ལྷ་སྲིན་

ཡོང་ཁུངས་Wikipedia

ལྷ་ཞེས་པ་ནི། དེ་བ་ཞེས་བརྩེ་བའམ་བདེ་བ་ལ་འཇུག་ཅིང༌། འདིར་བདེ་བར་རོལ་བས་ན་ལྷ་ཞེས་བརྗོད་པ་ཡིན། ཆོས་ལ་དགའ་ཞིང་ལོངས་སྤྱོད་རང་འདོད་ལྟར་ལྡན་པའི་བསོད་ནམས་ཆེ་བའི་མི་མ་ཡིན་གྱི་རིགས་ཤིག་ཡིན་ལ། ལྷ་ཞེས་པའི་མིང་འདི་འཇུག་ཚུལ་ཀྱང༌། འཇིག་རྟེན་གྱི་ལྷ་ནི་རྒྱལ་པོ་དང༌། རྒྱལ་ཆེན་རིས་བཞི་བ་སོགས་ནི་སྐྱེ་བོའི་ལྷ་དང༌། འཕགས་པའི་གང་ཟག་ནི་རྣམ་པར་དག་པའི་ལྷ་ཡིན་པར་འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས་གསུངས།

ལྷ་མིན་[རྩོམ་སྒྲིག]

ལྷ་མིན་ནི་དཔལ་འབྱོར་ལོངས་སྤྱོད་ལྷ་རྣམས་ལ་འགྲན་པ་ཙམ་ཡོད་ཀྱང༌། སྔོན་མི་དགེ་ཕྲག་དོག་དང་འཐབ་རྩོད་ལ་གོམས་ཤིང༌། ལས་དེས་འཕངས་པས་ལུས་རྟེན་དེ་བཟུང་བ་ཙམ་ནས་ཕྲག་དོག་གི་འདུ་ཤེས་རགས་པ་དང༌། རང་གི་གནས་ནའང་གནས་དང་སྡེ་རིས་རྩོད་ཅིང༌། ལྷ་རྣམས་དང་མི་མཐུན་པས་འཐབ་རྩོད་ཁོ་ནས་དུས་འདའ་བ་ཞིག་ཡིན། མཛོད་ལས། ལྷ་མིན་ནི་རི་རབ་ཀྱི་ཆུ་མཚམས་མན་ཆད་ཀྱི་ཁོང་གསེང་ན་གནས་པར་གསུངས།

ལྟོ་འཕྱེ་ཆེན་པོ།[རྩོམ་སྒྲིག]

ལྟོ་འཕྱེ་ཆེན་པོ་ནི། མཧོརག་ཅེས་ས་བདག་གདོན་ཆེན་ཞིག་གི་མིང་དུ་བཤད་ལ། ལྟོ་བས་འགྲོ་བ་སྟེ་ཀླུ་དང་སྦྲུལ་ལྟ་བུ་ཞིག་ཡིན། མཁའ་ལྡིང་ནི། གརུཌཿཁྱུང་སྟེ་ཡོངས་གྲགས་སུ་བྱ་ཁྱུང་ཞེས་འབོད་པ་དེ་ཡིན། འདབ་ཆགས་བྱ་ཡི་རྒྱལ་པོ་ཁྱུང་ཟེར་བ་རྒྱ་གར་ལྷོ་ཕྱོགས་ཤིང་ཤལ་མ་ལིའི་ནགས་ཚལ་ན་ཡོད་པ་དང༌། ཟས་སུ་ཀླུ་དང་སྦྲུལ་ཟ་བ་ཞིག་ཡིན་པར་གསུངས།

མི་འམ་ཅི།[རྩོམ་སྒྲིག]

མི་འམ་ཅི་ནི། མིའི་ལུས་ལ་མགོ་བརྙན་སྣ་ཚོགས་ཏེ་སྟག་མགོ་ཅན་དང་རྟ་མགོ་ཅན། དོམ་མགོ་ཅན་སོགས་ཀྱི་གཟུགས་བྱད་ལ་བལྟས་ནས་འདི་ནི་མི་ཡིན་ནམ། ཡང་ན་ཅི་ཞིག་ཡིན་ཞེས་ཐེ་ཚོམ་གྱི་སྒོ་ནས་བཏགས་པ་ཞིག་ཡིན།

ཀླུ[རྩོམ་སྒྲིག]

ཀླུ་ནི། རྒྱ་མཚོར་གནས་ཤིང་ཁོག་སྟོད་མི་ཡིན་ལ་ཁོག་སྨད་སྦྲུལ་གྱི་མཇུག་མ་ཅན། མགོ་ལ་སྦྲུལ་གྱི་གདེངས་ཀ་དང་ནོར་བུས་བརྒྱན་པ། དར་དང་རིན་ཆེན་གྱི་རིགས་སྣ་ཚོགས་ལྡན་ལ། དབྱེ་ན་ཀླུའི་རྒྱལ་པོ་དུང་སྐྱོང་སོགས་ཀླུ་ཆེན་བརྒྱད་དུ་གྲགས་ཤིང༌། དེ་ལ་ཀླུ་ཕྲན་སོགས་ལས་ཀླུ་གཉན་དང༌། ཀླུ་བཙན་ཏེ་མི་ལ་མཛེ་ནད་སོགས་གཏོང་བའི་ཀླུ་གདུག་རྩུབ་ཅན་ཡང་ཡོད།

གནོད་སྦྱིན་[རྩོམ་སྒྲིག]

གནོད་སྦྱིན་ནི། གདོན་འདྲེའི་རིགས་མཐའ་དག་ལ་དབང་བསྒྱུར་དང་གནོད་པར་བྱེད་པའི་རིགས་ཤིག་ཡིན་ལ། རྣམ་སྲས་རྟ་བདག་བརྒྱད་སོགས་གནོད་སྦྱིན་ཆེན་པོ་བརྒྱད་དང་བཅུ་གཉིས་དག་ཀྱང་གནོད་སྦྱིན་གྱི་རིགས་ཏེ་ནོར་ལྷའི་བྱེ་བྲག་ཏུ་འདོད་པ་ཡིན།

འབྱུང་པོ།[རྩོམ་སྒྲིག]

འབྱུང་པོ་ནི། བྷཱུཏཿཞེས་པ་སྟེ་གཟུགས་མེད་གནོད་པར་བྱེད་པའི་གདོན་བགེགས་ཀྱི་རིགས་ཤིག་ཡིན་པར་གསུངས།

བདུད།[རྩོམ་སྒྲིག]

བདུད་ནི། སེམས་ཅན་གཞན་ལ་འཚེ་ཞིང་དགེ་བའི་ལས་ལ་བར་ཆད་བྱེད་པའི་རིགས་ཤིག་ཡིན། དེ་ལ་གཟུགས་ཅན་དང་གཟུགས་མེད་གཉིས་ཡོད་ཅིང༌། གཟུགས་མེད་ལའང་ཐར་བ་དང་ལྷག་མེད་སོགས་ལ་བར་དུ་གཅོད་པའི་བདུད་བཞི་ཡོད།

གཤིན་རྗེ[རྩོམ་སྒྲིག]

གཤིན་རྗེ་ནི། གཤིན་པོ་ཀུན་གྱི་རྗེ་བོ་སྟེ། དམྱལ་བའི་ལས་མཁན་རྣམས་དང་གཤིན་རྗེ་ཕོ་མོ། འཆི་བདག་གཤིན་རྗེ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཐམས་ཅད་དེར་གཏོགས་ཤིང་ལས་སུ་གཤིན་རྗེའི་ཁྲམ་ལ་བཏབ་ཅེས་གསོན་པོ་ལ་འཆི་བརྡ་གཏོང་བ་དང༌། མིའི་ཚེ་སྲོག་འཕྲོག་པ། གཤིན་པོ་གཤིན་ཡུལ་དུ་སླེབས་ཚེ་དགེ་སྡུག་གི་ཤན་འབྱེད་ཅིང༌། སྡིག་ཅན་དམྱལ་བའི་གནས་སུ་མནར་གཅོད་ཀྱི་ལས་བྱེད་པའི་རིགས་ཤིག་ཡིན།

བཙན།[རྩོམ་སྒྲིག]

བཙན་ཞེས་པ་ནི། མི་མ་ཡིན་གྱི་རིགས་གདུག་རྩུབ་ཅན་ཞིག་ཡིན་ལ། བཙན་རྒོད་འབར་བ་སྤུན་བདུན་སོགས་བཙན་དམག་བྱེ་བ་དུང་ཕྱུར་ལ་སོགས་པའི་དངོས་མེད་ཀྱི་དམག་དཔུང་ཁྲིད་དེ་འགྲོ་ལ། བཙན་རྒྱུ་བའི་ལམ་ཁར་ཁང་པ་དང་མི་སོགས་ཀྱིས་བཀག་ན་བཙན་མདའ་དང་བཙན་དུག་ཕོག་པས་གནོད་པ་འོང་བ་ཞིག་ཡིན།

མ་མོ།[རྩོམ་སྒྲིག]

མ་མོ་ནི། སྲིད་པའི་བེམས་ལས། མ་མོ་འབུམ་ཕྲག་བསམ་ཡས་ཀྱང༌། །ལས་དང་ཡེ་ཤེས་གཉིས་སུ་འདུས། །ཞེས་གསུངས་པ་བཞིན་དཔལ་ལྡན་ལྷ་མོ་སོགས་ནི་མ་མོ་རྦོད་གཏོང་གི་ལྷ་ཚོགས་ཐམས་ཅད་འདུས་པའི་ཡེ་ཤེས་ཀྱི་བདག་ཉིད་ཆེན་མོ་རུ་བཞེད་ལ། ལས་ལས་གྲུབ་པའི་མ་མོ་ཞེས་པ་ནི་ཤ་ཟ་འབྱུང་བོའི་རིགས་སུ་གཏོགས་པ་ཞིག་ཡིན།

ཐེའུ་རང་།[རྩོམ་སྒྲིག]

ཐེའུ་རང་ཞེས་པ་ནི། མཁའ་ལ་རྒྱུ་བའི་འབྱུང་བོའི་རིགས་ཤིག་སྟེ། དེའི་རིགས་ལས་སྟོབས་དང་རྫུ་འཕྲུལ་ཆེ་བ་ནི་དམ་ཅན་རྡོ་རྗེ་ལེགས་པ་སྟེ། གསང་སྔགས་ཀྱི་སྲུང་མ་ཆེན་པོ་འདི་ཉིད་ཡིན་ལ་དེའི་འཁོར་དམ་ཅན་མགར་བ་ནག་པོ། མོན་པ་སེར་སྐྱ། མཆེད་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར་བ་ཐམས་ཅད་ཀྱང་ཕལ་ཆེ་བ་ཐེའུ་རང་གི་རིགས་ཡིན་ནོ། །

གཟའ །[རྩོམ་སྒྲིག]

གཟའ་ཞེས་པ་ནི། ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ་སོགས་ཁོག་སྟོད་མི་ལ་ཁོག་སྨད་སྦྲུལ། མགོ་ལུས་ཡོངས་རྫོགས་མིག་གིས་གང་བ། དབུ་དགུ་བྱ་རོག་གི་གདོང་དང་བཅས་པ། དེའི་ཁ་གཏད་དུ་འཕྲད་ན་གཟའི་ཁ་རླངས་ཕོག་སྟེ་ཀླད་པའི་སྟེང་རྩ་བརྡོལ་ནས་ཁ་ལྐུག་ཅིང་མིག་སླེ་བ་དང༌། གཞོགས་ཀྱི་བྱེད་ལས་ཉམས་པ། ཚོར་བ་ཉམས་པ། བརྒྱལ་བ་སོགས་ཀྱི་ནད་འབྱུང་བར་བྱེད་པའི་རིགས་ཤིག་ཡིན་ལ། གཟའ་མཆོག་རཱ་ཧུ་ལ་ནི་སངས་རྒྱས་ཀྱི་བསྟན་པའི་སྲུང་མ་ཆེན་པོའང་ཡིན།

སྲིན་པོ་།[རྩོམ་སྒྲིག]

སྲིན་པོ་ནི། ལྷོ་ནུབ་རྔ་ཡབ་གླིང་སོགས་སུ་ཡོད་པའི་སེམས་ཅན་གྱི་རིགས། མིའི་ཤ་ཟ་ཞིང་ཁྲག་འཐུང་བ་དང༌། རྒྱན་དུ་རུས་པ་དང་མི་མགོ་སྐམ་རློན་གྱི་ཕྲེང་བ་སོགས་འདོགས་པ། གོས་སུ་མི་ལྤགས་དང་སྟག་ལྤགས་རློན་པ་གྱོན་ཅིང་སྦྱོར་སྒྲོལ་གྱི་ལས་སོགས་མངོན་སུམ་འཛེམས་མེད་དུ་སྤྱོད་པའི་རིགས་ཤིག་ཡིན།

དྲི་ཟ།[རྩོམ་སྒྲིག]

དྲི་ཟ་ནི་འདོད་པའི་བར་སྲིད་དེ་སྐལ་བ་བཟང་ངན་ཀུན་གྱིས་དྲི་ཞིམ་པ་དང་མི་ཞིམ་པ་ཐམས་ཅད་ཟ་བའི་རིགས་ཤིག་ཡིན་པས་མིང་དེ་ལྟར་ཐོགས་ཤིང༌། ལྷའི་གླུ་མཁན་ཡང་ཡིན་ཏེ་དྲི་ཟའི་གླུ་ཞེས་སྙན་པའི་ཚད་དུ་བྱེད། ཡོངས་གྲགས་སུ་དྲི་ཟའི་རྒྱལ་པོ་ཏཁྲི་ར་དང༌། དྲི་ཟའི་རྒྱལ་བོ་ལྗོན་པ་རྟ་མགོ་ཅན་སོགས་ཀྱང་དྲི་ཟའི་རིགས་ཡིན་ནོ།།

གདོན།[རྩོམ་སྒྲིག]

གདོན་ཞེས་པ་ནི། མི་མིན་གྱི་རིགས་ཏེ་མིའི་ཁོག་པར་ཞུགས་པའམ། ཡང་ན་ནད་དང་རྐྱེན་ངན་སྣ་ཚོགས་གཏོང་བའི་རིགས་ཤིག་སྟེ། བྱིས་པའི་གདོན་ཆེན་བཅོ་ལྔ་སོགས་ཀྱིས་མཚོན་སྟེང་གདོན་དང༌། བར་གདོན། འོག་གདོན། ཕོ་གདོན་དང་མོ་གདོན་སོགས་གདོན་གྱི་རིགས་མང་པོ་ཡོད་པར་གསུངས།

འདྲེ[རྩོམ་སྒྲིག]

འདྲེ་ཞེས་པ་ནི། མི་མ་ཡིན་གྱི་བྱེ་བྲག་ཅིག་སྟེ། མི་ལ་གནོད་འཚེ་གཏོང་བ་དང༌། མིའི་ཁོག་པར་ཞུགས་ཏེ་སྣང་བ་གཞན་དབང་དུ་བསྒྱུར་ནས། གང་ཞུགས་པའི་འདྲེའི་བསམ་བློ་དང་བྱ་སྤྱོད་ཐམས་ཅད་བཤད་པ་ཞིག་ཡིན།

སྲི་[རྩོམ་སྒྲིག]

སྲི་ཞེས་པ་ནི། གནོད་བྱེད་ཀྱི་གདོན་འདྲེའི་རིགས་ཤིག་ཏེ། ཀཱི་ལ་ཡའི་སྲི་ཆུང་གི་ལོ་རྒྱུས་སུ། རྒྱལ་བོའི་ཕུང་སྲི་དང༌། བློན་པོའི་ཕུང་སྲི། རྣལ་འབྱོར་བའི་དམ་སྲི། དགྲ་སྲི། གོད་སྲི། སྒོ་སྲི། ཆུང་སྲི། དུར་སྲི། གཡལ་མོའི་གོད་སྲི། སྡང་བོའི་སྲི། ལྟས་ངན་ཆོ་འཕྲུལ་གྱི་སྲི། དེ་རྣམས་ཕ་ཕ་བདུད་དང༌། མ་མ་བདུད་དེ་སྲི་བཅུ་གསུམ་དུ་གསུངས་སོ། །

རོ་ལངས།[རྩོམ་སྒྲིག]

རོ་ལངས་ནི། མི་ཤི་རྗེས་ཕུང་པོའི་ནང་དུ་གདོན་གཞན་ཞུགས་ནས་བསྐྱར་དུ་ལངས་པ། གདོན་འདིའི་བཟུང་བའི་ནད་རྟགས་སུ་གཉིད་ལ་དགའ་བ་དང༌། རྒྱན་འདོགས་པ། ལུས་འདར་བ་བཅས་འབྱུར་བར་བཤད།

བསེ་རག[རྩོམ་སྒྲིག]

བསེ་རག་ནི། ཟས་ནོར་གྱི་བཅུད་ཟ་བའི་འབྱུང་བོའི་བྱེ་བྲག་པ་ཞིག་ཡིན།

འགོང་པོ་[རྩོམ་སྒྲིག]

འགོང་པོ་ནི། རང་གི་ཆོས་འབྲེལ་ཡོད་པའི་བླ་མ་དང་དམ་ཚིག་འགལ་བའི་མི་དེ་ཤི་རྗེས་འགོང་བོ་ཟེར་བའི་གདོན་འདྲེར་སྐྱེས་པ་ཡིན། དམུ་ཞེས་པ་ནི། འདྲེ་གདོན་རིགས་མི་འདྲ་ཕན་ཚུན་འདུས་ནས་བྱུང་བའི་རིགས་འདྲེས་པའི་གདོན་འདྲེ་ལ་དམུ་ཞེས་བཤད་པ་ཡིན། གཉན་ཞེས་པ་ནི། ས་ལ་བདག་ཏུ་འཛིན་པའི་ཀླུའི་རིགས་སུ་གཏོགས་པ་ཞིག་སྟེ། ས་གཉན་དང༌། ཆུ་གཉན། ཤིང་གཉན། རྡོ་གཉན་སོགས་གཉན་དང་སྐྱེལ་བའི་ས་བདག་ཅིག་ཏུ་འདོད་པ་ཡིན། ཟོ་དོར་ནི། ཡུལ་འཁོར་སྐྱོང་བའི་ཡུལ་ལྷ་གཞི་བདག་གི་གཙོ་བོའམ་གྲགས་པ་ཆེ་ཤོས་ཀྱི་རིགས་ལ་ཟེར།

རྒྱལ་བསེན་[རྩོམ་སྒྲིག]

རྒྱལ་བསེན་ནི། གདུག་རྩུབ་ཅན་གྱི་འདྲེ་གདོན་ཕོ་མོ། བྱིས་པ་དང་བཙས་མ་ཐག་པའི་ཕྲུ་གུ་ལ་གནོད་པར་བྱེད་པའི་གདུག་འདྲེ་སྟེ་རྒྱལ་བསེན་དང་བསེན་མོ་རུ་གྲགས།

ཡི་དྭགས།[རྩོམ་སྒྲིག]

ཡི་དྭགས་ནི། པྲེཏཱ་ཞེས་ཟས་སྐོམ་ཡིད་ལ་བཏགས་པའམ་དེར་སོང་བ་རྣམས་ཕྱིར་མི་ལྡོག་པས་ན་ཡི་དྭགས་ཞེས་བརྗོད་ལ། བྱིངས་ན་གནས་པ་དང༌། ཁ་འཐོར་བའི་རིགས་གཉིས་ཡོད། ཕྱིའི་སྒྲིབ་པ་ཅན་དང༌། ནང་གི་སྒྲིབ་པ་ཅན་སོགས་ནང་གསེས་བྱེ་བྲག་མང་ལ་རྫུ་འཕྲུལ་ཆེ་བའི་རིགས་ཀྱང་ཡོད་པར་གསུངས་ཤིང༌། ཁ་འཐོར་གྱི་རིགས་ནི་ལྷ་མིའི་གནས་ནའང་ཡོད་པར་བཤད།

ཤ་ཟ་[རྩོམ་སྒྲིག]

ཤ་ཟ་ཞེས་པ་ནི། པིཤཙཿ སྟེ་མི་སོགས་ཀྱི་ཤ་ཟ་བའི་འདྲེ་དང་སྲིན་པོའི་རིགས་ལ་དེ་ལྟར་འབོད་པ་ཡིན། གོང་དུ་བཤད་པའི་འཇིག་རྟེན་པའི་ལྷ་སོགས་ལས་ཁྱད་པར་བ་འགའ་ཞིག་ཟུར་དུ་བརྗོད་པ་ཙམ་ལས་ཞིབ་པར་བརྗོད་ཀྱིས་མི་ལང་ལ། དེ་དག་ལས་ཀྱང་ལ་ལ་ནི་རིགས་ཀྱིས་དབྱེ་བ་དང༌། ཁ་ཤས་ནི་བྱེད་ལས་ཀྱིས་བཀར་བ། འགའ་ཞིག་ནི་སྟོབས་དང་ནུས་པ་སོགས་ཀྱི་སྒོ་ནས་ཐ་དད་དུ་དབྱེ་བའང་ཡོད་པས། མདོར་ན་སྲིད་པོ་ཕོ་རྒྱུད་མོ་རྒྱུད་དང༌། ལྷ་མ་སྲིན་དྲེགས་པ་སྡེ་བརྒྱད་སོགས་ཀྱང་དེ་དག་དང་མཚུངས་པའི་སྒོ་ནས་ངེས་པར་བྱ་དགོས་སོ། །