རྣམ་དབྱེ་གཉིས་པ་

ཡོང་ཁུངས་Wikipedia

རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་། བཞི་བ་དགོས་ཆེད། བདུན་པ་གནས་གཞི་གསུམ་དང་། རྣམ་དབྱེ་བརྒྱད་གང་རུང་མ་ཡིན་པའི་ཚིག་ཕྲད། དེ་ཉིད་དང་། བདེན་པ་ཡང་ཟེར། ཚེ་སྐབས། དུས་སྟོན་པའང་ཟེར་བ་སྟེ་དོན་ལྔ་ལ་འཇུག་པ་ནི། སུ་རུ་དུ་ན་ལ་རྣམས་དང་། རུ་བསྡུས་པའི་ར་ཡིག་དང་། ད་དྲག་སོགས་ཀྱི་དབང་གིས་ཐོབ་པ་ཏུ་ཡིག་སྟེ་བདུན་ཡོད་ལ། འདི་དག་གི་ཚབ་ཏུ་ཕལ་ཆེར་ལ་ཡིག་འགྲོ་བའི་རྒྱུ་མཚན་གྱིས་ལ་དོན་ཡང་ཟེར་ལ། སུ་རུ་དུ་ཏུ་རྣམས་ནི་སྔོན་མའི་རྗེས་འཇུག་ལ་ལྟོས་པས་ཕྲད་གཞན་དབང་ཅན་ཡིན་ལ། ན་ལ་གཉིས་སྔོན་མའི་མཐའ་ལ་མི་ལྟོས་པས་ཕྲད་རང་དབང་ཅན་ཟེར། འདི་དག་གི་མིང་མཐའ་གང་ལ་འཇུག་པ་ནི། ས་སུ་ག་བ་ད་དྲག་ཏུ། ང་ད་ན་མ་ར་ལ་དུ། འ་དང་མཐའ་རྟེན་མེད་མཐར་རུ། འདི་དང་ར་མཐའ་བྱ་བ་གཅིག། ན་ལ་གཉིས་ནི་རང་དབང་ཅན། ཞེས་པ་ལྟར། ས་མཐའ་རྟེན་ཅན་གྱི་རྗེས་སུ་སུ་དང་། ག་བ་ད་དྲག་མཐའ་རྟེན་ཅན་ལ་ཏུ། ང་ད་ན་མ་ར་ལ་མཐའ་རྟེན་ཅན་ལ་དུ། འ་མཐའ་རྟེན་ཅན་དང་རྗེས་མེད་པ་དག་གི་རྗེས་སུ་རུ་དང་། རུ་བསྡུས་ནས་དེའི་ཚབ་ཏུ་ར་རྗེས་འཇུག་གི་ཚུལ་དུ་འཇོག་པ་དང་། ན་ལ་གཉིས་མཐའ་རྟེན་ངེས་པ་མེད་པར་འཇུག་པ་སོགས་དཔཔེ་བརྗོད་ཀྱིས་ཤེས་པར་བྱའོ། ལ་དོན་དེ་རྣམས་རྣམ་དབྱེ་གཉིས་པ་ལས་སུ་བྱ་བར་འཇུག་ཚུལ། རྣམ་དབྱེ་གཉིས་པ་སྦྱར་སའི་གཞི་དེ་ལ་བྱ་བ་གཞན་ཞིག་བྱས་པའམ་བྱེད་བཞིན་པ་དང་། བྱེད་འགྱུར་གང་རུང་སྟོན་པ་ཞིག་དགོས་ཏེ། དཔེར་ན། གཡས་སུ་ཉལ་ཞེས་པའི་གཡས་བྱ་བ་བྱེད་སའི་གཞི་དང་། ཉལ་བ་ནི་གཞི་དེ་ལ་བྱེད་པའི་བྱ་བ་ཡིན་པར་རྣམ་དབྱེ་སུ་ཡིག་གིས་གོ་བ་ལྟ་བུ། རྣམ་དབྱེ་སུ་ཡིག་མེད་ན། གཡས་ཉལ་ཞེས་བརྗོད་དགོས་ལ། གཡས་ཉལ་བའི་གཞི་ཡིན་པར་མི་གོ་བར། ཉལ་བ་བོར་གོ་བར་འགྱུར་རོ། དེ་བཞིན་དུ་ཤར་དུ་འགྲོ་ཞེས་པར་ཤར་གཞི་དང་། དེ་ལ་འགྲོ་བའི་བྱ་བ་བྱེད་པ་གོ་བ་རྣམ་དབྱེ་དུ་ཡིག་གི་ནུས་པ་ཡིན་ལ། རྣམ་དབྱེ་གཉིས་པས་རྣམ་པར་དབྱེ་རྒྱུ་ཡང་བྱ་བའི་གཞི་དང་བྱ་བ་གཉིས་སོ་སོར་ཕྱེས་ནས་གོ་བར་བྱེད་པ་ཡིན་སྙམ། དཔེར་ན་རྗེས་འཇུག་སའི་རྗེས་སུ་སུ་ཡིག་ཡོང་བའི་རྣམ་དབྱེ་གཉིས་པ་ནི། དབུས་སུ་འགྲོ། རྩྭ་ལྷས་སུ་རྩྭ་བཏུ། རང་གི་སྡོད་གནས་སུ་གད་བདར་བྱེད། བོད་ལྗོངས་སུ་སྲིད་དབང་འཛུགས། རང་ཁོངས་སུ་སྲིད་དོན་བྱེད། མདོ་ཁམས་སུ་ཇ་ཤིང་འཛུགས་ལྟ་བུ། འ་དང་མཐའ་མེད་མཐའ་རུ་ཡོང་བའི་རྣམ་དབྱེ་གཉིས་པ། ནམ་མཁའ་རུ་གནམ་གྲུ་འཕུར། རྒྱ་མཚོ་རུ་ཉ་མོ་རྩེ། ས་གཞི་རུ་འབྲས་འདེབས། ཁང་བ་རུ་ཚོན་རྒྱག། སློབ་གྲྭ་རུ་སློབ་སྦྱོང་བྱེད། རུ་བསྡུས་པའི་དཔེ། ནམ་མཁར་གནམ་གྲུ་འཕུར། རྒྱ་མཚོར་ཉ་མོ་རྩེ། ས་གཞིར་འབྲས་འདེབས། ཁང་བར་ཚོན་རྒྱག། སློབ་གྲྭར་སློབ་སྦྱོང་བྱེད། ལྟ་བུའོ། ར་མཐའ་ཅན་དང་རུ་བསྡུས་པའི་ར་ཡིག་མ་ནོར་བ་དགོས། ག་བ་ད་དྲག་རྣམས་ཀྱི་རྗེས་སུ་ཏུ་ཡོང་བའི་དཔེ་ལས། ག་མཐའ་རྟེན་ཅན་ནི། ལག་ཏུ་སྨྱུ་གུ་བཟུང་། ངག་ཏུ་སྲིད་དོན་བཤད། འབྲོག་ཏུ་འཚོ་སྐྱོང་བྱེད། ཁང་ཐོག་ཏུ་བྲོ་ཁྲབ་ལྟ་བུ། བ་མཐའ་རྟེན་ཅན་ནི། རྒྱལ་ཁབ་ཏུ་བཟོ་ལས་བྱེད། ཐབ་ཏུ་མེ་བཏང་། ནུབ་ཏུ་ཕྱུགས་ར་བཟོས། རྒྱབ་ཏུ་གོས་གསར་གྱོན་ལྟ་བུ། ད་དྲག་ཅན་ནི། ཕྱི་རོལད་ཏུ་གྲ་སྒྲིག་བྱེད། ཕ་རོལད་ཏུ་མེ་མདའ་འཕངས། ལྟ་བུ། ང་ད་ན་མ་ར་ལ་རྣམས་ཀྱི་རྗེས་སུ་དུ་འོང་བ་དཔེར་ན། ང་མཐའ་ཅན་ནི།་ནང་དུ་ཡི་གེ་འབྲི། རྩྭ་ཐང་དུ་ལུག་འཚོ། སློབ་ཁང་དུ་རིག་གནས་སློབ། ཞིང་ནང་དུ་འབྲས་འདེབས་ལྟ་བུ། ད་མཐའ་ཅན་ནི། དམངས་ཁྲོད་དུ་ལས་དོན་བསྒྲུབས། གནས་དེ་ཉིད་དུ་དཔེ་ཆ་ཀློག། རི་སྐེད་དུ་ཤིང་བཙུགས། ཐོག་ཤོད་དུ་མཇལ་འཕྲད་གནང་། ན་མཐའ་ཅན་ནི། མདུན་དུ་རི་མོ་བྲིས། གཡོན་དུ་དཔེ་ཆ་ཀློག། ལམ་ཆེན་དུ་ཕྱིན། ལྷ་ལྡན་དུ་ཡང་ཡང་སོང་། གནས་གཞན་དུ་ལྟ་སྐོར་ལ་སོང་། ལྟ་བུ། མ་མཐའ་ཅན་ནི། གཞུང་ལམ་དུ་རྟ་དྲེལ་སོང་། སྒྲོམ་དུ་གསེར་དངུལ་བཅུག། གཤམ་དུ་ཨང་རྟགས་བརྒྱབ། ཁོ་བོའི་གམ་དུ་གཏམ་བཤད། ལྟ་བུ། ར་མཐའ་ཅན་ནི། ཆུ་ཡུར་དུ་ཆུ་དྲངས། གནའ་མཁར་དུ་འཐུས་མི་མངགས། རི་བར་དུ་རི་དྭགས་སོང་། ཤར་དུ་འབྲས་ཞིང་བཏབ། ལྟ་བུ། ལ་མཐའ་ཅན་ནི། སྐྱེད་ཚལ་དུ་ཤིང་བཙུགས། བཞུགས་གྲལ་དུ་གཏམ་བཤད། གྲོང་དཀྱིལ་དུ་རྟགས་བརྒྱབ། རབ་གསལ་དུ་གློག་སྒྲོན་སྦར་ལྟ་བུ། ན་ཡིག་མཐའ་ངེས་མེད་དུ་འཇུག་པ་ནི། དབུས་ན་འགྲོ། མདོ་ཁམས་ན་ཤིང་འཛུགས། ནམ་མཁའ་ན་གནམ་གྲུ་འཕུར། ས་གཞི་ན་འབྲས་འདེབས། སློབ་གྲྭ་ན་སློབ་སྦྱོང་བྱེད། ལག་ན་སྨྱུ་གུ་བཟུང་། འབྲོག་ན་འཚོ་སྐྱོང་བྱེད། ཐབ་ན་མེ་བཏང་། ཕྱི་རོལད་ན་གྲ་སྒྲིག་བྱེད། ནང་ན་ཡི་གེ་འབྲི། ཐོག་ཤོད་ན་མཇལ་འཕྲད་གནང་། རྟ་ལམ་ཆེན་ན་བརྒྱུགས། གཤམ་ན་ཡི་གེ་འབྲི། གྲོང་དཀྱིལ་ན་ཚོང་ཁང་བཙུགས་ལྟ་བུ། ལ་ཡིག་དེ་དག་གི་ཚབ་ཏུ་མཐའ་ངེས་མེད་དུ་འཇུག་པ་ནི། སྐྱེད་ཚལ་ལ་ཤིང་བཙུགས། བཞུགས་གྲལ་ལ་གཏམ་བཤད། གྲོང་དཀྱིལ་ལ་རྟགས་བརྒྱབ། རབ་གསལ་ལ་གློག་སྒྲོན་སྦར་ལྟ་བུ། དབུས་ལ་འགྲོ། མདོ་ཁམས་ལ་ཤིང་འཛུགས། ནམ་མཁའ་ལ་གནམ་གྲུ་འཕུར། ས་གཞི་ལ་འབྲས་འདེབས། སློབ་གྲྭ་ལ་སློབ་སྦྱོང་བྱེད། ལག་ལ་སྨྱུ་གུ་བཟུང་། འབྲོག་ལ་འཚོ་སྐྱོང་བྱེད། ཐབ་ལ་མེ་བཏང་། ཕྱི་རོལད་ལ་གྲ་སྒྲིག་བྱེད། ནང་ལ་ཡི་གེ་འབྲི། ཐོག་ཤོད་ལ་མཇལ་འཕྲད་གནང་། རྟ་ལམ་ཆེན་ལ་བརྒྱུགས། གཤམ་ལ་ཡི་གེ་འབྲི། ཐང་ལ་ལུག་འཚོ། རི་བར་ལ་རི་དྭགས་སོང་། རི་སྐེད་ལ་ལམ་བཟོས། ལྕགས་དཔར་ལ་བཟོ་བཅོས་བགྱིས། ཤར་ལ་འབྲས་ཞིང་བཏབ། རས་དཀར་ལ་ཚོན་བཏང་། རང་ཡུལ་ལ་སྐད་བཏང་། འགྲིམ་འགྲུལ་ལ་ཡི་གེ་བསྐུར། གྲོང་དཀྱིལ་ལ་ཚོང་ཁང་བཙུགས་ལྟ་བུ།