རྩོམ་སྒྲིག་རྩ་དོན་ལྔ།

ཡོང་ཁུངས་Wikipedia

རྩོམ་སྒྲིག་རྩ་དོན་མདོར་བསྡུས་ན་གཤམ་གསལ་ལྟར།

File:Encyclopedia

ཝེ་ཁེ་རིག་མཛོད་ནི་ཤེས་བྱའི་བང་མཛོད་ཅིག་ཡིན།

དེ་བས་འདིའི་རྩོམ་སྒྲིག་བྱེད་པའི་ནང་དོན་ཐམས་ཅད་ཕྱི་རོལ་ཡུལ་གྱི་དངོས་དོན་མཚོན་དགོས་ལ། རྩོམ་སྒྲིག་པ་རང་གི་འདོད་བློ་དང་བློས་བསླང་བྱེད་པ་བརྒྱུད་ནས་ཐོན་པའི་ཡི་གེ་སོགས་སྤེལ་མི་མཆོག འདི་ལ་ཚན་རིག་གི་ལུགས་དང་མཐུན་པའི་ནང་དོན་དང་ཕྱོགས་སྡོམ་སྤེལ་བ་ལས་མི་བུ་རང་གི་བསམ་ཁྱབ་དང་ཉམས་མྱོང་སོགས་སྤེལ་མི་རུང་། དེ་ལས་ལྷག་པར་འདིར་རང་རང་གི་བྲིས་པའི་རྩོམ་རིག་བརྩམས་ཆོས་དང་དགག་སྒྲུབ་རྩོམ་ཡིག་སོགས་མི་སྤེལ་བར་མཁྱེན། ཝེ་ཁེ་རིག་མཛོད་ནི་སྤྱོད་སྒོ་ཅན་གྱི་ཤེས་བྱ་གསོག་ཉར་བྱེད་ས་ཡིན་པ་ལས་ཁྱེད་ཀྱི་ཉིན་ཐོ་འབྲི་ས་དང་རང་ལྟ་མཆོག་འཛིན་བྱེད་ས་གཏན་ནས་མིན།



2


ཕྱོགས་རིས་མེད་པ།

རྩོམ་སྒྲིག་པ་སུ་ཡིན་རུང་རང་རང་གི་ལྟ་བ་དེ་བདེན་ལུགས་དུ་བཟུང་ནས་གཞན་ལ་ཁྱད་གསོད་བཏང་མི་ཆོག ཚིག་དུམ་གང་ལ་འགྲེལ་བཤད་བྱེད་ནའང་ངེས་པར་དུ་བློ་གཟུར་བོར་གནས་དགོས་ལ་རང་གི་ཤེས་རིག་དང་ཁེ་ཕན་གྱི་རྒྱབ་ལྗོངས་སོགས་མཚོན་མི་ཆོག རང་གི་བྲིས་བའི་ནང་དོན་སོགས་བདེན་ལུགས་སུ་བརྩིས་ནས་གཞན་གྱི་རྩོམ་སྒྲིག་འབྲས་བུ་དོར་གསུབ་གཏོང་མཁན་ལ་ཆད་པ་ལྗིད་མོ་གཅོད་ངེས། གལ་སྲིད་རྩོམ་སྒྲིག་པ་རང་ལ་ལྟ་བ་དང་ཤེས་བྱ་མི་མཐུན་པ་ཡོད་ཚེ། སྔར་ཡོད་ཀྱི་ནང་དོན་དང་རང་ཉིད་ཀྱི་རྩོམ་སྒྲིག་ནང་དོན་གཉིས་ཤོག་ངོས་གཅིག་གི་སྟེང་ཏུ་བཞག་ཆོག

3


པར་དབང་ལ་ཆ་འཇོག

སྤྱིར་ཝེ་ཁེ་རིག་མཛོད་ཀྱི་པར་དབང་མི་བུ་སུ་ཡིན་རུང་རིན་མེད་པར་སྤྱད་ཆོག ཝེ་ཁེ་རིག་མཛོད་རང་ལ་པར་དབང་སོགས་གང་ཡང་ཁས་ལེན་བྱེད་རྒྱུ་མེད། རྩོམ་སྒྲིག་པ་རང་རང་གིས་སྤེལ་བའི་ནང་དོན་དེས་མི་གཞན་གྱི་ངོས་ལེནམ་པར་དབང་ལ་གནོད་པ་མི་བྱུང་བར་བྱེད་དགོས། གཞན་གྱིས་ཆོག་མཆན་མ་ཐོབ་ན་གང་འདོད་དུ་པར་དབང་ཡོད་པའི་ནང་དོན་སོགས་འདི་ལ་མ་འདྲེན།

4


གཟབ་ནན་གྱི་ནང་དོན་སོགས་སྤེལ་མི་ཆོག

ཀུན་གྱིས་དང་ལེན་བྱེད་དཀའ་བའི་ནང་དོན་གང་རུང་སྤེལ་མི་ཆོག བོད་ཡིག་གི་ཝེ་ཁེ་རིག་མཛོད་ཡུན་རིང་པོར་གནས་ཐུབ་པར་བྱ་ཆེད་དུ། ཆབ་སྲིད་དང་འགལ་བའི་ནང་དོན་དང་ལུང་འདྲེན་སོགས་མི་བྱ་རྒྱུ་མཁྱེན། འདི་ནི་དོན་ཚན་གཉིས་པ་དང་འགལ་ཡོད་མོད། འོན་ཀྱང་མིག་སྔར་རྒྱལ་ནང་ནས་རྒྱ་ཡིག་གི་ཝེ་ཁེ་ལ་བལྟ་མི་ཐུབ་པ་ནང་བཞིན། གལ་སྲིད་དབང་བསྒྱུར་པའི་འདོད་བློ་དང་འགལ་བའི་ནང་དོན་སྤེལ་རྒྱུ་མང་སོང་ན། བོད་ནང་ནས་ཝེ་ཁེ་རིག་མཛོད་སྤྱོད་མི་ཐུབ་པའི་ཉེན་ཁ་ཡོད་པས། དུས་རྟག་ཏུ་ཆབ་སྲིད་དང་འབྲེལ་བའི་ནང་དོན་སོགས་མི་འཁོད་རྒྱུ་གལ་ཆེན། དོན་ཚན་འདི་འཁོད་དོན་ནི་བོད་ཡིག་རང་ལ་ཞབས་འདེགས་ཞུ་རྒྱུའི་འབོད་སྐུལ་གཙང་མ་ཡིན་པ་ལས་རྩོམ་སྒྲིག་པའི་ལངས་ཕྱོགས་སོགས་གཏན་ནས་མཚོན་མེད། གལ་སྲིད་ཆབ་སྲིད་ལངས་ཕྱོགས་ཀྱི་ཐད་ལ་བོད་ཕྱི་ནང་གཉིས་ཀྱི་རྩོམ་སྒྲིག་པའི་བར་ལ་རྩོད་གཞི་བྱུང་ན་བོད་ནང་ལ་སྤྱོད་མཁན་མང་པར་དམིགས་ནས་བོད་ནང་གི་ལངས་ཕྱོགས་ལ་གཞི་འཛིན་དགོས།

5


མི་སུ་ཡིན་རུང་ནང་དོན་འཐུས་ཚང་ཅན་དུ་བཏང་ཆོག

ཤེས་བྱ་ནི་དུས་དང་རྣམ་པ་ཀུན་དུ་འགྱུར་བཞིན་ཡོད་ལ་ཚན་རིག་གི་སྡོམ་ཚིག་ལ་ཡང་ཡོངས་སུ་བདེན་པ་ཡིན་པ་ཚད་མས་མ་གྲུབ་པས་མི་སུ་ཡིན་རུང་སྐབས་སུ་བབས་ན་ནང་དོན་ལ་ལེགས་བསྒྱུར་དང་འཐུས་ཚང་ཅན་དུ་བཏང་ཆོག རབ་ཡིན་ན་རྣམ་གཞག་དང་ཡིག་གའབྲུ་སོགས་ཀྱི་ཆ་ནས་ཡིག་ནོར་དང་མི་འདང་ས་ཡོད་པ་མཐོང་ན་ཐད་ཁར་རང་ལག་བརྒྱུད་ནས་ལེགས་བསྒྱུར་བཏང་ཆོག