ལོ་རྒྱུས་ཀྱི་དྲི་བ་ཁག་གཅིག༢

ཡོང་ཁུངས་Wikipedia


སྤྱིར་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་སྲོག་རྒྱུན་རིག་གནས་ལ་ཆ་རྒྱུས་ཅུང་ཙམ་ཡོད་པའི་མི་ཞིག་ཡིན་ཕྱིན།ཉེ་ལམ་སྐུ་ཞབས་ཞི་བདེ་ཉི་མས་འཁྲབ་ཁྲིད་བྱས་པའི《མོ་སྟོག་ཕག་མགོ》ཞེས་པའི་ཟུར་ཟའི་བརྙན་འཕྲིན་ཟློས་གར་དེ་ལ་བལྟས་པ་ཙམ་གྱིས།བོད་ཀྱི་དད་མོས་སྐྱབས་བཅོལ་གྱི་ལུགས་སྲོལ་ལ་དོགས་སློང་བྱས་ཡོད་པར་གདོན་མི་ཟ། བརྙན་འཕྲིན་ཟློས་གར་འདིའི་ཁྲོད་དུ་སྐུ་ཞབས་ཞི་བདེ་ཉི་མས་ཉམས་འགྱུར་ལྡན་པའི་ཡན་ལག་གི་སྟངས་སྟབས་སོགས་སྒྱུ་རྩལ་གྱི་ཡོན་ཏན་ལ་བརྟེན་ནས།“མོ་སྟོག་ཕག་མགོ”ཡི་དགོད་བྲོ་ཞིང་ངུ་སྐྱེན་པའི་མི་ཚེའི་དར་རྒུད་དང་།ཁོའི་སྐབས་རེར་སྙིང་རྗེ་ཞིང་ལན་རེར་ཞེ་མེར་བའི་འཚོ་བའི་གོམས་སྟངས།ཡང་ན་གཞན་དང་མི་འདྲ་བའི་ཡ་མ་གཟུགས་ཀྱི་སྣང་བརྙན་ཚུལ་ནས་དུས་ཡུན་རིང་བོ་ཞིག་ལ་བོད་ཀྱི་སྤྱི་ཚོགས་ཀྱི་གྲུ་ག་རེ་རེ་ན་སངས་རྒྱས་ཆོས་ལུགས་པའི་ཕྱི་གོས་གྱོན་ནས་འཛེམ་མེད་དུ་འདྲེ་སྲིན་ལྟར་རྒྱུ་ཞིང་།ངལ་རྩོལ་མི་དམངས་ཀྱི་ཟུངས་ཁྲག་རང་འདོད་དུ་འཇིབ་པའི་མི་དེ་རིགས་ཀྱི་ཁྲེལ་མེད་བྱ་སྤྱོད་དང་སྐྱུག་ལོག་པའི་མི་གཤིས་དེ་ཇི་མ་ཇི་བཞིན་ལྟ་མཁན་གྱི་སྣང་ངོར་བསྒྲོན་པ་རེད། “མོ་སྟོན་ཕག་མགོ”ཞེས་པའི་བརྙན་འཕྲིན་ཟློས་གར་འདི་ནི་སྤྱི་ལོ་ཉིས་སྟོངས་བརྒྱད་ལོའི་རྒྱ་ལོ་གསར་ཚེས་ཀྱི་དགོང་མོ་ཐོག་དང་པོར་བསྟན་པ་རེད།དེ་བས་ངས་ཁ་ཚོན་ཞིག་གཅོད་ཕོད་པ་ནི་ཉིས་སྟོང་བརྒྱད་ལོའི་ལོ་སར་བཏང་བ་ནི་ང་ཚོ་བོད་མི་ཕལ་མོ་ཆེ་ལ་མཚོན་ན་ཆེས་སྤྲོ་སྐྱིད་ཀྱི་ཉིན་མོ་ཞིག་ཡིན་པ་གདོན་མི་ཟ།དེའི་རྒྱུ་མཚན་ནི་ང་ཚོ་མི་རེ་རེའི་སེམས་ཁོང་ལ་རྟག་ཏུ་གསལ་བའི་བྱིས་པའི་དུས་ཀྱི་སྒྲུང་གཏམ་སྙན་མོ་དེ་བོད་རང་གི་ཟློས་གར་འཁྲབ་སྟོན་པ་ཚོའི་འབྲུ་དག་ཅིང་བརྡ་གསལ་བའི་ངང་བརྙན་འཕྲིན་འཕྲུལ་ཆས་ལས་ང་ཚོའི་མིག་ལམ་དུ་མངོན་པ་རེད།འོན་ཀྱང་བོད་མི་གཞན་པ་སྐོར་ཞིག་ལ་མཚོན་ན།འདི་ནི་ཆེས་བཀྲ་མི་ཤིས་པའི་ཐན་ལྟས་ཀྱི་ཉིན་མོ་ཞིག་རེད་ཨང་།མི་དེ་རིགས་ཀྱིས་བརྙན་འཕྲིན་ཁྲོད་ཀྱི“ཕག་ལོ”ཞེས་པའི་མི་ཕོ་དེ་མཐོང་མ་ཐགཁོ་ཚོས་མི་དེ་ས་ཆ་གང་ཞིག་ནས་དངོས་སུ་མཐོང་མྱོང་བའམ།ཡང་ན་ཆ་རྒྱུས་ཧ་ཅང་ཆེ་བའི་སྣང་བ་ཞིག་ངང་གིས་སྐྱེས་ལ།དེའི་མུས་གདོང་ལ་ཐོལ་བྱུང་གིས་ཚ་རླབས་དྲག་པོ་ཞིག་འཕྱུར་བ་དང་ཆབས་ཅིགབསམ་གཞིག་དང་དྲན་སྣང་ཅི་ཡང་མེད་པར་བརྙན་འཕྲིན་གྱི་གློག་སྒོ་བཙན་གྱིས་གཏན་སྲིད་པ་རེད།རྒྱུ་མཚན་ནི།ཕག་ལོ་ཞེས་པའི་དགོད་བྲོ་བའི་མི་སྣ་དེས་སྙིང་རྗེ་དང་ངོ་སོ་ཅི་ཡང་མི་ཆེ་བར་ཁོ་ཚོའི་སྐྱུག་ལོག་པའི་ངན་མཚང་མཐའ་དག་བོད་མི་ཁྲི་ཁྲག་དུ་མའི་མདུན་དུ་དམར་རྗེན་དུ་བཏོན་པའི་དབང་དུ་རེད།

དེའི་རིགས་ལ་གྲལ་རིམ་དང་རིགས་རྒྱུད་དང་ཡོན་ཏན་དང་སྤྱི་ཚོགས་ཀྱི་ཐོབ་ཐང་དང་ན་ཚོད་སོགས་ཀྱི་ཆ་ནས་ཚད་བཀག་མ་མཆིས་ཏེ།རིགས་རྒྱུད་མཐོ་བའི་བླ་མ་དང་དཔོན་པོ་ཡིན་ཆོག་ལ།ཐོབ་ཐང་དམའ་བའི་ཁྲམ་པ་དང་རྐུན་མ་ཡིན་ཡང་སྲིད།ཡོན་ཏན་དང་གོ་འཕང་མཐོ་བའི་རྒན་པོ་ཡིན་སྲིད་ལ།ཤེས་རིག་དང་ལོ་ཚོད་ཕྲ་བའི་ན་ཆུང་ཡང་ཡིན་སྲིད།གང་ལྟར་ཀྱང་ཁོ་ཚོར་ངེས་བསྟན་གསལ་བོ་ཞིག་མ་མཆིས་པས།ང་ཚོས“མི་ཐ་ཤལ”ཞེས་པའི་ཐ་སྙད་འདི་ཙམ་ལ་བརྟེན་ནས་ངོས་འཛིན་མི་བྱེད་ཀ་མེད་རེད།འོན་ཀྱང་འདིར་བརྗོད་པའི“མི་ཐ་ཤལ་བ”ཞེས་པ་དང་ནམ་རྒྱུན་འཚོ་བའི་ཁྲོད་འཆད་རྒྱུན་དུ་གྱུར་པའི“མི་ངན་པ”ཞེས་པ་གཉིས་ཀྱི་བར་ནས་མཚུངས་རྟགས་རྒྱག་མི་རུང་སྟེ།སྤྱིར་མི་ངན་པ་ཞེས་པ་ནི་ཁྱབ་ཁོངས་ཧ་ཅང་ཆེ་བའི་བྱ་སྤྱོད་ངན་པ་དང་ཀུན་སྤྱོད་ལ་ངོས་འཛིན་པ་ཡིན་པས།དེའི་ནང་གསེས་སུ་རིགས་ཧ་ཅང་མང་པོ་ཞིག་འདུས་ཡོད།གཞན་རྒྱུ་མངོན་སུམ་དུ་འཁྱེར་བའི་ཇག་པ་དང་།སྲོག་འཕྲོག་པའི་འཁོན་དགྲ་སོགས་ནི་མི་གཏུམ་པོ་ཡིན་པ་ལས་མི་ཐ་ཤལ་བ་མ་ཡིན།ཇག་པ་དང་འཁོན་དགྲ་མ་མཐའ་ཡང་ཁོ་ཚོ་ཚོགས་པའི་སྒྲིག་ལམ་དང་དམིགས་ཡུལ་ཡོད་ལ།གང་བརྩམ་བྱ་བ་དེ་མངོན་སུམ་དུ་བྱེད་པའི་སྤོབས་པ་དང་དཔའ་གདེང་ཡང་ཡོད།འོན་ཀྱང་ངས་འདི་ལྟར་བརྗོད་དོན་ནི་མི་གཏུམ་པོའི་བྱ་སྤྱོད་ལ་བསྟོད་བསྔགས་བྱེད་འདོད་པ་མ་ཡིན་ཏེ།མི་ཐ་ཤལ་བ་ནི་མི་གཏུམ་པོ་ལས་ཀྱང་འཇིགས་སུ་རུང་བའི་ངོ་བོ་དེ་གསལ་བཤད་ཆེད་དུ་ཡིན།དེ་ལས་གཞན་མི་ཐ་ཤལ་བར་ཆབ་སྲིད་དང་གྲལ་རིམ་སོགས་ཀྱི་ཁྱད་རྟགས་ངེས་ཅན་ཞིག་མ་མཆིས་པས།ནད་ཡམས་ལྟར་རྒྱུ་བའི་མི་དེའི་རིགས་ལ་ངོ་རྒོལ་དང་རྡུང་རྡེག་བྱེད་རྒྱུ་ནི་ངོ་མ་ཆེས་འུ་ཐུག་ཐབས་ཟད་ཀྱི་བརྒྱུད་རིམ་ཞིག་རེད་ཨང་།ལྷག་པར་མི་ཐ་ཤལ་བ་དེའི་རིགས་ལ་ཉམས་ཉེས་དང་འཇིགས་ཉེན་གྱི་ཚོར་བ་དྲག་པོ་ཞིག་ཡོད་པས།ཁོ་ཚོས་དུས་ནམ་ཡང་གཞན་གྱིས་རང་ཉིད་ཀྱི་སྐྱོན་མཚང་བརྡོལ་བར་དོགས་ཟོན་བྱེད་འདུགབརྙན་འཕྲིན་ལས་མི་ཐ་ཤལ་བ་དེ་རྣམས་ཀྱིས་མི་གཞན་གྱིས་རང་ཉིད་ཀྱི་སྐྱོན་མཚང་བརྟོལ་བ་མཐོང་མ་ཐག་སྙིང་ལ་མདའ་མོ་ཕོག་པ་ལྟ་བུའི་ན་ཟུག་དྲག་པོ་ཞིག་སྐྱེས་པ་དང་ཆབས་ཅིགརང་ཉིད་དང་ཁད་ཐག་མི་རིང་བའི་འཇིགས་པ་དང་ཉེན་ཁ་དེ་འགོག་པར་སེམས་ཁྲལ་དང་བསམ་གཞིག་ཅི་ཡང་བྱེད།འོན་ཀྱང་མི་ཐ་ཤལ་བ་དེའི་རིགས་དང་བསྡུར་ཚེ།དེ་སྔོན་བརྙན་འཕྲིན་འཕྲུལ་ཆས་འགྲམ་དུ་ལྟད་མོ་དང་བཞད་གད་ཁོ་ནར་བྲེལ་བའི་མི་དེ་ཚོ་ངོ་མ་སྙིང་རེ་རྗེ།ཁོ་ཚོས་གནའ་ནས་ད་ལྟའི་བར་དུ“མོ་སྟོན་ཕག་མགོ”ཡི་ཡ་མ་གཟུགས་ཀྱི་བྱ་སྤྱོད་ལ་འཕྱ་སྨོད་དང་།དེའི་ཉམ་ཐག་པའི་འཚོ་བ་དང་མི་ཚེའི་དར་རྒུད་ལ་སྙིང་རྗེ་སྐྱེ་བ་ཙམ་ལས།“མོ་སྟོན་ཕག་མགོ”ལྟ་བུའི་མི་དེའི་རིགས་ཇི་ལྟར་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ནམ་ཡང་བསམ་གཞིགས་བྱས་མ་མྱོང་ལ་བྱེད་ཀྱང་མི་ཕོད།དེ་བས་ངས་བལྟས་ན་འདི་ལྟ་བུའི་སྤྱི་ཚོགས་ཅན་གྱི་བག་འཁུམ་བསམ་བློ་ནི་ང་ཚོ་བོད་ཀྱི་སྤྱི་ཚོགས་སྟེང་དུ“མོ་སྟོན་ཕག་མགོ”ཡི་རྣམ་ཐར་འཛིན་པའི་མི་ཐ་ཤལ་བ་དེའི་རིགས་རྒྱུན་ཆགས་སུ་འབྱུང་བའི་རྒྱུ་རྐྱེན་ཡིན་པར་འདོད། མི་ཞིག་གི་མི་ཚེའི་དར་རྒུད་དང་བདེ་སྡུག་དེ་མཐར་གཏུགས་ན་མི་གང་དེ་འཚོ་གཞེས་ཀྱི་སྤྱི་ཚོགས་ཀྱི་དར་རྒུད་དང་བདེ་སྡུག་གིས་དབང་དུ་གྱུར་ཡོད་པ་རེད།མི་ནི་སྤྱི་ཚོགས་ཀྱི་རྩ་བའི་གྲུབ་ཆ་ཞིག་ཡིན་པས།སྤྱི་ཚོགས་ཀྱི་དུས་རིམ་གང་འདྲ་ཞིག་ཡིན་རུང་མིའི་བྱ་སྤྱོད་མཐའ་དག་ལ་སྤྱི་ཚོགས་ཀྱི་འབྲེལ་བ་དང་སྤྱི་ཚོགས་ཀྱི་ངོ་བོས་ཤུགས་རྐྱེན་ཐེབས་སྲིད་པ་ལོ་རྒྱུས་ཀྱི་ཆོས་ཉིད་རེད།ང་ཚོས་གནད་འདི་ཤེས་ཚེ།ད་གཟོད"མོ་སྟོན་ཕག་མགོ"ཡི་བྱ་སྤྱོད་མཐའ་དག་ལ་ངོས་འཛིན་དང་གླེང་མོ་ཡང་དག་ཙམ་བྱས་ཆོག་སྟེ།དོན་དངོས་སུ"མོ་སྟོན་ཕག་མགོ"ཞེས་པའི་གཏམ་རྒྱུད་འདི་ཡང་ང་ཚོ་བོད་ཀྱི་རྒན་ཁ་མཁས་ཚོས་བྱིས་པ་སྣབས་ལུག་ཚོར་དགོད་ཁ་སློང་བའི་ཁ་མཚར་ཙམ་དང་།ཡང་ན་མིས་རྟོག་བཟོ་ཁོ་ན་ཙམ་མ་ཡིན་པར།"མོ་སྟོན་ཕག་མགོ"ནི་ང་ཚོ་བོད་ཀྱི་དད་མོས་སྤྱི་ཚོགས་ཀྱི་ཐམ་ག་དང་ཁྱད་རྟགས་གསལ་བའི་ཐོན་ཆས་རྣལ་མ་ཞིག་ཡིན་པས།དུས་ཡུན་ཅི་ཙམ་འགོར་ཡང"མོ་སྟོན་ཕག་མགོ"ལ་དེ་དང་བསྟུན་ནས་གྲལ་རིམ་དང་སྤྱི་ཚོགས་ཀྱི་ངོ་བོ་གསལ་བའི་འགལ་བ་སྣ་ཚོགས་ཀྱི་ཁྱད་ཆོས་ཐོན་པ་རེད།དཔེར་ན།ང་ཚོའི་སྡེ་བའི་སྤྲུལ་སྐུ་འབྲུག་ཚང་།ཁྱོད་ཚོའི་སྡེ་བའི་གྲུབ་ཆེན་སྟག་ཚང་།ད་དུང་ལྷ་བ་སྤྲེའུ་ཚང་།ཚོ་ཞོལ་མའི་མོ་བ་གཡག་ཚང་སོགས་སྣང་བརྙན་གྱིས་ཕྱུག་ཅིང་གསོན་ཉམས་དོད་པའི"མོ་སྟོན་ཕག་མགོ"མི་ཉུང་བ་ཞིག་གིས་ང་ཚོའི་སྤྱི་ཚོགས་ཕྱུར་བུར་གཏམས་ཡོད།མཚམས་འདིར་སླེབས་ཚེ།ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་གནད་ཆེན་པོ་ཞིག་ལ་འགྲེལ་བཤད་བྱ་དགོས་ཏེ།སྤྱིར"མོ་སྟོན་ཕག་མགོ"ཡི་བྱ་སྤྱོད་དག་ནི་ང་ཚོ་བོད་ཀྱི་སྤྱི་ཚོགས་བསམ་བློ་འཛིན་སྟངས་སྟེ།བོད་མིའི་ཀུན་སྤྱོད་ཚད་གཞིའི་གཙོ་བོ་དགེ་བཅུའི་སྙིང་བོ་དང་ལྡོག་པར་སྣང་ཡང་།ཅི་ཞིག་ལ་ནམ་རྒྱུན་གཞན་གྱི་བྱ་སྤྱོད་ལ་ཐེ་གཏོགས་བྱེད་པར་དགའ་བའི་མི་རིགས་འདིས"མོ་སྟོན་ཕག་མགོ"ལྟ་བུའི་མི་དེའི་རིགས་ལ་རྡུང་རྡེག་དང་ངོ་རྒོལ་བྱེད་རྒྱུ་ཕར་ཞོག་ཐ་ན་ངོ་དགའ་དང་གོང་བཀུར་གྱི་ཚུལ་དུ་འཚོ་བ་ཡིན་ནམ། གལ་ཏེ་ང་ཚོས་གོང་གི་འདྲི་རྟོགས་འདི་ལ་འགྲེལ་བཤད་གསལ་བོ་ཞིག་ཡོང་དགོས་ན།དང་ཐོག་ངེས་པར་དུ"མོ་སྟོན་ཕག་མགོ"ཡི་སྤྱི་ཚོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་རྒྱུས་ལོན་ཅུང་ཙམ་དགོས་ཏེ།དོན་དངོས་སུ"མོ་སྟོན་ཕག་མགོ"ལྟ་བུའི་མི་དེའི་རིགས་འབྱུང་བར་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་སྤྱི་ཚོགས་ཀྱི་མཐུན་རྐྱེན་ངེས་ཅན་ཞིག་འདུས་ཡོད།དེ་ཡང་རགས་ཙམ་ཞིག་བཤད་ན།"མོ་སྟོན་ཕག་མགོ"ལྟ་བུའི་མི་དེའི་རིགས་ནི་དད་མོས་སྐྱབས་བཅོལ་སྤྱི་ཚོགས་ཀྱི་བསམ་བློའི་ཞིང་ས་ནས་ཐོན་པའི་ཡ་མ་གཟུགས་ཀྱི་འབྲས་བུ་ཞིག་ཡིན་པས།མི་དེའི་རིགས་ཀྱི་བྱ་སྤྱོད་སྟེང་དུ་ཁོ་རང་འཚོ་གཞེས་ཀྱི་སྤྱི་ཚོགས་དེའི་ངོ་བོ་དང་ཧ་ཅང་མཚུངས་པ་མངོན་གསལ་དོད་པོ་རེད།སྤྱིར་དད་མོས་སྐྱབས་བཅོལ་གྱི་སྤྱི་ཚོགས་བསམ་བློའི་གོ་རིམ་བརྒྱུད་མྱོང་བའི་མི་རིགས་ཤིག་ཡིན་ཕྱིན།"མོ་སྟོན་ཕག་མགོ"ལྟ་བུ་ངེས་པར་འབྱུང་སྲིད་ལ།འདི་ནི་མི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་ཀྱི་འབྱུང་གཞི་ཞིག་ཀྱང་རེད།འོན་ཀྱང་མིའི་རིགས་ཀྱི་སྤྱི་ཚོགས་བསམ་བློའི་འཕེལ་རྒྱས་དང་བསྟུན།ཉེ་རབས་འཛམ་གླིང་སྟེང་གི་རྒྱལ་ཁབ་མང་པོ་ཞིག་ཏུ་དངོས་གཙོའི་སྤྱི་ཚོགས་བསམ་བློ་དར་སྤེལ་བཏང་བ་དང་ཆབས་ཅིག"མོ་སྟོན་ཕག་མགོ"ལྟ་བུའི་མི་ནི་གར་སོང་ཆ་མེད་དུ་ཡལ་བ་རེད།ཡིན་ནའང་ང་ཚོ་བོད་ཀྱི་སྤྱི་ཚོགས་སྟེང་དུ"མོ་སྟོན་ཕག་མགོ"ལྟ་བུའི་མི་དེའི་རིགས་ནི་གནའ་ནས་ད་ལྟའི་བར་ཡལ་མ་མྱོང་།གལ་ཏེ་ང་ཚོ་བོད་ཀྱི་སྤྱི་ཚོགས་བསམ་བློའི་ཆུ་ཚད་ལ་རྩ་བའི་སྟེང་འཕོ་འགྱུར་ཆེན་པོ་ཞིག་འབྱུང་མ་ཐུབ་ཚེ།"མོ་སྟོན་ཕག་མགོ"ལྟ་བུ་དུས་གཏན་དུ་ཇེ་ཉུང་དུ་འགྲོ་མི་སྲིད།ང་ཚོས་གསལ་ལེར་ཤེས་དགོས་པ་ཞིག་ནི།"མོ་སྟོན་ཕག་མགོ"ཡི་ཆེས་རྩ་བའི་ཁྱད་ཆོས་ནི་ཆོས་ལུགས་ཀྱི་དར་ཆ་བསྒྲེངས་ཡོད་པ་དེ་རེད།ང་ཚོས"མོ་སྟོན་ཕག་མགོའི"བྱ་སྤྱོད་ལ་ངོས་བཟུང་བ་བརྒྱུད་པ་ན།དེའི་རིགས་ཀྱིས་ང་ཚོའི་སྤྱི་ཚོགས་ལ་བཞག་པའི་ནག་ཉེས་ཀྱང་གསལ་བོར་མཐོང་ཐུབ།མི་ཐ་ཤལ་བ་རིགས་ཀྱིས་ལྐོག་ལྐོག་སིལ་སིལ་ངང་ངན་ཉེས་བསགས་པ་བརྗོད་ནས་མི་ཚར་བས།དེའི་རིགས་ལ་དོགས་ཟོན་དང་རྡུང་རྡེག་ཆེད་དུ། "མི་ཐ་ཤལ་བ"ཞེས་ཉེས་མིང་གསལ་བོར་བཏགས་ནས་ཁོ་ཚོའི་མི་གཤིས་ཀྱི་ངོ་བོ་ལ་ངོས་འཛིན་བྱས་པ་འདི་ལྟ་སྟེ། དང་པོ།མི་ཐ་ཤལ་བ་སྤྱིར་བཏང་དུ་ཁ་བདེ་ལྕེ་བདེ་ཅན་སྣང་འདུགསྤྱང་གྲུང་གི་ངང་ཚུལ་འཛིན་ལ།རྫུན་དང་གཡོ་ཐབས་ལ་བརྟེན་ནས་མི་གཞན་ལས་ཁེ་ཕན་ལེན་པས།མི་ཀུན་སྤྱོད་ངན་པ་ཅན་ཞིག་ལ་གཡོ་ཐབས་དང་སྨྲ་བརྗོད་ལ་མཁས་པའི་ཆ་རྐྱེན་འདི་གཉིས་འཛོམས་ཚེ།འཇིགས་སུ་རུང་བའི་སྤྱི་ཚོགས་གོད་ཆག་ཅིག་ཏུ་འགྱུར་ངེས།《མོ་སྟོན་ཕག་མགོ》ཞེས་པའི་བརྙན་འཕྲིན་ཟློས་གར་ཁྲོད"ཕག་ལོ"ཡིས་གཡོག་མོ་ལྷ་རིས་ལ་བདག་པོར་བློ་དཀར་དགོས་ཚུལ་སྐོར་གྱི་ཁ་ཏའི་ཚུལ་ནི་བྱང་ཆུབ་སེམས་དཔའི་མཚན་ཉིད་འཛིན་པའི་སྐྱེས་བུ་ཞིག་དང་གཉིས་སུ་མ་མཆིས་པ་ལྟ་བུ་རེད། གཉིས་པ།མི་ཐ་ཤལ་བ་གཞན་གྱི་ཡོན་ཏན་ལ་ཕྲག་དོག་བྱེད་པར་ཧ་ཅང་དགའ།མི་ཐ་ཤལ་བ་ནི་སྤྱིར་བཏང་དུ་སྡར་མ་ཚུལ་དུ་དུས་ནམ་ཡིན་ཡང་མི་གཞན་གྱིས་རང་ཉིད་ཀྱི་སྐྱོན་མཚང་བརྟོལ་བར་འཚེར་སྣང་ཡོད་པས།རང་ཉིད་ལས་བློ་གྲོས་ཆེ་བའི་མི་ལ་ནམ་ཡང་དོགས་ཟོན་དང་དགྲ་ལྟ་བྱས་ཡོད།གལ་ཏེ་མི་སུ་ཞིག་གིས་ཁོ་ཚོ་ལ་ངོ་རྒོལ་དང་ཡི་མི་རངས་པའི་རྣམ་འགྱུར་བསྟན་དུས།གཡོ་ཐབས་ཅི་རྙེད་བཀོལ་ནས་མི་གང་དེ་ལ་གནོད་འཚེ་གཏོང་ངེས་ཡིན།སྤྱིར་ཡོན་ཏན་ནི་བཙན་པོས་འཕྲོག་མི་ཐུབ་ལ།གཡོ་ཅན་གྱི་རྐུ་མི་ཐུབ་པའི་ནོར་བུ་ལྟ་བུ་སྟེ།མི་ཐ་ཤལ་བ་ཚོས་གཡོ་སྒྱུ་དང་ཁྲལ་འདས་ཀྱི་བྱ་ཐབས་ཅི་ཡོད་བཀོལ་ནས་ཡོན་ཏན་འཛིན་པའི་སྐྱེས་བུ་དེ་ལ་གནོད་འཚེ་གཏོང་ངེས་རེད།འདི་ནི་གནའ་ནས་ད་བར་དུ་ཟློག་ཐབས་བྲལ་བའི་སྐྱོ་གར་ཞིག་ཡིན་འདུག་ལ།ལྷག་པར་རང་རེའི་བོད་ལ་མཚོན་ན་ཇི་འདྲའི་ཡ་ང་བའི་གེགས་རྐྱེན་དང་གོད་ཆག་ཅིག་རེད་ཨང་། གསུམ་པ།མི་ཐ་ཤལ་བར་འཁོན་འཛིན་གྱི་གནག་སེམས་ཧ་ཅང་ཆེ།མི་ཐ་ཤལ་བས་མི་གཞན་གྱིས་རང་ཉིད་ཀྱི་ཉེས་སྐྱོན་ལ་སྐྱོན་བརྗོད་བྱེད་པ་མཐོང་ཚེ།ཁོ་ཚོར་སྔ་འགྱོད་ཕྱི་འདོམ་གྱི་བསམ་བློ་སྐྱེ་རྒྱ་ཕར་ཞོགདེ་ལས་ལྡོག་སྟེ་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོར་ངོ་རྒོལ་བྱེད་མཁན་གྱི་སྐྱེས་བུ་དག་ལ་འཁོན་ལན་སློག་ངེས།གལ་ཏེ་མི་སུ་ཞིག་གིས་ཁོ་ཚོ་ལ་ཡི་མི་རངས་པ་ཅུང་ཙམ་བྱས་ཚེ།ཁོ་ཚོས་མི་དེ་ལ་འཁོན་ལན་སློག་པ་ཐག་ཆོད་ཡིན་ཏེ།"མོ་སྟོན་ཕག་མགོ"ཡིས་ཕག་པ་ཆུང་ཆུང་དེས་ཁོའི་རྨི་ལམ་དཀྲོགས་པ་ཡིད་ལ་ཐོགས་ནས།ལར་ཕག་མགོ་རང་ཉིད་ཀྱི་མོ་ཆས་བྱས་པ་ལྟ་བུ་རེད། བཞི་བ།མི་ཐ་ཤལ་བར་འགན་འཁུར་གྱི་བསམ་བློ་ཡེ་ནས་མེད།མི་ཐ་ཤལ་བར་བློ་གྲོས་དང་མིག་རྒྱང་མེད་པས།ཅི་བྱ་ཁེ་ཕན་ཁོ་ན་མ་གཏོགས་ཀྱི་ལས་ཀྱི་མཇུག་འབྲས་དེ་སྣང་མི་སྲིད་པ་རེད།དཔེར་ན་སྔོན་ཆད་ལྷ་ལུང་དཔལ་རྡོར་གྱིས་མདའ་མོ་ཅིག་གི་བོད་བཙན་པོའི་རྒྱལ་རབས་ཀྱི་སྲིད་དབང་སིལ་བར་གཏོར་ཏེ་བོད་ཡུལ་མུན་པའི་གླིང་དུ་བསྒྱུར་ནས་རྒྱང་དུ་བྲོས་པའམ།ཡང་ན་དེང་སྐབས་བོད་ཀྱི་མི་ཐ་ཤལ་བ་སྐོར་ཞིག་གིས་རྟགས་དང་རྒྱུ་མཚན་ཅི་ཡང་མེད་པར།བོད་ཀྱི་སྲོལ་རྒྱུན་མི་ལེགས་པའི་ཆ་ལ་སྐྱོན་བརྗོད་མི་རེ་ཉིས་བྱུང་སྟེ་འདྲེ་རུ་བརྗོད་ཅིང་།སྒྲོ་བཏགས་དང་སྐུར་འདེབས་ཅི་ནུས་འདུགསྤྱི་ཚོགས་ཀྱི་བདེ་སྡུག་དང་དར་རྒུད་ལ་ཁ་ཡ་ཙམ་ཡང་མི་བྱ་བ་ལྟ་བུ་རེད།མི་ཐ་ཤལ་བར་རྡུང་རྡེག་དང་ངོ་རྒོལ་བྱད་རྒྱུ་ནི་ལོ་རྒྱུས་ཚུལ་གྱིས་འགན་འཁྲི་ཞིག་ཡིན་པས།སྤྱི་ཚོགས་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་སྒོས་ཡུན་རིང་འཐབ་བརྩོན་ལ་བརྟེན་དགོས། །

《ཞོལ་རྡོ་རིང་ཕྱི་མ》ནི་ལྷ་སའི་པོ་ཏ་ལའི་མདུན་ན་བཙུགས་ཡོད། རྩེ་མོར་ཆར་ཁེབས་དང་ཏོག་ཡོད་པའི་རྡོ་རིང་དེའི་ངོས་གསུམ་ལ་བོད་ཡིག་འཁོད་ཡོད་པ་ལས། བྱང་ངོས་སུ་ཡིག་ཕྲེང68དང་། ཤར་ངོས་སུ་ཡིག་ཕྲེང16། ལྷོ་ངོས་སུ་ཡིག་ཕྲེང74ཡོད་ཅིང་། ནུབ་ངོས་སུ་ཡི་གེ་འཁོད་མེད། (ཞོལ་རྡོ་རིང་ཕྱི་མ)ཟེར་བའི་མིང་དེ《ཞོལ་རྡོ་རིང་ནང་མ》ཟེར་བ་ཞིག་ཡོད་པར་བལྟོས་ནས་བཏགས་པ་རེད། སྟག་སྒྲ་ཀླུ་ཁོང་ནི་བཙན་པོ་ཁྲི་སྲོང་ལྡེ་བརྩན(སྤྱི་ལོ755~797)གྱི་བློན་ཆེན་གཙོ་ཆེ་བ་ཞིག་ཡིན་ཞིང་། སྤྱི་ལོ763ལ། བཙན་པོས་སྟག་སྒྲ་ཀླུ་ཁོང་བོད་དམག་ཁྲི་ཉི་ཤུ་དང་བཅས་རྒྱ་ནག་རྒྱལ་པོའི་ཕོ་བྲང་ཁྲང་ཨན(དེང་སང་ཞི་ཨན་ཟེར་བ)ལ་དཔུང་འཇུག་བྱེད་པར་བཏང་ནས་སླར་ཕྱིར་ལོག་རྗེས། བཙན་པོས་ཀླུ་ཁོང་གི་དམག་འཐབ་བྱས་རྗེས་ལ་བསྟོད་བསྔགས་བྱེད་ཕྱིར་རྡོ་རིང་འདི་བཙུགས་པ་རེད། དེའི་དོན་རྣམས་རྒྱ་ཡིག་གི་ལོ་རྒྱུས《སྐྱོང་རོགས་གསལ་བའི་མེ་ལོང》ཞེས་པར་གསལ་བར་མ་ཟད། 《 ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཆ》ཤོག་གྲངས32ནང་དུའང་འཁོད་ཡོད་པ་འདི་ལྟར། “སྟགི་ལོ་ལ་བབསྟེ། ……ཞང་རྒྱལ་ཟིགས་དང་། བློན་སྟག་སྒྲ་དང་ཞང་སྟོང་རྩན་དང་ཞང་བཙན་བ། ལས་སྩོགས་པས། ཀེང་ཤིར་དྲ་མ་དྲང་སྟེ། ཀེང་ཤི་ཕབ། ། རྒྱ་རྗེ་བྲོས་ནས། རྒྱ་རྗེ་གསར་དུ་བཅུག་ནས། དྲ་མ་སླར་ལོག་ནས། །”ཞེས་པའི་ལོ་རྒྱུས་ཀྱི་གནས་ཚུལ་དེ་དག་ལ་བལྟས་ན། རྡོ་རིང་འདི་ནི་ཕལ་ཆེར་སྤྱི་ལོ765ལོ་ལ་བཙུགས་ཡོད་པ་འདྲ། བཙན་རྒྱལ་རིང་ལུགས་པ་རྣམས་ཀྱིས་སྔ་མོའི་རྡོ་རིང་ཚིག་དོན་ཙམ་ལ་བརྟེན་ནས། རྒྱ་བོད་མི་རིགས་གཉིས་ཀྱི་བར་ལ་དཀྲུག་ཤིང་བརྒྱབ་ནས། མེས་རྒྱལ་གྱི་གཅིག་གྱུར་ལ་གཏོར་བཤིག་གཏོང་བསམ་པའི་དམིགས་ཡུལ་དེ་ནི་དུས་ནམ་ཡང་འགྲུབ་ཐབས་མེད། རང་རྒྱལ་ནི་མི་རིགས་ཁག་མང་པོ་འདུས་པའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་། ལོ་རྒྱུས་ཐོག་མི་རིགས་བར་སྐབས་འགར་ཟང་ཟིང་དང་འཁྲུག་པ་བྱུང་མྱོང་ཡང་། དེ་ཚོ་ནི་གཅིག་གྱུར་རྒྱལ་ཁབ་ནང་ཁུལ་གྱི་བྱ་བ་ཡིན་པ་ལས། ཁ་བྲལ་གྱི་རྒྱུ་རྐྱེན་དུ་མི་འགྲོ ། ང་ཚོས་རྡོ་རིང་འདིའི་ཐོག་ནས་སྐབས་དེའི་བོད་ཀྱི་དམག་ཤུགས་གང་འདྲ་ཡིན་མིན་གྱི་གནས་ཚུལ་དང་། སྔ་མོའི་ཐོན་སྐྱེད་འབྲེལ་བ་གང་འདྲ་ཡིན་མིན་གྱི་གནས་ཚུལ་ཤེས་ཐུབ་པས། རྡོ་རིང་འདིའང་བོད་ཀྱི་གནའ་རབས་སྤྱི་ཚོགས་ལ་དབྱེ་ཞིབ་བྱེད་ཡས་ཀྱི་ཡིག་ཆ་གལ་ཆེན་ཞིག་ཡིན།