Jump to content

ལྷ་བབས་དུས་ཆེན་

ཡོང་ཁུངས་Wikipedia
ལྷ་བབས་དུས་ཆེན།

བོད་ཟླ་༩པའི་ཚེས་༢༢ཉིན་ལྷ་བབས་དུས་ཆེན་རེད། དེ་ནས་བཟུང་དགུན་ཁ་ཡོངས་སུ་ཤར་བའི་བཤད་སྲོལ་དམངས་ཁྲོད་དུ་ཡོད།

ངོ་སྤྲོད་མདོར་བསྡུས།

[རྩོམ་སྒྲིག]

སྟོན་པ་ཤཱཀྱ་ཐུབ་པའི་ཡུམ་སྐུ་གཤེགས་ནས་ལྷ་ཡུལ་དུ་འཁྲུངས་ཡོད་པས་ཡུམ་དང་ལྷ་རྣམས་ལ་ཆོས་གསུང་ཆེད་སྟོན་པ་ལྷ་ཡུལ་དུ་ཕེབས་ནས། བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་འཛམ་བུའི་གླིང་དུ་བབས་པའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་པར་བརྟེན་དེའི་ཉིན་རྣམ་དཀར་དགེ་བའི་ལས་བརྩོན་པའི་དད་ལྡན་སེར་སྐྱ་རྣམས་ཀྱིས་ལྷ་ལྡན་གཙུག་ལག་ཁང་དང་། ར་མོ་ཆེ། རྩེ་འཕགས་མཆོག་ལོ་ཀེ་ཤ་ར་བཅས་ཀྱི་སྤྱན་སྔར་མཆོད་འབུལ་རྒྱ་ཆེ་དང་གསོལ་ལྷུང་བརྗེ་བ། སྙན་ཤལ་འབུལ་བ། འབྱོར་པ་དང་ལྡན་པ་ཚོས་རྒྱུད་གྲྭ་སྟོད་སྨད་དང་། སེ་འབྲས་དགའ་གསུམ་སོགས་དགོན་ཁག་ལ་བསྙེན་བཀུར་མང་འགྱེད་འབུལ་ཞིང་། གཞན་ཡང་རང་རང་འཁོས་འབྱོར་གཏོང་ཕོད་ལ་གཞིགས་པའི་མཆོད་འབུལ་བསྙེན་བཀུར། ངན་སློང་ལ་སྦྱིན་གཏོང་། ལྷག་པར་དུ་ཡིན་གཅིག་མིན་གཅིག་མཆོད་མཇལ་དུ་བསྐྱོད་པ་སོགས་དེ་ཉིན་རྒྱུན་གཏན་དང་མི་འདྲ་བར་རྣམ་དཀར་དགེ་བའི་ཚོགས་རླབས་པོ་ཆེ་གསོག་པའི་དོན་དུ་འབད་བརྩོན་ཆེན་པོ་བྱེད་པ་དེའང་ཐུན་མོང་མ་ཡིན་པའི་རང་མི་རིགས་ཀྱི་གོམས་སྲོལ་ཞིག་ཏུ་གྱུར་ཡོད།

དམངས་ཁྲོད་ལུགས་སྲོལ།

[རྩོམ་སྒྲིག]

དམངས་ཁྲོད་དུ་ཞིང་འབྲོག་མང་ཚོགས་ཚོས་ལྷ་བབས་དུས་ཆེན་གོང་ལ་རང་རང་ཁྱིམ་ལ་ཀ་རག་འབྱུག་པ་དང་། གྲོང་ཚོའི་ཉེ་འདབས་ཀྱི་རི་བོའི་སྟེང་གི་བྲག་རྡོ་ཆེན་པོའི་ཐོག་ཀ་རག་འབྱུག་པ། སྐས་འཛེགས་འབྲི་བ་སོགས་བྱེད་སྲོལ་ཡོད། ལྷ་བབས་དུས་ཆེན་འགོ་ཚུགས་ནས་དགུན་ཁ་ཡོངས་སུ་ཤར་བ་ཡང་བཤད་སྲོལ་ཡོད།