ལོ་ཙཱ་བ་བློ་བཟང་ཆོས་འཕགས་

ཡོང་ཁུངས་Wikipedia

རྒྱ་བོད་སྐད་གཉིས་ལ་བྱང་ཆུབ་པའི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བློ་བཟང་ཆོས་འཕགས(1902-1980)སམ་སློབ་དཔོན་ཆེན་མོ་ཧྥ་ཙུན་བྱ་བ་ཁོང་ནི་སྤྱི་ལོ༡༩༠༢ལོར་ཧྲིན་ཀྲོའུ་སྟེ་དེང་གི་ཧོ་པེ་ཞིང་ཆེན་ཧྲིན་ཞན་ཞེས་པའི་ཁོངས་གཏོགས་ཀྱི་ཆར་འཁྲུངས་ཤིང་། ༡༩༢༠ལོར་རྒྱ་ནག་རི་བོ་རྩེ་ལྔར་རབ་ཏུ་བྱུང་།༡༩༢༤ལོར་བུའུ་ཁྲང་ནང་བསྟན་སློབ་གླིང་ནས་མཐར་ཕྱིན་ནས་བོད་ཡིག་འཛིན་གྲྭར་ཞུགས། ༡༩༢༥ལོར་ཁྲོང་ཆཱེན་སོགས་བརྒྱུད་ནས་ཁམས་དར་རྩེ་མདོར་བྱོན། ༡༩༢༧ལོའི་དཔྱིད་ཀར་དཀར་མཛེས་དྲེལ་དཀར་དགོན་དུ་ཕེབས་ནས་ལོ་དུ་མར་སློབ་གཉེར་གནང་། ༡༩༣༠ལོར་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་། ཕྱིས་སུ་རྒྱ་བོད་སྐད་གཉིས་ཀྱི་གཞུང་ལ་ཤིན་ཏུ་མཁས་པར་གྱུར་བས་ནང་བསྟན་གྱི་གཞུང་མང་པོ་བོད་སྐད་དང་རྒྱ་ནག་སྐད་དུ་ཕར་ཚུར་བསྒྱུར་བས་དེང་དུས་ཀྱི་ཞན་ཙང་ཞེས་སྐད་གྲགས་ཆེན་པོ་བྱུང་། ཁོང་གིས་དགེ་བའི་བཤེས་གཉེན་ཆེན་པོ་སྟོང་དཔོན་པ་ངག་དབང་བརྩོན་འགྲུས་སོགས་ཀྱིས་ཡང་ཡང་བསྐུལ་བ་ལྟར《ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ》དང《ཆོས་མངོན་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་མོ》ཞེས་བྱ་བའི་བསྟན་བཅོས་ཆེན་པོ་འདི་གཉིས་གཙོས་པའི་ཆོས་གཞུང་དང་དམངས་གཙོ་རིང་ལུགས་གསར་བ་དང་སྤྱི་ཚོགས་འཕེལ་འགྱུར་གྱི་ལོ་རྒྱུས་སྐོར་དེབ་ཉིས་བརྒྱ་ལ་ཉེ་བ་རྒྱ་ནག་སྐད་ལས་བོད་སྐད་དུ་བསྒྱུར་བ་དང་། ཡང《བྱང་ཆུབ་ལམ་རིམ་ཆེན་མོ》དང《སྔགས་རིམ་ཆེན་མོ》《མངོན་རྟོགས་རྒྱན》《ཚད་མ་རྣམ་འགྲེལ》《མཛོད་འགྲེལ་མངོན་པའི་རྒྱན》སོགས་གཞུང་དང་འགྲེལ་བ།ད་རུང་རྗེ་ཙོང་ཁ་བ་དང་ཇོ་བོ་རྗེའི་རྣམ་ཐར་སོགས་མང་པོ་བོད་སྐད་ནས་རྒྱ་ནག་སྐད་དུ་བསྒྱུར་ཡོད།