ལྷག་བཅས་

ཡོང་ཁུངས་Wikipedia

སྟེ་ཏེ་དེ་ལ་ནས་རྣམས་ནི་ལྷག་བཅས་ལ་འཇུག་སྟེ། མིག་ཚིག་གང་མཐར་སྦྱར་ཡང་ཚིག་དོན་སྔ་མ་མ་རྫོགས་པར་སླར་ཡང་ཚིག་ལྷག་མ་ཡོད་པར་སྟོན་པ་ལ་འཇུག་པ། དེ་དག་མིང་མཐའ་གང་ལ་སྦྱོར་བ་ནི། ད་དེ་ན་ར་ལ་ས་དང་། ད་དྲག་ཅན་མཐར་ཏེ་རྐྱང་ཐོབ། ག་ང་བ་མ་འ་རྣམས་དང་། མཐའ་རྟེན་མེད་མཐར་ས་སྟེ་ཐོབ། ལ་དང་ནས་ནི་རང་དབང་ཅན། ཞེས་པ་ལྟར། རྗེས་འཇུག་ད་མཐར་དེ་དང་། ན་ར་ལ་ས་ད་དྲག་ཅན་རྣམས་ཀྱི་མཐར་ཏེ་རྐྱང་དང་། ག་ང་བ་མ་འ་རྣམས་དང་། མཐའ་རྟེན་མེད་པ་དག་གི་རྗེས་སུ་སྟེ་ཐོབ་ལ། ལ་དང་ནས་གཉིས་རྗེས་འཇུག་ལ་མི་ལྟོས་པའི་ཕྲད་རང་དབང་ཅན་ཡིན་ནོ། དཔེར་ན། གཞག་སྟེ། བྱུང་སྟེ། ལམ་སྟེ། དགའ་སྟེ། བྱ་སྟེ། མདུན་དུ་སྟེ། ཡིན་ཏེ། འགྱུར་ཏེ། གསལ་ཏེ། བསྟེནད་ཏེ། གྱུརད་ཏེ། བསལ་ཏེ། བྱས་ཏེ། བསྒྲུབས་ཏེ། ཡོད་དེ། བཤད་དེ། བྱས་ལ། ཡིན་ལ། བྱས་ནས། བརྗོད་ནས་སོགས་སོ། ལྷག་བཅས་ཀྱི་གོང་གི་དུས་ཀྱི་དབྱེ་བ་ཡོད་པའི་ཚིག་རྣམས་ལ་འདས་པ་ཁོ་ན་འོངས་ཏེ། དཔེར་ན། གད་བདར་བྱས་ནས་གདན་འདིང་། ལྷ་བུའོ།

དེ་ཡང་ལྷག་བཅས་ལ། མཚམས་སྦྱོར་བའི་ལྷག་བཅས་དང་། དམ་བཅའ་བའི་ལྷག་བཅས་དང་། གཞན་འདྲེན་པའི་ལྷག་བཅས་དང་། གསུམ་ཡོད། དང་པོ་ནི་ཚིག་སྔ་ཕྱི་མཚམས་སྦྱོར་བྱེད་དང་། ལྷག་བཅས་གཉིས་ཀ་ཡིན་སྟབས། མཚམས་སྦྱོར་བའི་ལྷག་བཅས་ཟེར། དེ་ལ་རིམ་ཅན་དུ་མཚམས་སྦྱོར་བ་དང་། ཅིག་ཅར་དུ་མཚམས་སྦྱོར་བ་གཉིས་ལས། དང་བོ་ནི་དཔེར་ན། ལག་པ་བརྐྱངས་ཏེ་བཟུང། ཕྱག་འཚལ་ཏེ་བཤད། མདའ་འཕངས་ཏེ་ཕོག། ལག་པ་བརྙལ་ལ་ཟས་ཟ། ལག་པ་བརྐྱངས་ནས་བཟུང་། ཕྱག་འཚལ་ནས་བཤད། མདའ་འཕངས་ནས་ཕོག། ལྟ་བུ། གཉིས་པ་ནི། དཔེར་ན། གཤོག་པ་བརྐྱངས་ཏེ་འཕུར། འུར་སྒྲ་དང་བཅས་ཏེ་སོང་། མིག་བགྲད་དེ་བལྟས། ལྟ་བུ། མདའ་འཕངས་ཏེ་ཕོག་ལྟ་བུ། མདའ་འཕངས་བའི་རྗེས་སུ་ཕོག་དགོས་སྟབས་འཕངས་པ་ཕོག་པ་རིམ་ཅན་ཡིན་པས་ཏེ་སྒྲ་དེ་ལ་རིམ་ཅན་དུ་མཚམས་སྦྱོར་བའི་ལྷག་བཅས་ཟེར་ལ། གཤོག་པ་བརྐྱངས་ཏེ་འཕུར་ལྟ་བུ་གཤོག་པ་བརྐྱངས་པ་དང་འཕུར་བ་དུས་མཉམ་ཡིན་སྟབས་ཏེ་སྒྲ་དེ་ཅིག་ཆར་དུ་མཚམས་སྦྱོར་བའི་ལྷག་བཅས་ཡིན་ཟེར་རོ།

གཉིས་པ་དམ་བཅའ་བའི་ལྷག་བཅས་ནི། ཚིག་དེ་དམ་བཅའ་བ་དེའི་གསལ་བྱེད་དམ་སྒྲུབ་བྱེད་འདྲེན་པའི་ལྷག་བཅས་ཡིན། དེ་ལ་རྒྱུ་མཚན་འདྲེན་པ་དང་། ངེས་ཚིག་འདྲེན་པ། རྣམ་གྲངས་ཀྱི་དབྱེ་བ་འདྲེན་པ་གསུམ་ཡོད། དང་བོ་ནི་དཔེར་ན། མི་རྟག་སྟེ། བྱས་པའི་ཕྱིར་ལྟ་བུ། མི་རྟག་པ་ཡིན་པར་དམ་བཅས་ནས། དེའི་རྒྱུ་མཚན་དུ་བྱས་པ་ནི་སྟེ་སྒྲས་འདྲེན་པ་འོ། གཉིས་པ་ནི་དཔེར་ན། འདི་ལ་གསར་བྱུང་ཞེས་བྱ་སྟེ། གསར་དུ་བྱུང་བའི་དངོས་པོ་ཡིན་པས་སོ། ལྟ་བུ་སྟེ་གསར་བྱུང་གི་ངེས་ཚིག་གམ་སྒྲ་དོན་ནམ་སྒྲ་བཤད་འདྲེན་པའོ། གསུམ་པ་ནི་དཔེར་ན། དབང་བོ་ནི་ལྔ་སྟེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་བོ་རྣམས་སོ་ལྟ་བུ། དེ་གསུམ་ནི་མི་རྟག་པར་དམ་བཅས་པ་དང་། གསར་བྱུང་ཟེར་བར་དམ་བཅས་པ་དང་། དབང་བོ་ལྔ་ཡོད་པར་དམ་བཅས་པའི་རྒྱུ་མཚན་གྱིས་བར་གྱི་ལྷག་བཅས་རྣམས་ལ་དམ་བཅའ་བའི་ལྷག་བཅས་ཟེར་རོ།

གསུམ་པ་གཞན་འདྲེན་པའི་ལྷག་བཅས་ནི། དཔེར་ན་། འདི་ནི་ར་གན་ཏེ། འདི་ནི་གསེར་རོ། འདི་ནི་ཞ་ཉེ་སྟེ། འདི་ནི་དངུལ་ཡིན་ནོ། ལྟ་བུའོ། སྡུད་པ།་བསྣན་པ། བསྐྱུར་བ། ལྷག་བཅས་རྣམས་ཀྱི་ཁྱད་པར་ནི། བསྐྱར་བ་དོན་སྔ་མ་ཉིད་ཡང་བསྐྱར་བལྡབས་པ་ཙམ་ཡིན་ལ། བསྣན་པ་ནི། དོན་སྔ་མ་ཉིད་བལྡབས་པ་མ་ཡིན་པར་སྔ་མའི་སྟེང་དུ་གཞན་ཞིག་བསྣམ་པ་ཡིན། སྡུད་པ་ནི་དོན་སྔ་མ་བལྡབས་པ་དང་དོན་སྔ་མའི་སྟེང་དུ་གཞན་ཞིག་བསྣན་པ་མ་ཡིན་ལ། བྱ་བ་དང་བྱེད་པ་དང་དགག་པ་དང་སྒྲུབ་པ་ལ་སོགས་པའི་ཁྱད་པར་རྣམས་དོན་སྔ་ཕྱིར་སྦྱོར་བ་སྡུད་པར་བྱེད་པ་ཡིན་ལ། དེ་ཡང་དོན་གྱི་གཞི་སྔ་མར་གང་སྦྱར་བའི་བྱ་བ་སོགས་པའི་ཁྱད་པར་དེ་དག་ཕྱི་མ་ཡང་ངེས་ཅན་དུ་སྦྱོར་བར་སྟོན་ཏེ། དཔེར་ན་བོད་མིས་འཛུགས་སྐྲུན་བྱེད་དེ། སོག་པོར་ཀྱང་འཛུགས་སྐྲུན་བྱེད་དོ། ཞེས་པ་ལྟ་བུའི་ཁྱད་པར་འཛུགས་སྐྲུན་བྱེད་པ་གཞི་གཉིས་ཀ་ལ་སྦྱར་ནས་གཉིས་ཀའམ་གང་རུང་ལ་སྡུད་ཚིག་སྦྱར་རུང་གི་བོད་མིས་འཛུགས་སྐྲུན་བྱེད་དོ། སོག་པོར་ཕྱུགས་འཚོའོ། ལྟ་བུ་འཛུགས་སྐྲུན་བྱེད་པ་དང་། ཕྱུགས་འཚོ་བ་ཁྱད་པར་མི་མཐུན་པས། གཞི་མི་མཐུན་པ་ལ་སྡུད་ཚིག་སྦྱར་མི་རུང་ངོ་། ལྷག་བཅས་ནི་ཁྱད་པར་གཅིག་ལྟ་བུ་གཞི་ཐ་དད་དུ་མ་ལ་སྦྱོར་བའི་ངེས་བཟུང་མི་དགོས་པར། དོན་སྔ་མ་མ་རྫོགས་པར་ལྷག་མ་ཡོད་པ་ཙམ་སྟོན་པའོ།