ཤར་རྒྱལ་མོ་ཚ་བ་རོང་ཞེས་པའི་མིང་གི་འབྱུང་ཁུངས

ཡོང་ཁུངས་Wikipedia

ཤར་རྒྱལ་མོ་ཚ་བ་རོང་ཞེས་པའི་མིང་ཚིག་སྡུད་བྱས་ཏེ་རྒྱལ་རོང་ཞེས་འབོད་པའི་རོང་ཁུལ་དེ་ནི་བོད་གངས་ཅན་གྱི་རོང་ཆེན་བཞིའི་ཡ་གྱལ་ཞིག་སྟེ་<<བོད་ཀྱི་ལོ་རྒྱུས་ཀུན་དགའ་མེ་ལོང་།>>ལས། ཤར་རྒྱལ་མོ་རོང་། ལྷོ་ཚ་བ་རོང་། ནུབ་ཀོང་པོ་རོང་། བྱང་ཨ་སྟག་རོང་བཞི་ལ་བོད་གངས་ཅན་གྱི་རོང་ཆེན་བཞི་ཟེར། ཞེས་གསུངས་སོ།། ས་ཆ་དེར་ཤར་རྒྱལ་མོ་ཚ་བ་རོང་ཞེས་པའི་མིང་ཐོགས་དོན་ནི། བོད་ཀྱི་ཤར་ཕྱོགས་ཡིན་པས་ཤར། ལྷ་ཆེན་རྒྱལ་མོ་དམུ་རྡོའི་རི་རྒྱུད་ཡོད་པས་རྒྱལ་མོ། བོད་ཁུལ་གྱི་ཚ་བ་ཅུང་ཆེ་བའི་ས་ཆ་ཡིན་པས་ཚ་བ། གྲོ་ནས་སྲན་གསུམ་སོགས་འབྲུ་རིགས་སྣ་ལྔ་ཐོན་པའི་ས་ཆ་ཡིན་པས་རོང་ཞེས་གྲགས་པ་ཡིན་ཏེ་<<ལྷ་ཆེན་རྒྱལ་མོ་དམུ་རྡོའི་མཆོད་བསྟོད་>>ལས། ཁྱད་པར་ངོ་མཚར་རྨད་བྱུང་བའི།། ཡུལ་ནི་རྒྱལ་མོ་རོང་གི་དབུས།། དམུ་རྡོ་རི་བོ་མཆོག་རབ་ལ།། རི་བོ་དྲུག་ཅུ་རྩ་གཉིས་བསྐོར།། ཆུ་བཞིར་འདུས་པའི་དབུས་སུ་འགྱིང་།། སྒྲུབ་གནས་བརྒྱ་དང་རྩ་བརྒྱད་ཡོད།། ཅེས་དང་། མཆོད་བསྟོད་དེའི་བར་མཆན་ལས། རྒྱལ་མོ་རོང་ཞེས་པའི་མིང་གི་འབྱུང་ཁུངས་ནི། ཡུལ་དེར་ལྷ་མོ་གྲུབ་པའི་རྒྱལ་མོའི་གནས་རི་སྟེ་གཞི་བདག་དམུ་རྡོ་ཞེས་པའི་གནས་ཡུལ་ཡིན་པས་དེ་ལྟར་ཐོགས་ཞེས་འཁོད་ཡོད། ཕྱོགས་འདིའི་ཉིན་སྲིབ་ཀྱི་ཆུ་རྣམས་ཆུ་ཆེན་དུ་འདྲེས་ནས་ལྕགས་ཟམ་ཁར་འགྲོ ཆུ་དེའི་མིང་ལ་རྒྱལ་མོ་རྔུལ་ཆུ་ཟེར། རྒྱལ་མོ་དམུ་རྡོའི་ལྷ་ཆེན་དེ་ཉིད་སེམས་ཅན་གྱི་དོན་དུ་ཕེབས་བཞུད་གནང་བས་སྐུ་ངལ་ཏེ་རྔུལ་བའི་ཆུ་ཡིན་པ་གྲགས་སོ།། དེ་ཡང་ཨ་མྱེ་སྒོ་གདོང་གི་དུས་སུ་ཚ་ཁོག་ཅེས་དང་།མོ་བཟའ་རྒྱལ་མོས་དབང་བསྒྱུར་བའི་དུས་ལ་རྒྱལ་མོ་ཚ་བ་རོང་།རྒྱལ་ཁག་བཅོ་བརྒྱད་དར་བའི་དུས་ལ་རྒྱལ་རོང་ཞེས་ཡོངས་སུ་གྲགས་པ་ཡིན་ནམ་སྙམ་མོ།།

ཤར་རྒྱལ་མོ་ཚ་བ་རོང་གི་ས་དབྱིབས་ཆགས་ཚུལ་ནི། རོང་ཁུལ་ས་རྒྱ་ཆུང་རུང་།། ལུང་བར་ཁང་བརྩེགས་མང་ས།། རི་རྩེ་ཁ་བས་གཡོགས་རུང་།། རི་རྟིང་དྲོད་ཀྱིས་འཛིན་ས།། ལུང་ཆེན་གཏིང་ལ་ཟབ་རུང་།། ནེའུ་གསིང་སྐྱེད་ཚལ་རྒྱས་ས།། ཆབ་དང་ཆུ་བོ་རྒོད་རུང་།། འབྲུ་སྣ་ལོ་ཏོག་མོད་ས།། ཞེས་པ་ལྟར་གྱི་ཡུལ་ལྗོངས་ཀྱི་བཀོད་པ་ཁྱད་པར་ཅན་གྱི་ས་ཁུལ་ཞིག་སྟེ། སྒྲུང་ཆེན་བསམ་གྲུབ་ཀྱིས་བཤད་པའི་<<གེ་སར་སྒྲུང་། ཤར་རྒྱལ་མོ་ཚ་བ་རོང་གི་འབྲས་རྫོང་>>ལས། ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ།། རོང་ལུང་ཆེན་གསེར་གཞུང་ཡངས་པ་ལ།། ཆབ་ཆུ་བོ་རྒྱལ་མོ་རྔུལ་ཆུ་འབབ།། མ་སྲིད་པ་རྒྱལ་མོ་རྔུལ་ཆུ་རེད།། རྟ་འདོ་བས་རབ་སོ་གཅོད་ལམ་མེད།། མཐོ་བྲག་རི་གཟར་ལ་རྫ་འགག་དོག། འགག་དོག་གསུམ་མིད་པའི་འཕྲང་དང་འདྲ།། རི་རི་རྩེ་དབུ་གཏུག་གནང་བ་འདྲ།། རི་རི་སྐེད་དཔུང་བ་གཤིབ་པ་འདྲ།། ཉིན་ཉིན་རྡོ་སྲིབས་ལ་འགྲིལ་ནི་ཡིན།། སྲིབས་སྲིབས་རྡོ་ཉིན་ལ་འགྲིལ་ནི་ཡིན།། ས་རོང་ཆེན་གཟར་མོའི་སྐྱ་བར་ན།། རྡོ་ཨ་དཀར་རྩེད་མོ་རྩེད་རྩེད་རེད།། དབུས་དམུ་རྡོ་རི་བོ་མཆོག་རབ་ལ།།མཐུ་ཆེན་པོ་སྐུ་བླ་རྣམ་གསུམ་དང་།། བཀའ་གཉན་པོ་གཉན་ཆེན་སྡེ་བཞི་སོགས།། འཁོར་རི་བོ་དྲུག་ཅུ་རྩ་གཉིས་བསྐོར།། ཕྱི་དཀྱིལ་འཁོར་རེའུ་མིག་བཀྲམས་པའི་དབུས།། ཤེལ་བུམ་པ་གདན་ལ་བཀོད་པ་འདྲ།། རྩེ་གནས་ཆེན་བཞི་ལ་ལས་བཞིའི་དབྱིབས།། སྒྲུབ་གནས་ཕྲན་བརྒྱ་དང་གནས་ལག་བཅུ།། སྐེད་བྲག་དང་ནགས་རི་སྦྲགས་མ་ན།། མཆོག་ཡི་དམ་བཞི་ཡི་ཕོ་བྲང་ཡོད།། ཤོད་ལུང་ཆེན་ལྕགས་སྒྲོག་དཔྱངས་འདྲ་ལ།། ཤར་རྒྱལ་རོང་ལུང་ཆེན་བཅོ་བརྒྱད་ཆགས།། ཞེས་བྱུང་བ་ལྟར་དོན་ལ་གནས་སོ།། གཞན་ཡང་རྒྱལ་རོང་གནས་འགོ་དགོན་གྱི་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱིས་བཤད་པ་ལྟར་ན།རོང་བྲག་གི་ས་ཆ་ནི་རྨ་བྱ་དགུ་ཡི་ཁ་རྒྱལ་མོ་དམུ་རྡོའི་མདུན་རོང་བྲག་རྫོང་དུ་གཏད་པའི་ས་དབྱིབས་ཤིག་ཡིན།ས་དབྱིབས་རྨ་བྱ་དགུ་འདུས་ཀྱི་གཤོག་པའི་སྟེང་ནས་རི་ཕྲན་དྲུག་ཅུས་མཐའ་ནས་བསྐོར་ཡོད་པའི་རྟེན་འབྲེལ་འགྲིག་པས་ཡུལ་འདི་ནི་སྔོན་བུད་མེད་ཀྱི་རྒྱལ་ཁམས་ཤིག་ཡིན་པ་དང་བུད་མེད་རྣམས་མཛངས་མའི་ཡོན་ཏན་ཚང་ཞིང་སྐྱེས་པ་རྣམས་ས་མཐར་སོང་ཚེ་ཁ་དགེ་བཀྲ་ཤིས་ཤིང་ཡོན་ཏན་ཅན་དུ་བྱུང་བ་ཡིན་ནོ་ཞེས་གསུངས་པ་དེ་ཡང་རྒྱུ་མཚན་དང་ལྡན་པ་ཞིག་རེད་སྙམ།།