ཤར་སྐལ་ལྡན་རྒྱ་མཚོ་

ཡོང་ཁུངས་Wikipedia

གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་ནི་རབ་བྱུང་བཅུ་བའི་མེ་ལུག་སྤྱི་ལོ༡༦༠༧ལོར་མདོ་སྨད་རེབ་གོང་རྒྱལ་ཐང་ཞེས་བྱ་བའི་ཡུལ་དུ།ཡབ་མཁར་འབུམ་རྒྱལ་དང་ཡུམ་སྙིང་མོ་དཔལ་གཉིས་ཀྱི་སྲས་སུ་འཁྲུངས།དགུང་ལོ་དྲུག་པ་ཆུ་བྱ་ལོར་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྤྱན་སྔར་དགེ་བསྙེན་དང་།དགུང་ལོ་བཅུ་བ་མེ་འབྲུག་ལོར་རབ་ཏུ་བྱུང་སྟེ་མཚན་ལ་སྐལ་ལྡན་ཚོགས་གཉིས་ཞེས་པར་གསོལ།


དགུང་ལོ་བཅུ་གཅིག་པ་མེ་སྦྲུལ་སྤྱི་ལོ༡༦༡༧ལོར་གཅེན་ཆོས་པ་རིན་པོ་ཆེས་ཁྲིད་ནས་དབུས་སུ་ཕེབས།དགའ་ལྡན་དུ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོའི་མདུན་ནས་དགེ་ཚུལ་བསྒྲུབས། མཚན་སྐལ་ལྡན་རྒྱ་མཚོར་གསོལ། དེ་ནས་བྱང་རྩེ་གྲྭ་ཚང་ཐོས་བསམ་གླིང་གི་འཇམ་དབྱངས་ཚུལ་ཁྲིམས་ཆོས་འཕེལ་དང་།གཙང་བ་དཀའ་ཆེན་བློ་གྲོས་རྣམ་རྒྱལ།མཁས་གྲུབ་བསྟན་དར་སོགས་བླ་མར་བསྟེན་ནས་བསྡུས་སྦྱོར་བློ་རྟགས་དང་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་མཛད།དགུང་ལོ་ཉི་ཤུ་བ་མེ་སྟག་སྤྱི་ལོ༡༦༢༦ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས།དེའི་ཕྱི་ལོར་མདོ་སྨད་དུ་ཕེབས་ནས་ཐོག་མར་རོང་བོར་བྱོན།དེ་ནས་དབེན་གནས་བཀྲ་ཤིས་འཁྱིལ་དུ་ཕེབས།སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ།རྒྱལ་སྲས་བློ་བཟང་བསྟན་འཛིན།རྗེ་སྟོང་འཁོར་མདོ་རྒྱུད་རྒྱ་མཚོ་སོགས་མཁས་གྲུབ་སོ་གསུམ་ལྷག་གི་ཞབས་ལ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་ཡས་པ་སྦྱངས།


དགུང་ལོ་ཉེར་བཞི་པ་རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་སྤྱི་ལོ༡༦༣༠ལོར་དགོན་རོང་བོ་ཆོས་སྡེ་ཆེན་པོར་མཚན་ཉིད་ཀྱི་བཤད་གྲྭ་གསར་དུ་བཙུགས་ཏེ་མཚན་ཐོས་བསམ་གླིང་དུ་བཏགས།དགུང་ལོ་ཞེ་གཉིས་པ་ས་བྱི་སྤྱི་ལོ༡༦༤༨ལོར་མདོ་སྨད་སྒྲུབ་སྡེ་ཡོངས་ཀྱི་རྒྱན་དབེན་གནས་བཀྲ་ཤིས་འཁྱིལ་དུ་ཕེབས།ལོ་ངོ་སུམ་ཅུར་སྒྲུབ་སྡེ་དེ་ལ་ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས།དགུང་ལོ་ཞེ་དྲུག་པ་ཆུ་འབྲུག་སྤྱི་ལོ༡༦༥༢ལོར་རྒྱལ་དབང་ལྔ་བ་ཆེན་པོ་རྒྱ་ནག་ཏུ་སྤྱན་དྲངས་ཏེ་མཚོ་སྔོན་པོའི་ཡུལ་ལ་ཕེབས་ཚེ།རྗེ་འདི་ཉིད་ཡབ་སྲས་གྲྭ་སློབ་བཅས་ལྔ་བ་ཆེན་པོ་མཇལ་ཞིང་བཀའ་ཆོས་ཞུས།སྤྱིར་དགུང་ལོ་ཉེར་གཅིག་ནས་རེ་གསུམ་བར།དུས་སྔ་ཕྱི་ངེས་མེད་དུ་ཡུལ་མཛོད་དགེ་གླིང་དོའུའི་མན་ཆད།སྐུ་འབུམ་དགོན་ལུང་ཡན་ཆད་ཀྱི་ས་རོང་འབྲོག་དགོན་གྲོང་ཀུན་ལ་ཞབས་ཀྱིས་བཅགས།སྐལ་ལྡན་བུ་སློབ་ལ་ཁྲིད་དབང་ལུང་མན་ངག་གི་ཆོས་ཆར་རྟག་པར་ཕབ།ཚེ་གང་བོར་ཐུགས་བརྩེ་གཅིག་གིས་སྒྲུབ་པ་ལ་གཞོལ་ཏེ།རི་ཏན་ཏིག གནམ་རྫོང་།ཤར་གཉའ་གོང་ བྲག་དཀར།རྒྱ་མོ་གཤག་རལ།སྟག་ཚང་ལྷ་མོ་ལ་སོགས་པའི་དབེན་གནས་ཉམས་དགའ་བར་གནས་ཤིང་།དགུང་ལོ་རེ་བཞི་ནས་ལོ་བདུན་གྱི་རིང་སྐུ་མཚམས་དང་ཐུན་བཞིའི་རྣལ་འབྱོར་ཆད་མེད་དུ་བསྒྲུབས།དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་སྤྱི་ལོ༡༦༧༧ལོར་སྐུ་གཤེགས་སོ།།


རྗེ་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་གྱི་མཚན་ལ་ཤར་ཚང་ཞེས་ཐོགས་དོན་ནི་འདི་ལྟར།རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་སྤྱི་ལོ༡༦༣༠ལོར་ཡབ་རྗེ་སྐལ་ལྡན་རྒྱ་མཚོས་རོང་བོ་གྲྭ་ཚང་ཕྱག་འདེབས་གནང་།སྐབས་དེར་དགོན་པའི་རྒྱབ་ངོས་ཏེ་གྲྭ་ཚང་ལས་ཅུང་དབེན་ཙམ་ན་སྒོམ་ཁང་ཤར་ལྟ་གྱན་གཅིག་མ་ཞིག་བཞེངས་པ་ལ་སྐུ་འབུམ་ཤར་གྱི་གཟིམ་ཆུང་འཇམ་མགོན་ཕོ་བྲང་ཟེར།ཚུལ་དེ་ལ་བརྟེན་ནས་གསུང་རབ་འགའི་གཤམ་དུའང་རོང་བོ་ཤར་གྱི་གཟིམ་ཆུང་འཇམ་མགོན་ཕོ་བྲང་ཞེས་པ་བྱུང་ཞིང་།གདུལ་བྱ་རྣམས་ལ་ཡང་ཤར་སྐལ་ལྡན་རྒྱ་མཚོ་ཞེས་པའི་མཚན་གྲགས་བྱུང་ཡང་ཁྱབ་དེ་འདྲ་མི་ཆེ།རྗེས་སོར་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོ་དགུང་ལོ་ཉེར་ལྔའི་སྟེང་དབུས་ནས་ཕྱིར་ཕེབས་སྐབས།གོང་ས་རྒྱལ་དབང་དྲུག་པ་ཆེན་པོས།དགའ་ལྡན་ཨ་ཆི་ཐུ་ཨེརྔྷེ་ནི་ནོ་མིན་ཧན་ངག་དབང་འཕྲིན་ལས་རྒྱ་མཚོའི་མཇའ་ས།ཞེས་པའི་ཆོ་ལོའི་ཐམ་ག་གྲུ་བཞི་མ་དང་།རོང་བོ་ཤར་བླ་བྲང་གི་ཐམ་ག་ཞེས་པའི་གསེར་ཐམ་སྒོར་མོ་སོགས་གནང་ཕྱིན་ཆད་སྐུ་ཕྲེང་ན་རིམ་ལ་རོང་བོ་ཤར་དང་།བླ་བྲང་སྒེར་མིང་ལ་ཤར་བླ་བྲང་ཞེས་གཏན་ཆགས་ཡོངས་ཁྱབ་ཏུ་གྱུར་ཏེ་ཐམ་ག་གཉིས་ཀའང་ད་ལྟ་ཉར་ཡོད།སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ལ་གནམ་སྐྱོང་ཁྲི་ལོ་སོ་གཉིས་པའི་དུས་སུ་གནང་བའི་ལས་ཐམ་དུ།རོང་བོ་ཧོ་ཐོག་ཐུ་པཎྚི་ཞེས་པ་ཞིག་དང་།རོང་བོ་ཤར་དགེ་འདུན་འཕྲིན་ལས་རབ་རྒྱས་ཞེས་པའི་སེང་ཐམ་གཉིས་བྱུང་།སྐུ་ཕྲེང་བཞི་བ་བློ་བཟང་ཆོས་གྲགས་རྒྱ་མཚོས་བླ་བྲང་རྒྱ་བསྐྱེད་དེ་བཞེངས་པ་ནས་བཟུང་།ཤར་ཚང་ཞེས་པའི་མཚན་ལྷག་པར་དུ་ཡོངས་གྲགས་སུ་གྱུར།


དེ་ཡང་ཤར་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཙམ་བགྲངས་ན།སྐུ་ཕྲེང་དང་པོ་གྲུབ་དབང་སྐལ་ལྡན་རྒྱ་མཚོ།སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོ།སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས།སྐུ་ཕྲེང་བཞི་བ་བློ་བཟང་ཆོས་གྲགས་རྒྱ་མཚོ།སྐུ་ཕྲེང་ལྔ་བ་བློ་བཟང་འཕྲིན་ལས་རྒྱ་མཚོ།སྐུ་ཕྲེང་དྲུག་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན།སྐུ་ཕྲེང་བདུན་པ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ།སྐུ་ཕྲེང་བརྒྱད་པ་བསྟན་འཛིན་འཇིགས་མེད་སྐལ་ལྡན་བཅས་སོ།།


སྒྲུབ་པའི་ཤིང་རྟ་བ་ཆེན་པོ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་ཁོང་གི་བརྩམས་ཆོས་ཀྱི་སྐོར་ལ་《འདུལ་བའི་བསླབ་བྱ་བསྟན་པའི་མཛེས་རྒྱན》དང་།《བྱང་སེམས་བསླབ་བྱ་རྒྱལ་སྲས་མཛེས་རྒྱན༽》《སྔགས་ཀྱི་བསླབ་བྱ་རིག་འཛིན་མཛེས་རྒྱན》《ཨ་མདོར་བསྟན་པ་དར་ཚུལ་གྱི་ལོ་རྒྱུས》《ཕྱག་ཆེན་ཁྲིད་ཡིག》《ལམ་རིམ་གསོལ་འདེབས》《བློ་སྦྱོང་ཡིད་ཀྱི་མུན་སེལ》《ནཱ་རོ་ཆོས་དྲུག་གི་ཁྲིད༽》《སྔགས་བཀླགས་ཐབས》བཅས་ཆོས་ཚན་ལྔ་བཅུ་ང་བདུན་དུ་བཞུགས།