ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་

ཡོང་ཁུངས་Wikipedia

སྟོན་པ་ཤཱཀྱ་ཐུབ་པས་ཆོས་འཁོར་ལན་གསུམ་བསྐོར་བའི་ཆོས་འཁོར་ཐ་མ་སྟེ། ཆོས་བསྐོར་བར་པ་བསྐོར་པའི་རྗེས་སུ་དུས་ངེས་པ་མེད་པར་རི་མ་ལ་ཡ་དང་། བྱང་ཆུབ་སྙིང་པོ་དང་་ཡངས་པ་ཅན་སོགས་སུ་ཐེག་པ་ཐམས་ཅད་ལ་ཡང་དག་པར་བཞུགས་པའི་བྱང་ཆུབ་སེམས་པ་གྲངས་མེད་པ་ལ་ཆོས་ཐམས་ཅད་ལ་མཚན་ཉིད་གསུམ་གི་རྣམ་གཞག་གཙོ་བོར་སྟོན་པའི་མདོ་སྡེ་ལང་ཀར་གཤེགས་པ་ལ་སོགས་གསུངས་ཏེ། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་རོ།། འཁོར་ལོ་ཐ་མའི་མཚན་ཉིད་ནི། སྟོན་པས་དུས་ཐ་མར་གསུངས་པ་གང་ཞིག ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་འཁོར་ལོ་བར་བའི་དགོངས་པ་འཁོར་ལོ་ཐ་མས་བཀྲལ་བ་ལ་ལྟོས་དགོས་པ་རྣམས་ལ་གཙོ་བོར་དགོངས་ནས་མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་སོ་སོར་ཕྱེ་ནས་སྟོན་པའི་མདོ་དངོས་སམ། དེའི་སྡེར་གཏོགས་པ་གང་རུང་འཁོར་ལོ་ཐ་མའི་མཚན་ཉིད། མཚན་གཞི་ནི། ཕལ་པོ་ཆེ་དང་། ལང་ཀར་གཤེགས་པ་ལ་སོགས་པའི་གསུང་རབ་རྣམས་ཡིན། ཅིའི་ཕྱིར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཞེས་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུས་ཤིང་གཞན་དབང་ཡོངས་གྲུབ་བདེན་གྲུབ་དང་། ཀུན་བཏགས་བདེན་མེད་དུ་ལེགས་པར་ཕྱེ་ནས་གསུང་བས་ན་དེ་སྐད་ཅེས་བརྗོད་དོ།། ཆོས་འཁོར་ལན་གསུམ་དུ་བསྐོར་བ་ལས། ཆོས་འཁོར་དང་པོས་མེད་པར་འཛིན་པ་ལས་བཟློག་པར་བྱས་ནས་ཡོད་པར་འཛིན་པ་གཙོ་བོར་གསུངས། དེ་ནས་ཆོས་འཁོར་གཉིས་པས་ཡོད་པར་འཛིན་པ་ལས་བཟློག་པར་བྱས་ནས་ཆོས་ཐམས་ཅད་མེད་པར་འཛིན་པ་གཙོ་བོར་གསུངས། དེ་ནས་ཆོས་འཁོར་གསུམ་པས། ཆོས་ཀྱི་འཁོར་ལོ་སྔ་མ་གཉིས་ཀྱིས་ཡོད་པར་འཛིན་པ་དང་མེད་པར་འཛིན་པ་ཤས་ཆེ་བར་གྱུར་པ་དེ་ལ་ལེགས་པར་ཕྱེ་སྟེ་ཀུན་བཏགས་བདེན་མེད། གཞན་དབང་བདེན་གྲུབ། ཡོངས་གྲུབ་དོན་དམ་པར་ཡོད་པར་བསྟན་ནོ།།