ལུག་ཚེ་ཐར་

ཡོང་ཁུངས་Wikipedia

༄༅།། ཀྲུང་གོའི་སྐབས་ལྔ་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་འཐོབ་མཁན་ཚེ་རིང་ནོར་བུ་ལགས་ལ་བཅར་འདྲི་ཞུ་བ།

བོད་ཀྱི་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ནི་ལོ་རབས་དྲུག་བཅུ་པའི་ནང་ལྷ་ས་གྲོང་ཁྱེར་དུ་འཁྲུངས་ཤིང་།སློབ་ཆུང་དང་།སློབ་འབྲིང་།དེ་བཞིན་མཐོ་རིམ་སློབ་འབྲིང་སོགས་ལྷ་ས་རང་དུ་བསྐྱོད་པ་དང་།༡༩༨༡ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་བཞུགས།༡༩༨༦ལོར་སློབ་མཐར་ཕྱིན་རྗེས་ཆབ་མདོར་བོད་ཡིག་དགེ་རྒན་གྱི་ཕྱག་ལས་ལོ་གཉིས་ཙམ་གནང་བ་དང་།བོད་ལྗོངས་གསར་འགྱུར་ཁང་《བོད་ཀྱི་རྩོམ་རིག》ཅེས་པའི་རྒྱ་ཡིག་གི་དུས་དེབ་ཁང་དུ་ཕྱག་ལས་གནང་སྟེ་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་མཁན་གྱི་བོད་རིགས་རྩོམ་པ་པོ་ཞིག་ཡིན་ཞིང་།༢༠༠༩ལོར་གསར་རྩོམ་མཛད་པའི་སྒྲུང་ཐུང་《ཨ་མེ་རི་ཀ》ཞེས་པ་དེ་དུས་དེབ་ཏུ་བཀོད་རྗེས《ཀྲུང་གོའི་ལོ་རེའི་བརྩམས་སྒྲུང་གཅེས་བསྡུས》ཞེས་པར་བདམས་ཐོན་བྱུང་འདུག་པ་དང་།ཉེ་ལམ་ཚེ་རིང་ནོར་བུ་ལགས་ཀྱི་བརྩམས་སྒྲུང《ལུག་ཚེ་ཐར》ཞེས་པར་ཀྲུང་གོའི་སྐབས་ལྔ་བའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ།ཁོང་ནི་ཐེངས་འདིའི་བྱ་དགའ་དེ་ཐོབ་མིའི་གྲས་ཀྱི་་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་གཅིག་བུ་དེ་རང་ཡིན། ལུའུ་ཞུན་རྩོམ་རིག་བྱ་དགའ་ནི་ཀྲུང་གོ་ནང་ཁུལ་གྱི་མའོ་ཏུན་རྩོམ་རིག་བྱ་དགའི་འཕྲོས་ནས་རྒྱ་ཡིག་གི་རྩོམ་རིག་བྱ་དགའི་རིམ་པ་མཐོ་ཤོས་དེ་ཡིན།

གཡུལ་རྒྱལ། ངས་ཐོག་མར་དགེ་རྒན་ལགས་ཁྱེད་རང་གིས་བརྩམས་གནང་བའི་བརྩམས་སྒྲུང་《ལུག་ཚེ་ཐར》ཞེས་པར་ཉེ་ཆར་ཀྲུང་གོའི་སྐབས་ལྔ་བའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་གནང་བར་ང་ཚོ་ཆོས་གྲོགས་དྲྭ་ཚིགས་ཀྱི་ངོས་ནས་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཞེས་འཚམས་འདྲི་ཞུ་བ་དང་ཆབས་ཅིག ད་ལྟ་བོད་ཀྱི་བརྩམས་སྒྲུང་འབྲི་མཁན་རྩོམ་པ་པོའི་བརྩམས་སྒྲུང་ནང་ནས་ཁྱེད་ཀྱི་བརྩམས་སྒྲུང་《ལུག་ཚེ་ཐར》ལ་བྱ་དགའ་འདི་ལྟ་བུ་ཐོབ་པ་ནི་ཐེངས་དང་པོ་རེད་བསམ་གྱི་ཡོད་པས།ཁྱེད་ནས་རྩོམ་འདི་བཞིན་བརྩམ་དགོས་པའི་སྐུལ་སློང་ངམ་དམིགས་ཡུལ་ཇི་ལྟར་ཡིན་མིན་དང་།དེ་རྗེས་རྒྱ་ཡིག་གི་རྩོམ་རིག་བྱ་དགའ་རིམ་པ་མཐོ་ཤོས་དེ་འདྲ་ཞིག་ཐོབ་དུས་ཁྱེད་ལ་དམིགས་བསལ་གྱི་ཚོར་བའམ་དགོངས་ཚུལ་གང་འདྲ་ཡོད་དམ།

ཚེ་རིང་ནོར་བུ་ལགས། ངའི་ཐོག་མའི་རྩོམ་འདི་འབྲི་བའི་སྐུལ་སློང་དང་དམིགས་ཡུལ་ནི་ང་ཚོའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དེས་གཞི་བྱས་ཏེ་བོད་མིའི་སེམས་ཁམས་དེ་ཚོ་ངོ་སྤྲོད་བྱེད་རྒྱུ་དེ་ཡིན་པས་ད་རེས་དེ་ལ་སྤྱི་ཡོངས་ནས་ངོས་འཛིན་བྱས་པ་དང་།བྱ་དགའ་དེ་ཐོབ་དུས་བརྗོད་མི་ཤེས་པའི་དགའ་པོ་བྱུང་།དེས་མ་ཟད་ཁོང་ཚོས་བོད་ཀྱི་རིག་གནས་འཛིན་པའི་བསམ་པ་དེ་ཡང་མཚོན་ཐུབ་ཀྱི་རེད་བསམ་གྱིན་ཡོད།

གཡུལ་རྒྱལ། ད་ལྟ་ཁྱེད་ཀྱི་གོང་དུ་གསུངས་པ་ལྟར་བརྩམས་སྒྲུང་དེའི་ནང་བོད་མིའི་རིགས་གནས་ཀྱིས་གཞི་བྱས་དམིགས་བསལ་བོད་མིའི་སེམས་ཁམས་དེ་ཚོ་མི་སྣའི་གཤིས་ཀའི་སྟེང་ནས་ངོ་སྤྲོད་བྱས་པའམ་མཚོན་ཐབས་གནང་བ་དེ་ཚོར་དེ་མིན་མི་རིགས་གཞན་ཚོས་བལྟ་སྟངས་དང་ངོས་འཛིན་གང་འདྲ་བྱུང་ཡོད་དམ།

ཚེ་རིང་ནོར་བུ་ལགས། བརྩམས་སྒྲུང་དེར་མི་རིགས་ཙམ་མ་ཟད་རྒྱལ་ཁབ་མང་པོའི་མིས་དགའ་པོ་བྱེད་ཀྱིན་འདུག དེ་སྔོན་ལྷོ་ཀུ་རེ་ཡའི་སྐད་ཡིག་དུ་སྒྱུར་བ་དང་།ཁོང་ཚོས་སྒྲུང་དེར་དམིགས་བསལ་དགའ་པོ་བྱེད་དགོས་པའི་རྒྱུ་ཚན་ནི་བོད་མིའི་སེམས་ཁོང་གི་ཚོར་བའམ་སྐད་ཆ་མང་པོ་ཞིག་སྒྲུང་དེའི་སྟེང་ནས་སྟོན་ཐུབ་ཀྱི་ཡོད་པ་དང་།མིའི་རིགས་ཐུན་མོང་ལ་ཡོད་པའི་དགེ་སྐྱོན་མང་དག་ཅིག་ཀྱང་འབུར་ཐོན་བྱུང་འདུག་པས་ཁོང་ཚོར་ཡང་སྐུལ་འདེད་དང་ཤུགས་རྐྱེན་ཆེན་པོ་བྱུང་ཞེས་གསུངས་ཀྱི་འདུག་ལ།ཡང་ཉེ་ཆར་དབྱིན་ཇིའི་རྒྱལ་ཁབ་ནས་དེང་དུས་ཀྲུང་གོའི་རྩོམ་པ་པོ་ངོ་སྤྲོད་བྱེད་པའི་དྲྭ་རྒྱ་ཞིག་འདུག་པ་དེས་ཀྱང་ང་རང་ལ་ཡེ་གེ་བསྐུར་ཏེ་སྒྲུང་དེ་དབྱིན་ཡིག་དུ་བསྒྱུར་ཆོག་པ་དང་།དེང་དུས་ཀྲུང་གོའི་རྩོམ་པ་པོ་ངོ་སྤྲོད་བྱེད་པའི་ནང་སྒྲུང་དེའང་མཉམ་དུ་ངོ་སྤྲོད་བྱ་རྒྱུ་ཡིན་ཟེར།

གཡུལ་རྒྱལ། སྤྱིར་བཏང་ང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་མང་ཚོགས་དཀྱུས་མའི་འཚོ་བ་དངོས་མཚོན་པའི་བརྩམས་སྒྲུང་རིགས་ཧ་ཅང་མཐོང་དཀོན་པ་ཞིག་རེད་འདུག ཡིན་ནའང་དུས་རབས་གོང་མའི་ལོ་རབས་གྱ་བཅུ་དང་དགུ་བཅུའི་ནང་བོད་ཀྱི་ན་གཞོན་རྩོམ་པ་པོ་མི་ཉུང་བ་ཞིག་གིས་བྲིས་གནང་བའི་བརྩམས་སྒྲུང་རིང་ཐུང་སྣ་ཚོགས་ཤིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་ཐོན་ཡོད་པ། དཔེར་ན་གླང་མདུན་དཔལ་འབྱོར་ལགས་ཀྱི་《གཙུག་གཡུ》 དང་།བཀྲས་གླིང་དབང་རྡོར་ལགས་ཀྱི་《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་》བཀྲ་ཤིས་དཔལ་ལྡན་ལགས་ཀྱི《 ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག》བསྟན་པ་ཡར་རྒྱས་ལགས་ཀྱི་《 ཐག་རིང་གི་སྦྲ་ནག》 ཚེ་རིང་དབྱངས་སྐྱིད་ལགས་ཀྱི 《རི་རྩེའི་སྤྲིན་དཀར 》 སོགས་བརྩམས་སྒྲུང་མང་པོ་ཞིག་ཡོད་མོད།ཡིན་ན་ཡང་ཁོང་ཚོས་བྲིས་པའི་བརྩམས་སྒྲུང་དང་ཁྱེད་ཀྱིས་བྲིས་པའི་《ལུག་ཚེ་ཐར》བར་མི་འདྲ་བའམ་དམིགས་བསལ་ཁྱད་ཆོས་འདྲ་གང་འདྲ་ཡོད་དམ།

ཚེ་རིང་ནོར་བུ་ལགས། དེ་སྔོན་རྩོམ་པ་པོ་ཁོང་རྣམས་པ་ཚོས་བརྩམས་གནང་བའི་བརྩམས་སྒྲུང་དེ་ཚོ་ནི་དུས་སྐབས་དང་ས་ཁུལ་མི་འདྲ་བའི་འཚོ་བའི་བརྗོད་དོན་ནམ་ཞིང་འབྲོག་ཁུལ་གྱི་འཚོ་བ་བརྗོད་བྱར་བྱས་ཡོད།ཡིན་ནའང་ད་རེས་ངའི《ལུག་ཚེ་ཐར》ཞེས་པ་འདིའི་ནང་དེང་དུས་ལྷ་ས་གཙོ་བོ་བྱས་ཏེ་ལྷ་སའི་ས་ཁུལ་མང་ཚོགས་དཀྱུས་མའི་རྒྱུན་ལྡན་གྱི་འཚོ་བ་དེ་ཚོ་བརྗོད་དོན་དུ་བཟུང་ནས་བྲིས་པ་ཞིག་ཡིན་པ་མ་ཟད།ད་དུང་དེའི་ནང་རང་མི་རིགས་ཀྱི་རིག་གནས་དང་།ཆོས་ལུགས་ཀྱི་བསམ་པའི་འཁྱེར་བཟོ་དེ་ཚོའང་མཉམ་དུ་བསྲེས་པ་དཔེར་ན།ཡ་རབས་གུས་ཞབས་ཀྱི་སྤྱོད་པ།ཕན་ཚུལ་བྱམས་སྙིང་རྗེ་དང་། ཕན་ཚུལ་འཆམ་མཐུན་དེ་རིགས་ཀྱང་བརྗོད་བྱའི་གཙོ་བོར་བཞག་སྟེ་བྲིས་པ་ཞིག་ཡིན།

གཡུལ་རྒྱལ། དེང་སང་ང་ཚོ་བོད་ཀྱི་རྩོམ་རིག་རྣམ་གྲངས་སྙན་རྩོམ་དང་།དཔྱད་རྩོམ།སྒྲུང་རྩོམ་ལ་སོགས་པ་མང་པོ་ཞིག་ཡོད་པའི་ནང་ནས། བརྩམས་སྒྲུང་ལ་དམིགས་བསལ་ཁྱད་ཆོས་མི་སྣའི་བསམ་བློ་ཞིབ་འབྲི་དང་།མི་སྣའི་བྱ་འགུལ་གྱི་ཐད་ནས་རང་མི་རིགས་ཀྱི་གཤིས་ཀ་དང་། སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་མང་པོ་མཚོན་པར་བྱེད་ནུས་པས་ཁྱེད་ཀྱི་གཟིགས་ན་སླད་ཕྱིན་ང་ཚོའི་གཞོན་སྐྱེས་ཚོས་རྩོམ་ལུགས་གང་གི་ཐད་ཤུགས་ཆེ་ཙམ་སྦྱངས་དགོས་ཀྱི་ཡོད་པ་གཟིགས་ཀྱི་འདུག་གམ།

ཚེ་རིང་ནོར་བུ་ལགས། ངས་མཐའ་གཅིག་ཏུ་ཁོང་ཚོར་དམིགས་ཡུལ་འདི་འདྲ་ཞིག་བཟུང་ནས་འདིའི་ཐོག་སྦྱང་བརྩོན་ཧུར་ཐག་བྱེད་དགོས་ཀྱི་འདུག་ཞེས་བཤད་རྒྱུ་མེད། གང་ཡིན་ཞུས་ན་ང་ཚོར་རྩོམ་རྩལ་འདྲ་མིན་སྣ་ཚོགས་དགོས་ཀྱི་ཡོད།དཔེར་ན།ཚིགས་བཅད་དང་།ཚིགས་ལྷུག ཚིགས་ལྷུག་སྤེལ་མ་ལ་སོགས་མང་པོ་ཡོད་པ་དང་།ལྷག་པར་དེང་སང་ཕྱི་རྒྱལ་གྱི་རྩོམ་རྩལ་དེ་རིགས་ལ་ཡང་ཞིབ་འཇུག་བྱས་ཏེ་རང་གི་འབྲི་རྒྱུའི་རྩོམ་དེ་དང་མཐུན་པ།རང་མི་རིགས་ཀྱི་རིག་གནས་ལ་འཚམས་པའི་ལམ་ནས་གོ་བརྡ་ཡག་ཤོས་དེ་གང་འདྲ་འཕྲོད་མིན་ལ་བལྟ་དགོས།རང་ཉིད་ལ་ཆ་མཚོན་ནའང་སྒྲུང་ཞིག་བྱུང་མ་ཐག་དེར་ལག་པ་མ་འཆང་པར་ཉན་པ་པོའི་སེམས་ནང་གང་འདྲ་བྱས་ཏེ་འཛུལ་ཐུབ་པའི་ཐབས་ཤེས་སྤྱོད་པ་དང་། དེ་མིན་ཁོར་ཡུག་གི་གནས་ཚུལ་སྟེང་ནས་སྒྲུང་གི་བརྗོད་བྱ་ཐོན་ཐབས་སྤྱོད་ཀྱིན་ཡོད།
གཡུལ་རྒྱལ། སྔོན་མ་ང་ཚོའི་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་ཡིག་ནས་ད་ལྟའི་བོད་ཀྱི་དེང་རབས་རྩོམ་ཡིག་དེ་རྣམས་འཛམ་གླིང་སྤྱི་ཡི་དབང་དུ་བཏང་ན་ཚད་གཞི་དེ་གང་དུ་སླེབས་ཡོད་མེད་དང་མ་འོངས་པར་རེ་བའམ་མདུན་ལམ་ཇི་ཙམ་ཡོད་དམ།

ཚེ་རིང་ནོར་བུ་ལགས། ད་ལྟའི་ང་ཚོའི་བོད་ཡིག་གི་རྩོམ་ཡིག་གཅིག་བུ་མ་ཡིན་པར་སྤྱི་ཡོངས་ནས་བོད་པས་བྲིས་པའི་རྒྱ་ཡིག་རྩོམ་ཡིག་དང་བོད་ཡིག་གི་རྩོམ་ཡིག་མཉམ་དུ་བཞག་ཏེ་བསམ་གཞིགས་བྱས་ན།རྩོམ་ཡིག་གི་བརྗོད་བྱའི་ཐད་ནས་བཤད་ན་འདྲ། རྩོམ་རྩལ་གི་ཐོག་ནས་བརྗོད་ནའང་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ནང་ནས་མདུན་གྲས་སུ་སླེབས་ཀྱི་ཡོད།དེའང་ལྷ་ས་ཙམ་མ་ཡིན་པར་བོད་མདོ་དབུས་ཁམས་གསུམ་གྱི་ད་ལྟའི་རྩོམ་གྱི་ཚད་གཞི་མཐོན་པོར་སླེབས་ཡོད་པ་དཔེར་ན།རྒྱལ་ཡོངས་ཀྱི་རྩོམ་ཡིག་འགྲན་བསྡུར་དེ་ཚོའི་ནང་ལའང་བོད་པ་ལོ་ཆུང་ཆུང་དེ་རིགས་ཀྱི་རྩོམ་ཡིག་ཡང་ཡང་སླེབས་ཐུབ་ཀྱི་ཡོད་ལ།དེ་སྔོན་ཉི་མ་ཕན་ཐོགས་ཀྱིས་བྲིས་པའི་བརྩམས་སྒྲུང་འབྲུ་སྨུག་པོ་དེ་དང་།འཇམ་དབྱང་ཚེ་རིང་གིས་བྲིས་པའི《ཁམས་པའི་འཚོ་བ་སྐྱེལ་བཏང》ཞེས་པ་དེ་གཉིས་ཡང་རྒྱལ་ཡོངས་སུ་ཚད་གཞི་མཐོན་པོར་སླེབས་ཡོད་པ་མ་ཟད་བག་ཆགས་ཡང་ཡག་པོ་ཡོད་འདུག་པ་བཅས་ལས།ང་ཚོའི་དེང་རབས་བོད་ཀྱི་རྩོམ་ཡིག་ལ་རེ་བ་དང་མདུན་ལམ་ཆེན་པོ་ཡོད་པ་མཐོང་གི་འདུག

གཡུལ་རྒྱལ། མཇུག་ཏུ་རྒན་ལགས་ནས་ང་ཚོའི་བཅའ་འདྲི་དང་ལེན་གནང་བར་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་སླད་ཕྱིན་ཁྱེད་ཀྱི་སྐུ་ཁམས་གསལ་ཐང་དང་བྱ་བ་ཐམས་ཅད་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུའོ།།
ཚེ་རིང་ནོར་བུ་ལགས། ཐུགས་རྗེ་ཆེ།།