོང་རྒྱུ་འདུག ཡིན་ཡང་མི་རྣམས་ཀྱིས་ང་ཚོ་གཞིས་རྩེ་ནས་ཡོང་བ་ཤེས་མ་ཐག་རིམ་ནད་བསེ་བེ་(天花病)འགོས་པའི་ཞེད་སྣང་གིས་གནས་ཚང་གཡར་མཁན་གཅིག་ཀྱང་མ་འབྱོར། ཚེས་26ཉིན་ང་ཚོ་རྟ་ནག་སྟོང་ཆུའི་ལྕགས་ཟམ་ཞིག་བརྒྱུད་ནས་ནུབ་ཕྱོགས་སུ་བསྐྱོད། དེ་དགོང་རྟ་ནག་ཐུབ་བསྟན་དགོན་དུ་ཞག་སྡོད་བྱས། ཚེས་28ཉིན་ཐུབ་བསྟན་དགོན་ནས་ཁ་བྲལ་རྗེས་བྱང་ཕྱོགས་སུ་མེ་ལེ་(མེ་ལེ་གཅིག་ལ་ཀུང་ལི་1.6)ཉི་ཤུ་ཙམ་བསྐྱོད་རྗེས་སྐད་གྲགས་ཅན་གྱི་འབུར་རུ་ཆུ་ཚན་ཞེས་པར་སླེབས་སོང་།

འདིར་པན་ཆེན་རིན་པོ་ཆེ་མཆོག་ཆབ་ཚན་ལ་བཞུགས་མྱོང་ཟེར་བ་དང་། ཁོང་གི་བཞུགས་སྒར་བསྐྱོན་ས་དེ་ལྕགས་རི་དམའ་པོ་ཞིག་གིས་སྐོར་འདུག གོ་ཐོས་ལ་པན་ཆེན་རིན་པོ་ཆེ་ཉེ་དུས་འདིར་ཆུ་ཚན་དུས་འདིའི་ཀླུ་ཡི་གནོད་པ་དང་རྒྱུ་རྐྱེན་གང་འདྲ་ཞིག་གི་འོག་བསྙུན་གཞི་ཕོག་ཚུལ་བྱུང་འདུག དགེ་འདུན་པ་བརྒྱ་ཕྲག་མང་པོ་་འདིར་འདུས་ནས་ཀླུ་གསོལ་མཆོད་པ་དང་རིམ་གྲོ་འདྲ་མིན་སྤེལ་དགོས་བྱུང་བ་རེད་ཟེར། འདི་ཁུལ་དུ་སྦྲུལ་ནག་པོ་མང་པོ་མཐོང་རྒྱུ་འདུག་ ཡིན་ཡང་མང་ཚོགས་ཀྱིས་ཟེར་བར་མི་ལ་གནོད་པ་མི་བྱེད། གལ་སྲིད་ཁྱིམ་ནང་འཛུལ་ཡོང་ཚེ་མི་རྣམས་ཀྱིས་འཚེ་བ་བྱེད་སྲོལ་མི་འདུག

ཉིན་གཉིས་པར་ང་ཚོས་རྗིད་ལ་རྒྱབ་ནས་དར་སྡིངས་སྐྱིད་གཤོང་གྲོང་ཚོར་སླེབས། ཡིན་ཡང་འདིར་གནས་ཚང་གཡར་མཁན་མ་འབྱོར། ཚེས་30ཉིན་དངོས་སུ་གཤེན་དར་སྡིངས་སུ་འབྱོར། འདིའི་ཉེ་འཁོར་དུ་སྐད་གྲགས་ཆེ་བའི་བོན་དགོན་རི་རྒྱལ་དགོན་ཆགས་འདུག ཨོ་རྒྱན་རྒྱ་མཚོས་རང་ཉིད་འབྲས་ལྗོངས་ནས་བོད་དུ་སྟོན་པ་གཤེན་རབ་མི་བོ་ཆེའི་གནས་མཆོག་ཁག་མཇལ་བར་ཡོང་མཁན་གྱི་བོན་པོ་ཞིག་ཡིན་པའི་ཐོག་ནས་རི་རྒྱལ་དགོན་ལ་བཅར་སྒོ་འཚུགས། ཁོས་དགེ་འདུན་པ་ལ་མང་ཇ་བཏང་བ་དང་ཏྲམ་ཀ་ལྔ་ཡི་སྐུ་འགྱེད་ཕུལ། དེས་རྐྱེན་པས་དགོན་པའི་རྟེན་ཁག་མཇལ་བའི་སྐལ་བ་འཆིས། དགེ་འདུན་པས་ང་ཚོ་འདུ་ཁང་ནང་འཁྲིད་པ་དང་དེ་རྗེས་ཐོག་ཁའི་ལྷ་ཁང་ཁག་ཏུ་འཁྲིད་བྱུང་། དེར་བོན་གྱི་ལྷ་ཚོགས་སྐུ་བརྙན་མང་།

ཉིན་གཉིས་པ་མང་ཇ་བཏང་དུས་ད་ལྟ་དགོན་ནང་ཁྱོན་བསྡོམས་གྲྭ་པ་སུམ་ཅུ་ཡོད་པ་ཤེས གྲྭ་གྲངས་ཉུང་པོ་འདི་འདྲ་རྒྱུ་རྐྱེན་ག་རེ་ཡིན་ནམ་ཞེ་ན། གྲྭ་པ་མང་ཆེ་བ་རྣམས་ནི་རྒྱལ་རོང་ནས་ཡིན་པ་དང་ད་ཆ་བྱང་ཁུལ་དུ་འདུལ་བྱ་རིམ་གྲོར་ཡོད་ཟེར། རི་རྒྱལ་དགོན་གྱི་དབུ་མཛད་ཀྱིས་ང་ཚོ་མུན་ནག་པའི་ལྷ་ཁང་ཁག་ལ་རིམ་བཞིན་ལྟ་སྐོར་དུ་འཁྲིད་བྱུང་། དཔའ་འབར་དང་སྒྲོན་མེའི་འོད་ལ་རྟེན་ནས་ད་གཟོད་ཡ་མཚན་ཆེ་བའི་ཞལ་ཐང་དང་ལྷ་ཚོགས་འདྲ་སྐུ་མང་པོ་མཐོང་། དེ་རྗེས་དགོན་འདི་རྗེ་མཁས་གྲུབ་རིན་པོ་ཆེས་ང་ཚོར་མཇལ་ཁ་གནང་། ཁོང་དགུང་ལོ་དྲུག་ཅུ་རེ་བརྒྱད་ཡིན་ཡང་ཤིན་དུ་ཐང་ཤ་དོད་ལ་གཟུགས་པོ་སྟོབས་དང་ལྡན། ཁོང་གིས་ཨོ་རྒྱན་རྒྱ་མཚོ་ལ་བོན་གྱི་ཆབ་ནག་(བོན་གྱི་ཐེག་པ་རིམ་དགུའི་ནང་གསེས།)སྐོར་མང་པོ་ངོ་སྤྲོད་གནང་བ་དང་འབྲེལ་ཡོད་དཔེ་ཆ་ཁ་ཤས་ཀྱང་གཡར་པོ་གནང་། རི་རྒྱལ་གཤེན་དར་གྱི་གོང་དུ་ཆེས་སྔ་བའི་ལྷ་ཁང་ཞིག་ཡོད་པ་ནི་དར་སྡིངས་གསེར་སྒོ་ཁྲ་མོ་ཡིན། དེ་ནི་བཀྲ་ཤིས་ལྷུན་པོ་ལས་ཀྱང་དུས་རབས་ཁ་ཤས་ཀྱིས་སྔ་བར་ཡོད་པར་གྲགས། ཕྱིས་སུ་དུས་རབས་བཅུ་བདུན་པའི་ནང་སོག་པོ་ཇུན་གར་བས་ལྷ་ཁང་མང་པོར་གཏོར་སྐྱོན་བཏང་བ་དང་དགེ་འདུན་པ་རྣམས་ཀྱིས་རྩ་ཆེའི་དངུལ་བྲིས་མཐིང་ཤོག་དཔེ་ཆ་ལ་སོགས་མང་པོ་བྲག་ཕུག་ནང་གཏེར་ལ་སྦས། དེས་རྐྱེན་པས་ད་ཆ་བོན་གྱི་དཔེ་རྙིང་བྲིས་མ་རྣམས་ཤིན་དུ་དཀོན་ལ། དེ་ཚོའི་སྐོར་སོམ་ཉིའི་གནས་སུ་གྱར་ཡོད།

དགོན་གྱི་རྟེན་དང་སྐུ་འདྲ་རྣམས་ནི་ཤིན་དུ་རྙིང་ལ་གནའ་བོའི་རང་བཞིན་དང་ལྡན། དེའི་ནང་ཤིན་ཏུ་ཆེ་བའི་ཤང་དང་རྒྱུ་ཆ་ཟང་སྤུས་དག་ལས་གྲུབ་པའི་སྦུག་ཆལ། ད་དུང་དཔལ་བོ་བདུན་དང་འབྲེལ་བའི་ལྡེབས་རིས། ཞལ་ཐང་འབོར་ཆེན། མཐིང་ཤོག་སྟེང་གསེར་དངུལ་གྱིས་བྲིས་པའི་དཔེ་ཆ་པོད་ཁ་ཤས་བཅས་འདུག འདུ་ཁང་གི་ཡང་རྩེའི་ཐོག་ཁར་ཀ་བ་བཞི་ཅུ་ཞེ་གཉིས་ལྡན་ལ། དགོན་པའི་མཐའ་འཁོར་ཀུན་དུ་ལྟ་ན་སྡུག་པའི་མཆོད་རྟེན་དང་མན་ཐང་མ་ནི་ལག་འཁོར་བཅས་ཀྱིས་ཁེངས། དད་ལྡན་པ་རྣམས་ཀྱིས་སྐོར་བ་གཡས་ནས་གཡོན་དུ་སྐོར་གྱི་འདུག

རི་རྒྱལ་དགོན་དུ་ད་ལྟ་གཤེན་ཚང་ཡན་ལག་བཞི་(གཤེས་སྲས་བཞི་མིན་ནམ་སྙམ།)ཡི་རྒྱུ་ནོར་ཡོད། མ་གཞི་ཁོང་ཚོས་དབང་ལུང་ཞུས་ཡོད་ཀྱང་བཟའ་མི་བུ་ཕྲུག་ཚང་མ་ཡོད། དེས་མ་ཟད་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་གདུང་རྒྱུད་ཡིན་། ཁྱིམ་རྒྱུད་འདིའི་ཡུམ་ནི་འབྲས་ལྗོངས་ཡུལ་གྱི་སྲིད་སྐྱོང་(sikyong)གི་གཅེན་མོ་ཡིན་པར་གྲགས། པན་ཆེན་སྐུ་ཐོག་གོང་མ་ནི་འབྲས་ལྗོངས་སྲས་མོའི་ཚ་བོ་ཡིན། དེས་རྐྱེན་གཤེན་ཚང་ལ་མི་རྣམས་ཀྱིས་སྐུ་ཞང་ཞེས་འབོད་གྱི་ཡོད། པན་ཆེན་སྐུ་ཐོག་གོང་མ་ནི་བཀྲུས་ནས་མ་དག་པའི་བོན་གྱི་ཁྱིམ་རྒྱུད་ནས་ཡིན་པ་མ་ཟད་གཤེན་ལུགས་དང་བྲུ་ལུགས་གཉིས་དང་འབྲེལ་བ་ཆེ། དུས་རྒྱུན་མི་རྣམས་ལ་ནང་པ་སངས་རྒྱས་བསྟན་པ་འཛིན་མཁན་པན་ཆེན་རིན་པོ་ཆེ་ནི་བོན་སྟོན་པ་གཤེན་རབ་མི་བོ་དང་འབྲེལ་བ་ཆེ་བའི་བོན་ཁྱིམ་ནས་འཁྲུངས་དོན་ག་རེ་ཡིན་ནམ་སྙམ་པའི་ཐེ་ཚོམ་ཡོད། ཐ་ན་བོད་པའི་སྐྱེ་བོ་ཁ་ཤས་ཀྱིས་པན་ཆེན་རིན་པོ་ཆེ་ནི་ཕྱི་པ་དང་བོན་པོ་རེད་ཞེས་ཀྱང་འབོད་ཀྱི་ཡོད་སྐད།

དགོན་འདིའི་ནང་གྲྭ་ཁོངས་རིགས་གཉིས་ཡོད། དེ་ནི་བོད་ཁམས་ཚན་དང་ཁམས་པ་ཁམས་ཚན་རེད། གྲྭ་པ་མང་ཆེ་བ་ནི་ཁམས་པ་ཁམས་ཚན་ནས་ཡིན། དགོན་གྱི་དོ་དམ་ཐད་དབུ་མཛད་གཅིག་དང་ཆོས་ཁྲིམས་གཉིས། དགེ་བསྐོས་གཉིས། སྤྱི་གཉེར་གཉིས། སྐུ་གཉེར་གཉིས་བཅས་ཡོད། དོ་དམ་གནང་མཁན་གྱི་དགེ་འདུན་པའི་ཆས་གོས་ནི་དགེ་ལུགས་དགོན་བཀྲ་ཤིས་ལྷུན་པོ་དང་འདྲ། སྤྱིར་ཡང་རྩེ་མོ་རྣོ་བའི་ཞྭ་སེར་དང་ཟླ་སྒམ་སེར་པོ་གནབས། གྲྭ་རྒྱུན་རྣམས་ཀྱི་སྐེ་རགས་སྟེང་ཆབ་རིལ་བཏགས་པ་དང་ཁ་མདོག་སེར་པོའི་ཞབས་ཟོན་གྱོན་འདུག ཁོང་ཚོ་དེ་མིན་གྱི་ཚོན་མདོག་སྔོན་པོ་དང་ལྗང་ཁུ། ནག་པོ་དང་དཀར་པོ་སོགས་ཀྱི་གྱོན་མི་ཆོག དུས་རྒྱུན་དགོན་ནང་གཅིག་འགྱུར་གྱི་ཤམ་ཐབས་དང་སྟོད་འགག་ལ་སོགས་གཡུང་དྲུང་བོན་གྱི་གཏན་འབེབས་ལྟར་གྱོན་དགོས།

འདུ་ཁང་ནང་ཚོགས་འཚོགས་སྐབས་ཞབས་ཟོན་ཚང་མ་སྒོ་འགྲམ་དུ་ཕུད་ནས་འཇོག་སྲོལ་འདུག ཚོགས་ཀྱི་མང་ཇའི་འགྲོ་གྲོན་གཤེན་ཚང་ནས་ཡོངས་སུ་གཏོང་བ་དང་། གཤེན་ཚང་གི་དཔའ་འབྱོར་ཡོང་ཁུངས་མང་ཆེ་བ་ནི་བྱང་གི་བོན་སྡེའི་ཞལ་འདེབས་དང་དཀོར་རྫས་ལ་བརྟེན་ཡོད། ཁམས་པ་ཁམས་ཚན་ནང་གྲྭ་བ་ཁྱོན་བསྡོམས་བཞི་བཅུ་ཙམ་ཡོད། ཁོང་ཚོ་དབྱར་ཁའི་རིང་མང་ཆེ་བ་བྱང་གི་བོན་སྡེའི་ཁྱིམ་ཚང་ནང་ཞབས་བསྟན་རིམ་གྲོ་སོགས་ལ་བསྐྱོད་དགོས་པ་དང་དགུན་དུས་དགོན་དུ་བཞུགས། དགེ་འདུན་པ་རྣམས་དགོན་ནང་ཆོ་ག་དང་ཞབས་བསྟན་སྒྲུབ་སྐབས་དགེ་ལུགས་པའི་གདན་ས་ཆེན་མོ་ལྟར་གསོལ་ཇ་གང་འདོདད་འཐུང་ཆོག་ལ་དམིགས་གསལ་གྱི་འཛེམས་སྲོལ་གང་ཡང་མེད།

འདིར་ཡོད་ཀྱི་གྲྭ་པ་རྣམས་སོ་སོའི་སོ་ཐར་སྡོམ་ཁྲིམས་ལ་རྟེན་ནས་རིགས་གཉིས་སུ་དབྱེ་ཡོད། ཐོག་མ་དེའི་མིང་ལ་གཤེན་ཚང་སྲུང་ལུགས་ཟེར་བ་དང་ལོ་ངོ་དྲུག་བཅུ་ལ་སླེབས་དུས་སྡོམ་ཁྲིམས་ལེན་གྱི་ཡོད། གཞན་དེའི་མིང་ལ་གཤེན་ཚང་ལུགས་ཟེར་བ་དང་འབྲེལ་ཡོད་དཔེ་འདོན་ཡིག་རྒྱུགས་གྲུབ་ཚེ་གང་མགྱོགས་རབ་བྱུང་སྒྲུབ་དགོས།

འདིར་བཞུགས་པའི་རྗེ་མཁས་གྲུབ་རིན་པོ་ཆེའི་མཚན་གཞན་ལ་གཡུང་དྲུང་རྒྱལ་མཚན་ཟེར་བ་དང་། ཁོང་ནི་སྡོམ་ཁྲིམས་དམ་དུ་འཛིན་མཁན་གྱི་རབ་བྱུང་པ་ཏག་ཏག་ཅིག་རེད། (མཆན། འདིའི་མཁས་གྲུབ་རིན་པོ་ཆེ་ནི་མཁས་གྲུབ་རིན་ཆེན་རྒྱལ་མཚན་གྱི་ཞལ་སློབ་མཁས་གྲུབ་གཉིས་པ་གཡུང་དྲུང་རྒྱལ་མཚན་ཞུ་བ་དེ་ཡིན་པར་འདོད་སྙམ།)

འབྲེལ་ཡོད་དགེ་འདུན་པའི་འདུལ་ཁྲིམས་དང་སྒྲིག་ཁྲིམས་ཁག་ལ་བཅའ་ཡིག་ཞེས་འབོད་ལ་དེ་ནི་བོད་ཤོག་སྟེང་བྲིས་ནས་དགོན་པའི་ནང་ཀུན་གྱིས་མཐོང་སར་བཀྲམས་འདུག གལ་སྲིད་གྲྭ་བཙུན་གྱིས་དགོན་པའི་བཅའ་ཡིག་དང་འགལ་བའི་ཉེས་དམིགས་བསག་ཚེ་ཆད་པ་བཅད་པ་དང་ཡང་ན་དགོན་ནས་ཕྱིར་འབུད་བྱེད། འོན་ཀྱང་ཉེས་དམིགས་ཀྱི་རྐྱིན་ཚབ་འཇལ་བའི་ལུགས་སྲོལ་ཞིག་འདུག་སྟེ་འབྲེལ་ཡོད་བཅའ་ཡིག་གཏན་འབེབས་བྱེད་མཁན་གྱི་བླ་མ་ལ་དངུལ་སྤྲད་པ་དང་ཡང་ན་དོ་དམ་དགེ་འདུན་རྣམས་དང་དགེ་འདུན་ཀུན་ལ་དགྱེས་དངུལ་སྤྲད་རྒྱུ་དེ་རེད།

ཡུལ་འདི་གའི་བོན་པོ་རྣམས་ཀྱི་གཉེན་སྟོན་ལུགས་སྲོལ་དང་སྐུ་ཕུང་རྗེས་འཇུག་བྱེད་སྲོལ་བོད་ཡུལ་གྲུ་གཞན་དང་ཕལ་ཆེར་གཅིག་མཚུངས་སུ་འཆིས། གཤིན་པོའི་སྐུ་ཕུང་ཁང་པའི་ནང་ཆུ་ཚོད་ཉི་ཤུ་རྩ་བཞི་འཇོག་ལ། དེ་རྗེས་དགོན་པ་དང་ལྷ་ཁང་ནང་འཁྱེར་ནས་བསྔོ་སྨོན་བཞུ་ཡི་ཡོད། ཉིན་བཞི་པའི་ཐོག་གཤིན་པོའི་རྒྱན་གོས་རྙིང་པ་འགའ་ལྷ་སྐུའི་མདུན་དུ་འཇོག་ནས་གསོལ་བ་སྨོོན་ལམ་འདེབས་པ་དང་རྣམ་ཤེས་ཐར་པའི་དབྱིངས་སུ་ཐིམ་པའི་རེ་འདོད་བཞུ། མཐའ་མཇུག་སྐུ་ཕུང་དུར་ཁྲོད་དུ་འདྲེན་ནས་བྱ་དང་སེམས་ཅན་ལ་སྦྱིན་པར་བཏང་།

ཟླ་8པའི་ཚེས་5ཉིན་ཨོ་རྒྱན་རྒྱ་མཚོ་གཤེན་དར་སྡིངས་ནས་ཁ་བྲལ་བ་དང་ཉིན་དགུང་གླང་འཕགས་ཆུ་ཚན་(གླང་མ་ཆབ་ཁ་ཆུ་ཚན།)དུ་སླེབས། དེར་བཀྲ་ཤིས་ལྷུན་པོའི་ལྷ་ཁང་གསེར་པོ་ཞིག་འདུག་ལ་དོ་དམ་བྱེད་མཁན་མི་སྣ་གཅིག་འདུག ཆུ་ཚན་ནི་ཚ་དྲགས་ནས་ཆུ་ཚོད་ཕྱེད་ཀ་ཙམ་རིང་ཤ་ཡང་ཚོས་མ་ཡོང་ངམ་སྙམ་པ་གདའ།

དེ་ནས་དངུལ་ཆུ་རི་ཁྲོད་ལ་སླེབས། དེར་དངུལ་ཆུ་རིན་པོ་ཆེ་(དངུལ་ཆུ་དབྱངས་ཆེན་གྲུབ་པའི་རྡོ་རྗེ་མིན་ནམ་སྙམ།1809-1882)མཇལ་བ་དང་། ཁོང་གིས་རྒྱ་གར་ཀ་ལི་ཀ་ཏའི་ལྕགས་ལམ་དང་ཏར་ཁང་ཁ་པར་ལ་སོགས་ཐག་རིང་འགྲུལ་པའི་ཁ་ནས་ཐོས་པ་མང་པོ་ཡ་མཚན་དང་དད་སྣང་ཆེན་པོའི་སྒོ་ནས་སྐད་ཆ་དྲིས་བྱུང་། ད་དུང་ཁོང་གིས་ཟེར་བ་ལྟར་ན། དེང་དུས་ཁ་པར་ཞེས་འ་ཅ་ལག་གསར་པ་ཞིག་འདུག་སྟེ་མི་རྣམས་ཀྱིས་ཐོ་བ་ཞིག་རྡུངས་སྟེ་རྒྱང་རིང་པོའི་ས་ནས་ཕན་ཚུན་སྐད་ཆ་བཤད་ཐུབ་ཀྱི་འདུག་ཟེར་བ་དང་།(རྩོམ་པོ་པོའི་མཆན། ངས་དེ་སྔོན་ཀྲུང་གོའི་རྒྱ་མིས་ཁ་པར་མཐོང་བའི་སྐོར་བཤད་པ་ཐོས་མྱོང་ཡང་བོད་པས་དེ་སྐོར་བཤད་པ་ད་བར་གོ་མ་བྱུང་། འདིར་བླ་མ་ཁོང་ལ་གོ་བ་ནི་ཕལ་ཆེར་མོར་སེ་གློག་བརྡ་ཡིན་ངེས། དེ་ནི་ཐོ་བ་ཆུང་ཆུང་ཞིག་གིས་མཐེབ་གཤོང་སྟེང་བརྡུང་དགོས། 1876ལོར་ཕྱི་གླིང་བ་པེ་འར་གྱིས་ཁ་པར་གཞི་ནས་གསར་དུ་གཏོད། ) ད་དུང་ས་སྣུམ་ལ་བརྟེན་ནས་འོད་འབར་ཐུབ་པའི་ས་བཞུ་བཅས་ལ་ཡ་མཚན་ཆེན་པོ་ཡོད་པ་དང་དེའི་གནས་ལུགས་ཤེས་འདོད་ཆེན་པོ་འདུག

ཉིན་གཉིས་པར་དངུལ་ཆུ་རིན་པོ་ཆེས་ཡང་བསྐྱར་ཨོ་རྒྱན་རྒྱ་མཚོ་འབོད་ནས་རྒྱ་གར་གྱི་སྤྱི་ཚོགས་གནས་སྟངས་དང་སྲིད་གཞུང་སྒྲིག་གཞི། ཚོང་དོན་དང་ཁྲིམས་ལུགས་སྐོར་སོགས་ལ་སྐད་ཆ་མང་པོ་དྲིས་པ་མ་ཟད། ཨོ་རྒྱན་རྒྱ་མཚོས་ལན་བཏབ་པ་ཐམས་ཅད་ཟིན་བྲིས་རྒྱབ་སོང་། དེ་ཉིན་དངུལ་ཆུ་ནས་ཁ་བྲལ་རྗེས་རོང་མཚོ་གྲུ་ཁར་སླེབས། དེར་ཀོ་གྲུ་བསྡད་ནས་གཙང་པོ་བརྒལ། དེ་ནུབ་རྗེ་རོང་ཁ་ཕྱོགས་ཀྱི་དོན་གྲུབ་གླིང་དུ་བསྡད། དེར་ཡང་གནས་ཚར་གཡར་མཁན་མ་འབྱོར་བས་ལུག་ལྷས་ཞིག་ནང་མ་བསྡད་ཀ་མེད་བྱུང་། དེ་ནས་ས་སྐྱ་ཕྱོགས་ལ་འགྲོ་བར་ལམ་གཉིས་འདུག་ལ། གཅིག་ནི་དོན་གྲུབ་གླིང་བརྒྱུད་ནས་ཡིན་པ་དང་། གཅིག་ནི་ལྷ་རྩེ་བརྒྱུད་ནས་རེད་འདུག ཨོ་རྒྱན་རྒྱ་མཚོ་དང་བཅས་ལམ་ཕྱི་མ་དེ་བརྒྱུད་ནས་ཕྱིན། དེ་ནི་ཐག་ཉེ་ཤོས་དེ་ཡིན། ཟླ་8་པའི་ཚེས་10ཉིན་ལྷ་རྩེ་རྫོང་དུ་འབྱོར།