རྣམ་དབྱེ་ལྔ་བ་སོགས་བཤད་པ་

ཡོང་ཁུངས་Wikipedia

ནས་ལས་གཉིས་ནི་རྣམ་དབྱེ་ལྔ་བ་འབྱུང་ཁུངས་དང་། དགར་བ་དང་། སྡུད་པ་གསུམ་ལ་འཇུག་པ་ལས། དང་བོ་རྣམ་དབྱེ་ལྔ་བ་འབྱུང་ཁུངས་ལ་འཇུག་པ་ནི། གཞི་གང་ཞིག་ལས་གང་བྲལ་བའམ་འབྱུང་བ་སྟོན་པའི་དོན་དུ་འཇུག་ལ། དེ་དག་ཕྲད་རང་དབང་ཅན་ཡིན་གཤིས། སྦྱོར་ཚུལ་རྗེས་འཇུག་གི་ཁྱད་པར་ལ་མི་ལྟོས་པར་ཐམས་ཅད་ཀྱི་མཐར་ཅི་རིགས་པར་སྦྱར་བར་བྱ་སྟེ། དཔེར་ན། ནམ་མཁའ་ནས་ཆར་བབས། ནམ་མཁའ་ལས་ཆར་བབས། ས་གཞི་ནས་ལོ་ཏོག་འཁྲུངས། ས་གཞི་ལས་ལོ་ཏོག་འཁྲུངས། ལྟ་བུ་འབྱུང་ཁུངས་དང་། རྟ་ཐོག་ནས་ལྷུང་། རྟ་ཐོག་ལས་ལྷུང་། སྟན་ནས་ལྡིང་། སྟན་ལས་ལངས། ལྟ་བུའང་འབྱུང་ཁུངས་ཡིན་ལ། རིན་པོ་ཆེ་མཆོག་ནས་འདི་ལྟར་གསུངས་ལྟ་བུ་ཡང་འབྱུང་ཁུངས་ཡིན་ནོ། དགར་བ་ལ། རིགས་དང་། བྱ་བ་དང་། ཡོན་ཏན་དང་རྫས་ཀྱི་སྒོ་ནས་དགར་བ་བཞི་ཡོད་དེ། དང་བོ་ནི། རྒྱལ་ཁབ་འདི་མི་རིགས་ཐམས་ཅད་ལས་བོད་རིགས་མང་། གྲངས་ཉུང་མི་རིགས་ནང་ནས་བོད་རིགས་ནི་མཐོ་སྒང་ལ་གནས། ལྟ་བུ། གཉིས་པ་ནི། བྱ་བ་ཐམས་ཅད་གྱི་ནང་ནས་གཞན་དོན་བྱེད་པ་མཆོག། ལས་ཐམས་ཅད་ལས་མི་རིགས་རང་གི་དོན་གཙོ། ལྟ་བུ། གསུམ་པ་ནི། ཐམས་ཅད་ལས་ཡོན་ཏན་ཆེ་བའི་མི་དེ། སློབ་གྲྭ་ཆེན་མོའི་ནང་ནས་རྩིས་ལ་མཁས་པ་དེ། ལྟ་བུ། བཞི་བ་ནི། རྒྱལ་ཆེན་བཞིའི་ནང་ནས། རྒྱལ་མཚན་ཅན་ནི་རྣམ་སྲས་སོ། མི་འདི་དག་ལས་རལ་བ་ཅན་ནི་བོད་པའོ། ལྟ་བུ་སྟེ། མཆོག་ཏུ་དགར་བ་དང་། མང་བར་དགར་བ་དང་། ཡོན་ཏན་ཆེ་བར་དགར་བ། ཉུང་བར་དགར་བ་དང་། དམན་པར་དགར་བའང་ཡོད་དོ། ནས་སྡུད་པ་ལ་འཇུག་པ་ནི། དཔེར་ན། རྒྱལ་ས་ནས་ས་གནས་བར། གཅིག་ནས་བརྒྱའི་བར། ཁྲུན་ཏུའི་ནས་ལྷ་སའི་བར། མཚོ་སྔོན་ནས་ལྷ་སའི་བར། ཁྲུན་ཏུའི་ནས་རྔ་བའི་བར་ལྟ་བུ། ལས་སྡུད་པ་ལ་འཇུག་པ་ནི། དཔེར་ན་སྔོན་གྱི་ཡིག་རྙིང་ཕལ་མོ་ཆེར་བྱུང་བ་ལྟར། གཟུགས་ལས་སོགས་པ་དང་། མིག་ལས་སོགས་པ། དེ་དག་ལས་སྩོགས་པ། ཞེས་པ་ལྟ་བུ། འོན་ཀྱང་རྗེས་སུ་རིམ་གྱི་བརྡ་དང་ཡིག་གཟུགས་འགྱུར་ནས། ལསྩོགས་པ་ཞེས་པར་ཚེག་མི་བྱེད་པར་གྱུར་པ་དང་། ཡང་ལ་སོགས་ཞེས་བརྡ་སྐད་དང་ཡི་གེ་གཉིས་ཀར་ལ་རྐྱང་ལས་རྗེས་འཇུག་ས་མེད་པར་གྱུར་བ་ཡིན་ཞིང་། སློབ་དཔོན་ཐོན་མིས་བརྡ་སྤྲོད་པའི་གཞུང་སྐབས་ལས་སོགས་པ་ཞེས་ལས་སྡུད་པ་ལ་འཇུག་པའི་བརྡ་མ་འགྱུར་བའི་རྒྱུ་མཚན་གྱིས། དགར་དང་སྡུད་པའང་དེ་བཞིན་ནོ། ཞེས་ནས་ལས་གཉིས་དགར་སྡུད་འབྱུང་ཁུངས་གསུམ་ལ་ཁྱད་མེད་དུ་འཇུག་པར་གསུངས་པ་ཡིན་མོད། དེང་དུས་ལ་སོགས་པ་ཞེས་སྒྲ་དང་། ཡིག་གཟུགས་གཉིས་ཀ་འགྱུར་བ་སོར་བཞག་བྱེད་ནའང་འདིའི་ལ་ཡིག་སྡུད་པ་ལ་འཇུག་པར་བྱེད་དགོས་སྙམ། འོན་ཀྱང་གཟུགས་སོགས་ཞེས་ལ་སྒྲ་མེད་སྐབས་ཡིག་བསྡུས་པ་ཡིན་པར་ཤེས་དགོས་ཏེ། རྣམ་དབྱེ་གཞན་དག་ཀྱང་བསྡུས་པ་ཤིན་ཏུ་མང་ངོ་། མདའ་འཕངས་ནས་ཕོག། ལག་པ་བརྐྱངས་ནས་བཟུང་། ཕྱག་འཚལ་ནས་བཤད་ལྟ་བུའི་ནས་མཚམས་སྦྱོར་དང་། ལྷག་བཅས་གཉིས་ཀ་ལ་འཇུག་པ་གོང་དུ་བཤད་པ་ལྟར་ལ། རྒྱུ་ལས་འབྲས་བུ་འབྱུང་ལྟ་བུའང་འབྱུང་ཁུངས་དངོས་ཡིན་ནོ།