རྣམ་དབྱེ་དང་པོ་

ཡོང་ཁུངས་Wikipedia

རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་ནི་མིང་ཙམ་ལས་ལོགས་སུ་མེད་ལ། དོན་གྱི་ངོ་བོ་ཙམ་སྟོན་པ་མིང་དང་། དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པ་ཚིག་ཡིན་ཏེ། དཔེར་ན་ཁང་བ་ཞེས་པས་ཁང་བའི་ངོ་བོ་ཙམ་ལས་ཁྱད་པར་གང་ཡང་མི་སྟོན་སྟབས་མིང་ཙམ་ཡིན། ཁང་བའི་ཀ་བ་ཞེས་པས་ཁང་བའི་ངོ་བོ་དང་དེའི་ཁྱད་པར་ཀ་བ་གཉིས་རྣམ་དབྱེ་སྦྱར་ནས་སྟོན་པའི་སྒྲ་ཡིན་སྟབས། མིང་ཚིག་གཉིས་སུ་ཕྱེས་པའི་ཚིག་ཡིན་ལ། མིང་ཚིག་གཉིས་སུ་ཕྱེས་པའི་མིང་དང་ཚིག་གཉིས་འགལ་མོད། སྤྱིར་མིག་དང་ཚིག་གཉིས་མི་འགལ་ཏེ། ཁང་བའི་ཀ་བ་ཞེས་པ་མིང་ཡང་ཡིན་ལ་ཚིག་ཀྱང་ཡིན་པའི་ཕྱིར། དེ་བཞིད་དུ་ཀ་བ་ཞེས་པ་མིང་དང་། ཀ་བའི་ཟུར་ཞེས་པ་མིང་ཚིག་གཉིས་སུ་ཕྱེས་པའི་ཚིག་ཡིན་པ་ཤེས་པར་བྱའོ། ལེགས་སྦྱར་ལ་རྣམ་དབྱེ་དང་བོའི་གཅིག་ཚིག་དང་ཉིས་ཚིག་སོགས་ལོགས་སུ་ཡོད་མོད། བོད་འདིར་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་ལ་རྣམ་དབྱེ་དང་པོ་ཞེས་མིང་འདོགས་པ་ལས། ལོགས་སུ་དབྱེ་བ་མེད། འོན་ཀྱང་། མི་དག། བོད་དག་ཅེས་པ་ལྟ་བུའི་དག་སྒྲ་ཉིས་ཚིག་དང་། མི་རྣམས། བོད་རྣམས་ལྟ་བུའི་རྣམས་སྒྲ་མང་ཚིག་ཡིན་མོད། དཔེར་ན་རང་རེའི་མཁས་པ་སྔ་མ་དག་གིས་འདི་ལྟར་གསུངས་ཞེས་པ་ལྟ་བུའི་དག་སྒྲ་མང་ཚིག་ལ་འཇུག་པ་ཡང་སྐབས་དུ་མར་ཡོད་པ་ཤེས་སླ། རྣམ་དབྱེ་དང་པོ་མིང་ཙམ་གྱི་དཔེ་བརྗོད་ནི། ལྷ། མི། མགོ། ཡན་ལག། མཆོག། བཟང་། ཐོན་སྐྱེད། སྤྲིན། རྒྱབ། རྒྱལ་ཁབ། ལམ། མདའ། གསེར། སྐྱེད་ཚལ། གཡས། དབུས། ཕ་རོལ་ལྟ་བུའོ། རྣམ་དབྱེ་དང་པོ་དང་འབྲེལ་བའི་རྫོགས་ཚིག་ནི། གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་རྣམས་དང་། ད་དྲག་གི་དབང་གིས་ཏོ་བཅས་བཅུ་གཅིག་ཡོད། རྫོགས་ཚིག་དང་། སླར་སྡུད། ཟླ་སྡུད་རྣམས་ནི་མིང་གི་རྣམ་གྲངས་ཡིན་ལ། དེ་དག་གི་རྗེས་འཇུག་རང་འདྲར་སྦྱར་དགོས། དཔེར་ན། མགོ་ནི་ཡན་ལག་མཆོག་གོ། ཤེན་ཏུ་བཟང་ངོ་། ཐོན་སྐྱེད་བྱེད་དོ། ཁ་ཟས་སྦྱིན་ནོ། ས་བོན་བཏབ་བོ། འདི་ནི་གཞུང་ལམ་མོ། འདི་ནི་མོའོ། ང་ནི་དགའ་འོ། གསེར་རོ། རྒྱལ་ཁབ་འདི་ནི་རང་རེའི་མེ་རྒྱལ་ལོ། གཞུང་འབྲུ་འབུལ་ལོ། བྱ་བོ་བྱས་སོ། ཕོ་བྲང་དུ་ཕེབས་སོ། ཕ་རོལ་ཏུ་ཕྱིན་ཏོ་ལྟ་བུ། དོན་དེ་རེ་ཞིག་རྫོགས་པར་སྟོན་པས་རྫོགས་ཚིག་ཟེར་བ་ལས་དོན་ཡོངས་སུ་རྫོགས་པར་སྟོན་མི་དགོས། རང་གི་རྗེས་དེ་མ་ཐག་ཏུ་སླར་ཡང་རང་གི་ཚིག་གྲོགས་འབྱུང་བ་སྡུད་པའམ་མི་འབྱུང་བར་བྱས་པས་སླར་སྡུད་ཅེས་བརྗོད། རང་གི་མཇུག་དེ་མ་ཐག་ཏུ་ཚིག་རང་གི་ཟླ་བོའམ་གྲོགས་པོ་འབྱུང་བ་བསྡུས་པའམ་མི་འབྱུང་བར་བྱས་བས་ན་ཟླ་སྡུད་ཟེར། རྫོགས་ཚིག་དེ་དག་གི་རྗེས་སུ་ཚིག་གཞན་འབྱུང་ཡང་། སྔ་མའི་ཚིག་གྲོགས་མིན་ལ། འདིའི་ཟླ་སྡུད་ཅེས་པའི་སྡུད་ནི། འབྱེད་སྡུད་ཀྱི་སྡུད་མིན་གྱི་མཇུག་སྡུད་གྱི་སྡུད་ཡིན་ནོ། འོན་ཀྱང་གོ་སོགས་ཡོད་ཚད་རྫོགས་ཚིག་མིན་ཏེ། བྱེད་པ་པོ། ཚོར་བ་པོ་ལྟ་བུ་བདག་སྒྲ་དང་། ཡིན་པར་གོ་ལྟ་བུ་ཁོང་དུ་ཆུད་པའམ་ཤེས་པའི་དོན་དང་། འདི་ཀོ་ཞེས་པ་ངེས་བཟུང་དང་། བཙུན་མོ། ཡུ་མོ། མ་མོ། བུ་མོ་ལྟ་བུ་མོ་རྟགས་དང་། སྤྱི་བོ་ལྟ་བུ་མིང་ཟུར་ཡིན་པས་དེ་སོགས་ལ་མ་འཁྲུལ་བ་དགོས་སོ།།