ལྷོ་ཡི་འཛམ་བུའི་ཀླུ་རི།

ཡོང་ཁུངས་Wikipedia

གསའ་ཕུའི་མགོན་ལྷ་དཀར་པོ་ནི་མདོ་ཁམས་ནགས་ཤོད་འབྲི་རུའི་ལྷོ་ངོས་སུ་གནས། སྔ་མོའི་དུས་སུ་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཕྱི་མའི་ཆར་གཏོགས་པ་ནགས་ཤོད་སུམ་པའི་རུ་ལག་ཅེས་དང༌། རུ་ཆེན་ལྔ་པ་སུམ་པའི་རུ་སྡེ་ལ་སྟོང་སྡེ་བཅུ་གཅིག་དབྱེ་བའི་ནང་ཚན་ནགས་ཤོད་སྟོང་བུ་ཆུང་ཞེས་པ་དེ་ཡིན བཙན་པོ་སྲོང་བཙན་སྐབས་སུ་བོད་ཡུལ་རུ་ཆེན་ལྔར་དབྱེ་བའི་ཡན་ལག་གི་རུ་སུམ་པའི་ལྟེ་བ། ཆོལ་ཁ་གསུམ་དུ་དབྱེ་བའི་མདོ་སྟོད་མི་ཡི་ཆོལ་ཁ་དང༌། དེ་ལ་ཆུ་བཞི་སྒང་དྲུག་གི་ནང་ཚན་དངུལ་རྫ་ཟལ་མོ་སྒང་གི་ཆར་ནགས་ཤོད་ཚོ་དགུའི་ནང་ཚན་བུ་རྫུམ་ཚོ་པའི་ཁོངས་སུ་གཏོགས། སྔར་འཆི་མེད་དྲན་པ་རྒྱལ་བ་ཡབ་སྲས་གསུམ་གཙོས་གྲུབ་རིགས་དུ་མས་བྱིན་གྱིས་བརླབས་པའི་གནས་གསའ་མདའ་མཎྜལ་སྟེང་ཞེས་ས་བབས་འབུར་ལངས་སུ་ཡོད་པ། མིང་གཞན་རྩི་ཐོག་སྟེང ་ཟེར་བའི་ས་ཡི་ཐིག་ལེར་གཡུང་དྲུང་བོན་གྱི་གྲུབ་མཐའ་འཛིན་པ།དོན་གྱི་མཚན་ནི་མི་གཡོ་བསམ་གཏན་གླིང་དང༌། མཚན་ཡོངས་སུ་གྲགས་པ་ས་མིང་དང་གྲུབ་མཐའ་མཉམ་དུ་བསྡུས་ནས་གསའ་མདའ་བོན་དགོན་ཞེས་པ་འདི་ཆགས་ཡོད། འདིའི་ཕུ་རུ་གསའ་ཕུའི་མགོན་ལྷ་དཀར་པོ་དང་གསའ་མཚོ་ཁྲ་རིང་ཞེས་རི་མཚོ་གཉིས་ལས་རི་ནི་ལྷོ་ཡི་འཛམ་བུའི་ཀླུ་རི་འམ།གསའ་ཕུའི་མགོན་ལྷ་དཀར་པོ་ནི་ག་བུར་རྡུལ་བརྩེགས་ཀྱི་ལྷུན་པོ་ཟླ་བ་གཞོན་ནུའི་འཛུམ་གྱིས་བྱུག་པ་ལྟ་བུ༌། སྟོང་ཁུན་རྒྱ་ཡིས་ལྷོ་ནུབ་གངས་དཀར་རི་བོ། བྱང་ཕྱོགས་ཧོར་གྱིས་ལྷོ་ཡི་འཛམ་བུའི་ཀླུ་རི། ཞང་ཞུང་བོན་གྱིས་ དྲུང་གེར་མགོན་ལྷ་དཀར་པོ་ཞེས་གྲགས་པ་གངས་དཀར་གྱི་ལྷུན་པོ་མཛེས་ཉམས་ཆེ་ལ་ཕྱོགས་གང་ནས་བལྟས་ཀྱང་བརྗིད་ཆགས་ཤིང་མངོན་པར་འཕགས་པ་ཡོད། མཚོ་ནི་གསའ་མཚོ་ཁྲ་རིང་ཞེས་དངུལ་དཀར་གྱི་མེ་ལོང་གཡའ་དག་པའི་ངོགས་སུ་ནམ་མཁའི་བུ་མོའི་བྱད་བཞིན་མངོན་པར་གསལ་ཞིང༌། དྭངས་བསིལ་ཡན་ལག་བརྒྱད་ལྡན་ལྷ་ཡི་རྫིང་བུ་ས་ལ་འཁྱིལ་བ་ལྟ་བུ། གཡས་སུ་རྒོད་ཀྱི་དར་རྒྱས་བཅུ་གསུམ༌། གཡོན་དུ་ཡ་གོང་གི་དྲག་རྩལ་བཅུ་གསུམ། མདུན་དུ་མོ་ནམ་སྨུག་མོ་མཆེད་བརྒྱད་བཅས་རྗེ་ལ་འབངས་གྱིས་སྐོར་བའི་ཚུལ་དུ་གནས། ནང་ལྟར་ན་དག་པ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ཀུན་ཏུ་བཟང་པོ་གཤེན་ལྷ་འོད་དཀར་གྱིས་བྱིན་གྱིས་བརླབས་པ། འཆི་མེད་དྲན་པ་ཡབ་སྲས་གསུམ་གྱིས་མ་འོངས་བསྟན་འགྲོའི་དོན་དུ་གསང་བའི་ཟབ་གཏེར་དུ་མ་སྦས་པའི་རིན་པོ་ཆེའི་གཏེར་མཛོད་ཡིན་པའི་བདེན་རྟགས་སུ་སྒྲུབ་ཕུགས་བཀའ་རྟགས་བརྡ་ཡིག་རང་བྱོན་མངོན་པ།སྐལ་ལྡན་སྐྱེས་བུ་རྣམས་ཀྱིས་བསྒོམ་ན་ཉམས་རྟོགས་འབར་བ་བསྒྲུབ་ན་གྲུབ་རྟགས་མྱུར་བ་བཅས་སོ།། ངོ་སྤྲོད་མདོར་བསྡུས་སུ་འབྲི་རུ་སྐལ་བཟང་རྒྱལ་མཚན་གྱིས།།