ལས་དབང་།

ཡོང་ཁུངས་Wikipedia
Jump to navigation Jump to search

རྩོམ་ཡིག་གི་ཁུལ།

ལས་དབང་།



གུས་པས་རེ་ཞིག་བསམ་དུས་ང་ཚོ་མི་ཡི་སེམས་དེ་སྡུག་བསྔལ་ལས་འགྲུབ་ཞིང་།ང་ཚོ་མི་ཡི་ལུས་པོ་ནི་དཀའ་ངལ་ལས་འགྲུབ། འཐོང་ཚུལ་དུ་མངོན་པ་ཉུང་ཡང་དོན་དངོས་ཐོག་སྐྱེ་བོ་མང་དག་ཞིག་ནི་མི་ཡུལ་དུ་བསྡོད་ པའིདུས་ཚོད་མང་ཆེ་བ་ཞིག་དཀའ་ངལ་ཁྲག་དྲི་བྱིང་བྱིང་བརྒྱབ་ནས་མ་འོངས་བདེ་སྐྱིད་ལྡན་པ་ ཞིག་བསྟོད་དགོས་སྙམ་ཡང་།མཇུག་འབྲས་ཕྲན་བུ་ཞིག་ཐོབ་དུས།སྙིང་རྗེ་མེད་པའི་སྡུག་རྩུབ་ཀྱི་ ལས་དབང་དེས་བཙན་པོས།ཁོ་བོའི་རིན་ཐང་བྲལ་བའི་ཚེ་སྲོག་ཡོངས་སུ་འཕྲོག གཟིགས་དང་། ནམ་མཁའི་སྟེང་དུ་བཞུགས་པའི་དཀོན་མཆོག་གིས་དངོས་གནས་ལས་དབང་ཟེར་འདི་ལྟར་བྱས་སྐྱེ་བོ་རྣམས་ལ་བཀོད་ཀྱི་ཡོད་དམ།ཚེ་ཡི་མཇུག་མར་མ་སླེབས་པའི་སྐྱེ་བོ་མང་དག་ཞིག་འདི་འདྲ་བྱས་ནས།བདག་གི་འདྲེན་བྱེད་ལམ་ནས་བརླག་འགྲོ་དུས།ངའི་སེམས་ཁོངས་ཀྱི་ཞིང་ས་དེ་སྐྱོ་སྣང་གི་མདའ་མོ་འཕེན་སའི་འབེན་ཞིག་དང་འདྲ་བར་སྨ་ཁ་ཡང་ཡང་ཆགས།སྨ་ཁའི་ན་ཟུགས་ཀྱིས་ བདག་རང་དབང་མེད་པར་སྡུག་སྐད་ཚད་མེད་ཤོར་ལ།མཆི་མ་ཡང་ལྷུག་ལྷུག་ཏུ་ཤོར།བཟུང་ ཤུགས་མེད་པའི་ལག་ཟུང་དེས།ནག་པོ་ཡི་གེའི་གཟུགས་དེ་ཀྱག་གེ་ཀྱོག་གེར་འབྲི་བར་ཤོར། སྐྱོ་བ་ཆེ།མི་ཡུལ་དེར་ལས་དབང་ལ་ཡང་འདྲ་སྙམས་ཀྱི་དབྱེ་བ་མིན་འདུག་ལ།མི་ཡུལ་དངོས་ ཀྱི་སྤྱི་ཚོགས་ཁྲོད་འདྲ་སྙམས་ཞེས་པ་ནི་ལྷག་པར་དུ་བྲལ། གལ་སྲིད་ལས་དབང་དེར་འདྲ་སྙམས་ཟེར་བ་ཡོད་ན།ཡ་ང་བའི་སྐྱེ་བོ་དེ་དག་ལ་མ་མཐར་ འགྲོ་བ་གཞན་དང་འདྲ་བར་མི་ཚེ་དེ་མཐའ་མཇུག་བར་ཡོད་དགོས་ངེས་ལ་དབང་དགོས་ངེས་ཀྱང་རེད། གལ་སྲིད་མི་ཡུལ་གྱི་སྤྱི་ཚོགས་དེར་འདྲ་སྙམས་ཟེར་བ་ཡོད་ཚེ།སྐྱེ་བོ་གཞན་ལ་དབང་བ་ ཞིག་ཡིན་ཕྱིན་བདག་ལ་ཡང་དེ་འདྲ་ཞིག་དབང་དགོས་ངེས་རང་ཡིན། འོན་ཀྱང་དེ་འདྲ་སྲིད་དམ། མི་སྲིད།གཏན་ནས་མི་སྲིད།དེར་བརྟེན།ཐ་ན་ང་རས་ང་རར་ཡང་།ན་ཟུགས་ཀྱིས་ཁེངས་པའི་ སེམས་ཁོངས་ཀྱི་འབེན་ཐོག་ཏུ་སྐྱོ་སྣང་གི་མདའ་མོ་འཕེན་དང་འཕེན་མུས་ཡིན། ལས་དབང་གི་བདག་ལ་སྲོག་གི་ཆད་པ་བཅད་པར་བདག་མི་སྐྲག་ཞིང་།ལས་དབང་ལ་འདྲ་སྙམས་ཀྱི་ཐོབ་ཐང་དགོས་པའི་ལྟ་བ་བརྗོད་ས་མེད་པར་བདག་ཧ་ཅང་སྐྲག ལས་དབང་ནི་སད་དང་སེར་བ་ཞིག་དང་འདྲ་བར།ངའི་མཛེས་སྡུག་ཡིད་དུ་འོངས་བའི་མེ་ ཏོག་གི་མཛེས་པ་ཡོངས་སུ་བཅོམ།ལས་དབང་བྲག་སྟེང་ནས་རྒྱུགས་པའི་ཤྭ་འོད་ཞིག་དང་འདྲ་ བར།ངའི་དྲོ་སྐྱིད་ལྡན་པའི་ཡུལ་ལུང་།ངར་པོའི་ཆུ་ཡིས་ཐང་ཤོངས་སུ་འགྱུར།འཇིགས་སྣང་ཆེ་བའི་ ལས་དབང་དེར་བདེ་སྡུག་གི་སྨྲ་བ་ཕྲན་ཙམ་བརྗོད་རྒྱུ་ཡོད་ན།ངའི་མི་ཡུལ་དེ་ཇི་འདྲའི་སྤྲོ་སྣང་ ལྡན་པ་ཞིག་མ་རེད་དམ། ངག་དབང་བསོད་ནམས་ནས། ༢༠༡༠ལོའི་ཟླ་བ་༠༨པའི་ཚེས་༢༠ཉིན།