རྡོ་རྗེ་འཇིགས་བྱེད།

༄༅། །རྡོ་རྗེ་འཇིགས་བྱེད་ (ལེགས་སྦྱར་སྐད། Vajrabhairava) ནི་བླ་མེད་རྒྱུད་ཀྱི་ཡི་དམ་གྱི་ལྷ་གཙོ་བོ་ཞིག་དང་། འཇམ་དཔལ་དབྱངས་ཀྱི་དྲག་པོའི་ཁྲོ་ཞལ་དུ་བསྟན་པ་ཞིག་ཡིན། བོད་དུ་འཇིགས་བྱེད་ཀྱི་བརྒྱུད་པ་མང་དུ་མཆིས་པ་ལས་**རྭ་ལུགས་**ནི་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་རྒྱ་གར་ནས་བོད་དུ་སྤེལ་བའི་བརྒྱུད་པ་ཁྱད་པར་ཅན་དེ་ལ་ཟེར།
༡ བྱུང་བའི་ལོ་རྒྱུས།
[རྩོམ་སྒྲིག]རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་བྱུང་ཚུལ་ལ་བཞེད་པ་མི་འདྲ་བ་འགའ་མཆིས་པ་ལས་རྭ་ལུགས་དང་སྐྱོ་ལུགས་གཉིས་གཙོ་བོ་ཡིན།
༡.༡ རྭ་ལུགས་ལྟར་གྱི་བྱུང་བ།
[རྩོམ་སྒྲིག]རྭ་ལུགས་ལྟར་ན། སྔོན་ལྷ་དབང་ཕྱུག་ཆེན་པོའི་བུ་གཞོན་ནུ་གདོང་དྲུག་དང་ལྷ་མིན་གདོལ་བ་དྲག་པོ་གཉིས་འཛམ་བུའི་གླིང་གི་བདག་པོ་སུ་བྱེད་ལ་མ་འཆམ་པར་འཐབ་པས། གཞོན་ནུ་གདོང་དྲུག་ཕམ་པར་གྱུར། དེའི་ཚེ་ལྷ་དབང་ཕྱུག་ཆེན་པོས་ནམ་མཁའ་ལ་སྤྱོད་པའི་ལྷ་དང་། ས་སྟེང་གི་ནད་བརྒྱད་གདོན་བརྒྱད། ལྷ་མ་ཡིན་དང་ཀླུ་ལ་སོགས་པའི་དམག་དཔུང་དྲངས་ཏེ་འོང་བ་ན། གདོལ་བ་དྲག་པོ་འཇིགས་ཏེ་འཇམ་པའི་དབྱངས་ལ་སྐྱབས་སུ་སོང་།
འཇམ་དཔལ་དབྱངས་ཀྱིས་དེ་རྣམས་འདུལ་བའི་དུས་ལ་བབས་པར་གཟིགས་ནས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བཞེངས་ཏེ་དྲེགས་པ་ཅན་རྣམས་ཚར་བཅད།
- རྩ་ཞལ་དང་ལིངྒས། དབང་ཕྱུག་ཆེན་པོ་བཏུལ།
- ཞལ་གཞན་བརྒྱད་ཀྱིས། ཕྱོགས་མཚམས་ཀྱི་འཇིགས་བྱེད་བརྒྱད་བཏུལ།
- མ་ཧེའི་རྭ་གཉིས་ཀྱིས། ལྷ་མ་ཡིན་གྱི་རྟ་བ་རྣམས་བཅོམ།
- ཕྱག་སོ་བཞི་ཡིས། བརྒྱ་བྱིན་དང་ཉེ་དབང་སོ་གཉིས་ཚར་བཅད།
- ཞབས་བཅུ་དྲུག་གིས། གདོན་བརྒྱད་དང་ནད་བརྒྱད་མནན། དེ་ནས་དེ་དག་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་ཡང་དག་པའི་ལམ་ལ་བཀོད། སངས་རྒྱས་བྱང་སེམས་ནམ་མཁའ་གང་བའི་དབུས་སུ་རྒྱུད་གསུངས་པར་བཞེད་དོ།།
༡.༢ སྐྱོ་ལུགས་ལྟར་གྱི་བྱུང་བ།
[རྩོམ་སྒྲིག]སྐྱོ་ལུགས་ལྟར་ན། སྟོན་པ་རྡོ་རྗེ་འཆང་གིས་གཤིན་རྗེ་རྣམས་འདུལ་བའི་དུས་ལ་བབས་པར་གཟིགས་ནས། རི་རབ་ཀྱི་རྩེ་མོར་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་སྤྲུལ། ལྷོ་ཕྱོགས་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་དུ་བྱོན་ནས་ལྕགས་མཁར་བཅུ་དྲུག་ཞབས་ཀྱིས་མནན། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་གནད་ནས་གཟིར་ཏེ་སྡེ་བརྒྱད་ཐམས་ཅད་བཏུལ་ནས་རྒྱུད་གསུངས་པ་ཡིན།
༢ རྒྱུད་ཀྱི་བརྒྱུད་པ།
[རྩོམ་སྒྲིག]རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྒྱས་པ་རྣམས་ཨོ་རྒྱན་གྱི་ཡུལ་དུ་བཞུགས་པ་ལས། གྲུབ་ཆེན་ལཱ་ལི་ཏ་བཛྲ་ (རོལ་བའི་རྡོ་རྗེ་) ཡིས་རྒྱ་གར་དུ་སྤྱན་དྲངས། དེ་ནས་རིམ་བཞིན་བརྒྱུད་དེ་བོད་དུ་དར་ཚུལ་ནི།
- རྭ་ལུགས། ལཱ་ལི་ཏ་བཛྲ་ -> དོན་ཡོད་རྡོ་རྗེ་ཆེ་བ། -> ཡེ་ཤེས་འབྱུང་གནས་སྦས་པ། -> པདྨ་བཛྲ། -> མེ་ཙ་གླིང་པ། -> རྭ་ལོ་ཙཱ་བ་རྡོ་རྗེ་གྲགས།
- སྐྱོ་ལུགས། དོན་ཡོད་རྡོ་རྗེ་ཆེ་བའི་སློབ་མ་དོན་ཡོད་རྡོ་རྗེ་ཆུང་བ་ལས་སྐྱོ་འོད་འབྱུང་གིས་གསན་པ་ལ་སྐྱོ་ལུགས་སུ་གྲགས།
- ཞང་ལུགས། ལཱ་ལི་ཏ་བཛྲ་ནས་རིམ་བཞིན་ཞང་ཅོག་གྲུ་བླ་མས་གསན་པ་ལ་ཞང་ལུགས་སུ་གྲགས།
རྭ་ལོ་ཙཱ་བ་ནས་རིམ་བཞིན་བརྒྱུད་དེ། རྭ་འབུམ་སེང་། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། རོང་བ་ཤེས་རབ་སེང་གེ། ཆོས་རྗེ་དོན་གྲུབ་རིན་ཆེན་སོགས་ནས་**རྗེ་ཙོང་ཁ་པ་ཆེན་པོར་**བརྒྱུད།
༣ ཉེ་བརྒྱུད།
[རྩོམ་སྒྲིག]ཉེ་བརྒྱུད་ནི། འཇམ་པའི་དབྱངས་ཀྱིས་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་དངོས་སུ་དབང་བསྐུར་ཞིང་གདམས་པ་བསྩལ་པ་ལ་ཟེར། དེར་བརྟེན་དགེ་ལུགས་པའི་བཞེད་པར། འཇམ་དཔལ་དབྱངས་ཀྱི་བསྟན་པ་དང་། རྡོ་རྗེ་འཇིགས་བྱེད་ཀྱི་བསྟན་པ། རྗེ་རིན་པོ་ཆེའི་བསྟན་པ་གསུམ་དོན་གཅིག་ཏུ་འདོད་དོ།།
༤ དཔྱད་གཞིའི་ཡིག་ཆ།
[རྩོམ་སྒྲིག]- དབལ་མང་པཎྜི་ཏ། 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧། ཤོག་ངོས་ ༡༩༦།