Jump to content

རྡོ་རྗེ་བྲག་དགོན།

ཡོང་ཁུངས་Wikipedia

རྡོ་རྗེ་བྲག་ནི་རྙིང་མའི་གདན་ས་ཆེན་པོ་ཞིག་སྟེ། སྤྱིར་རྙིང་མའི་བཀའ་གཏེར་གཉིས་ཀ་དང་། སྒོས་སུ་བྱང་གཏེར་གཙོ་བོར་སྐྱོང་བའི་གདན་ས་གྲགས་ཅན་ཡིན། རབ་བྱུང་བཅུ་པའི་དུས་སུ་ཆོས་རྒྱལ་དབང་པོའི་སྡེས་ཐོག་མར་ཕྱག་བཏབ། རིག་འཛིན་ངག་གི་དབང་པོའི་དུས་སུ་དར་ཞིང་རྒྱས། ཀུན་གཟིགས་པདྨ་འཕྲིན་ལས་ཀྱིས་བླ་ནས་བླ་རུ་སྤེལ་ཞིང་མདོ་ཁམས་ཡན་ཆད་ལ་དགོན་ལག་གིས་ཁྱབ་པར་མཛད། མཚན་ཆ་ཚང་ལ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ཞུ། དགོན་པ་འདི་དང་སྨིན་གྲོལ་གླིང་གཉིས་ནི་མདོ་དབུས་ཁམས་གསུམ་ཀུན་ཏུ་སྔ་འགྱུར་རྙིང་མའི་ས་བོན་འབྱུང་ཁུངས་དམ་པ་ཡིན་ནོ། །

དགོན་པའི་བྱུང་བ།

[རྩོམ་སྒྲིག]

རྡོ་རྗེ་བྲག་ཅེས་པ་ནི་དགོན་པའི་རྒྱབ་རིར་གཡུ་ཡི་རྡོ་རྗེའི་རང་བྱོན་ཡོད་པས་རྡོ་རྗེ་བྲག་ཅེས་དང་། ལྕོག་སྒར་ཞེས་པ་ནི་ཐོག་མར་མངའ་རིས་གཏེར་སྟོན་པདྨ་དབང་རྒྱལ་གྱི་ལྕོག་གུར་ཕུབ་པའི་གསང་ཆེན་འདུས་སྡེ་ཞིག་འཛུགས་གནང་མཛད་པས་དེ་ལྟར་ཐོགས། དེ་ནས་སྐུ་ཕྲེང་གསུམ་པ་རིག་འཛིན་ངག་གི་དབང་པོས་དགོན་པ་དངོས་གཞི་ཕྱག་འདེབས་མཛད།། དེ་ནས་རིམ་པར་རིག་འཛིན་སྐུ་ཕྲེང་བཞི་པ་རིག་འཛིན་ཀུན་བཟང་འཕྲིན་ལས་གདན་ཁྲིར་འཁོད་རྗེས་རྒྱལ་བ་ལྔ་པ་ཆེན་པོ་མཆོད་ཡོན་གྱི་བདག་རྐྱེན་མཛད་པས་རིམ་པར་སྟོབས་འབྱོར་རྒྱས་པར་གྱུར། བདེ་ཡངས་ཤར་ནུབ་ཞེས་མདོ་སྔགས་གྲ་ཚང་གཉིས་སུ་ཆ་འཁོས་ཅིང་དགེ་འདུན་གྲྭ་གྲང་ལྔ་སྟོང་ལས་བརྒལ་བར་བྱུང་བར་གྲགས།། དེ་ནས་དུས་རབས་བཅོ་བརྒྱད་པའི་དུས་འགོར་སོག་པོ་འཇུན་གར་དམག་གིས་རིག་འཛིན་པདྨ་ཕྲིན་ལས་ཀྱི་དབུ་བཅད། དགོན་པ་རྩ་བརླག་ཏུ་བཏང་ཞིང་མཐར་མགོན་ཁང་སྲིད་གསུམ་རྣམ་རྒྱལ་བཤིག་པར་བརྩམས་པའི་ཚེ་སྲོག་པོའི་དམག་དཔོན་ཁྲག་སྐྱུགས་ཏེ་ཤི་བའི་རྐྱེན་བྱས་མགོན་ཁང་དེ་མ་གཏོར་བར་བཞག་འདུག མ་ཟད་གསེར་ཟངས་ལས་གྲུབ་པའི་ཐུབ་པའི་སྐུ་བརྙན་གཙོས་སྐུ་བརྙན་རྣམས་ཆུ་ལ་བསྐྱུར་ཞིང་གསེར་དངུལ་ལས་བྲིས་པའི་བཀའ་བསྟན་རྣམས་དགེ་ལུགས་པའི་དགོན་པ་རྣམས་ལ་ཕུལ། དགུངས་གྲངས་༧༧ལ་ཕེབས་པའི་རིག་འཛིན་པད་མ་ཕྲིན་ལས་སྐུ་བཀྲོངས། དེ་རྗེས་སྐལ་བཟང་པདྨ་དབང་ཕྱུག་དགུང་ལོ་བརྒྱད་ལ་ཕེབས་པ་སྐུ་ཕྲེང་ལྔ་པའི་འི་ཁྲིར་མངལ་གསོལ་ཞིང་སྐབས་དེར་རྒྱལ་བ་སྐལ་བཟང་རྒྱ་མཚོས་དགོན་སྡེའི་བདག་དངོས་བཀའ་བསྟན་གསེར་བྲིས་སོགས་ཁག་ཅིག་ཕྱིར་སློག་གིས་བསྐྱར་གསོ་གནང་། དགོན་དེར་བླ་བྲང་ཁག་བཅུ་ཙམ་ཡོད། རིག་གནས་གསར་རྗེའི་རྗེས་སུ་དུས་དབང་གིས་གཏོར་བཤིག་ཏུ་སོང་ཞིང་སླར་ཡང་དེང་དུས་ཞིག་གསོ་གནང་ཏེ་འདུས་སྡེ་ཚགས་ཚུད་དུ་ཡོད།།

རིག་འཛིན་ཆེན་པོ།

[རྩོམ་སྒྲིག]

རིག་འཛིན་ཆེན་པོ་ཞེས་པ་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནམ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ནས་རིམ་པར་བྱོན་པའི་སྤྲུལ་སྐུ་རྣམས་ལ་ཞུ། ད་ལྟའི་བར་དུ་སྐུ་ཕྲེང་བཅུ་ཡོད།
༡ རིག་འཛིན་རྒོད་ལྡེམ། ༡༣༣༧་ནས་༡༤༠༩བར ༢ རིག་འཛིན་ལེགས་ལྡན་རྗེ།༡༥༡༢ ནས་ ༡༦༢༥ ༣ རིག་འཛིན་ངག་གི་དབང་པོ། ༡༥༨༠ནས་༡༦༣༠བར ༤ རིག་འཛིན་པདྨ་ཕྲིན་ལས།༡༦༤༡ནས་༡༧༡༧བར་ ༥ རིག་འཛིན་སྐལ་བཟང་པདྨ་དབང་ཕྱུག༡༧༡༩ ནས་ ༡༧༢༠ ༦ རིག་འཛིན་ཁམས་གསུམ་ཟིལ་གནོན།
༧ རིག་འཛིན་ངག་དབང་འཇམ་དཔལ།༡༨༨༦ ནས་༡༩༣༢/༡༩༣༥ བར་ ༨ རིག་འཛིན་པདྨ་དབང་རྒྱལ།
༩ རིག་འཛིན་མཉམ་ཉིད་རྡོ་རྗེ།
༡༠ རིག་འཛིན་རྣམ་གྲོལ་རྒྱ་མཚོ། ༡༩༣༦་ད་ལྟ་འཚོ་ཞིང་བཞེས་པ།

ཡོལ་མོ་སྤྲུལ་སྐུ།

[རྩོམ་སྒྲིག]

སྐུ་ཕྲེང་དང་པོ་ཡོལ་མོ་བ་སྔགས་འཆང་ཤཀྱ་བཟང་པོ་ནས་རིམ་པར་བྱོན་པ་ད་ལྟ་འཚོ་བཞུགས་སྐུ་ཕྲེང་བཅུ་པ་ཨོ་རྒྱན་འཇིགས་མེད་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའམ་དགོན་བྱང་རིན་པོ་ཆེ་བར་གྱི་སྐུ་ཕྲེང་རིམ་བྱོན་རྣམས་ལ་གྲགས། ཁུངས། སིམ་ལ་རྡོ་རྗེ་བྲག་བྱང་གཏེར་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ལས་གཞིའི་མི་སྣ་ངོ་སྤྲོད་།

རྒྱལ་དབང་ལྔ་པ་རིན་པོ་ཆེ།

[རྩོམ་སྒྲིག]

རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བྱོན་པ་གོང་ས་རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་ནི། བློན་པོ་བཀའ་ཐང་ལས། རྒྱལ་པོ་ཁྲི་སྲོང་སྡེ་བཙན་ཉིད༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ལྔ༔ འཕྲུལ་ལྔ་བསྒྱུར་བའི་སྟོབས་སུ་འགྱུར༔  འདྲ་མིན་ཞིག་དང་མ་ནོར་ན༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་མཛད༔ བྱང་མི་འདུལ་བྱ་གནམ་སའི་བདག༔ ཟ་ཧོར་ཆབ་ལས་འབེབས་པ་འབྱུང༔ ཞེས་གསུང་པ་སོགས་ལུང་དུ་མ་ལས་ཡང་ཡང་བསྔགས་པའི་སྐྱེས་བུ་འདི་ཉིད་ནི། ཡབ་ཟ་ཧོར་བདུད་འདུལ་རབ་བརྟན་དང་ཡུམ་ནི་ལྷ་འདྲེ་བཀའ་ཐང་ལས་ལུང་བསྟན་པ་བཞིན་ས་སྐྱ་དཔོན་ཆེན་ཨང་ལེང་གྱི་བརྒྱུད་པ་ལས་ཡར་འབྲོག་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༦༡༧་བོད་རབ་བྱུང་བཅུ་པའི་མེ་སྦྲུལ་གྱི་ལོའི་ཧོར་ཟླ་དགུ་པའི་ཚེས་ཉེར་གསུམ་ལ་མཚན་དཔེའི་དཀྱིལ་འཁོར་མངོན་པར་བཞད་པར་གྱུར། དེ་སྐབས་རིག་འཛིན་ངག་གི་དབང་པོས་ཚེ་དབང་དང་རིམ་གྲོ་གནང་། གཞན་ཡང་ཚེ་རབ་དུ་མར་བླ་སློབ་ཀྱི་འབྲེལ་བ་ཡོད་པར་གསུངས་པའི་རིག་འཛིན་ཆེན་པོ་ཉིད་ལས་བཀའ་དབང་དང་ཆོས་འབྲེལ་ཐོག་མར་གསན་པས་གསང་ཆེན་རྙིང་མར་རྟེན་འབྲེལ་འགྲིག་ཅིང་བར་ཆད་སེལ་བའི་ལེགས་ཚོགས་སུ་གྱུར། པཎ་ཆེན་བློ་བཟང་ཆོས་རྒྱན་དང་དགའ་ལྡན་ཁྲི་རིན་པོ་ཆེ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གཉིས་ཀྱིས་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེར་ངེས་འཛིན་མཛད་ནས་རྒྱལ་བ་གོང་མའི་ཁྲི་ལ་ཁམས་གསུམ་འགྲོ་བ་ལྷ་དང་བཅས་པའི་མངའ་གསོལ་མཛད།ཁྲི་ཆེན་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱི་དྲུང་དུ་མདོ་སྔགས་གསན་སྦྱོང་མཐར་ཕྱིན་པར་མཛད། གསང་སྔགས་གསར་རྙིང་གི་ཆོས་གསན་པའི་དགེ་བའི་བཤེས་གཉེན་ནི་དགའ་ལྡན་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ། ཞ་ལུ་རིན་ཆེན་བསོད་ནམས་མཆོག་གྲུབ། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། ཕ་ཝང་ཁ་པ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། སྨན་ལུང་བློ་མཆོག་རིག་པ་རྡོ་རྗེ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། གཏེར་བདག་གླིང་པ། རིག་འཛིན་ངག་གི་དབང་པོ་ལ་སོགས་ཡོངས་འཛིན་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་རིག་པའི་གནས་ལྔ་མཐའ་དག་མཐར་ཕྱིན་པར་མཛད །གསང་སྔགས་གསར་རྙིང་གི་ཆོས་བཀའ་དབང་ལུང་མན་ངག་མང་པོ་གསན་རྒྱུ་མ་ལྷག་པ་ལྟ་བུ་མཛད་ཅིང་གསན་ཡིག་པོད་ཆེན་བཞིར་ལོངས་པ་ཡོད། བྱང་ཕྱོགས་ཧོར་གྱི་རྒྱལ་ཁམས་ཀྱི་མི་རྣམས་གདུག་རྩུབ་ཆེ་བས་བོད་ཁམས་དམག་གི་ཡང་ཡང་བཅོམ་ཞིང་ཁྱད་པར་འདི་སྐབས་དམག་དཔུང་ཤིན་ཏུ་ཆེ་བས་བོད་ཡུལ་ཐམས་ཅད་འཇོམས་པར་ཉེ་བ་ན། རྗེ་འདིའི་སྐུ་མཐོང་བ་དང་མཚན་ཐོས་པ་ཙམ་གྱིས་མི་དེ་དག་གི་གདུག་སེམས་ཞི་ནས་སྐུ་ཡི་ཆབ་འོག་ཏུ་འདུ་བར་བསྡུ་དངོས་བཞིས་བསྐྱངས་བར་མཛད་དེ་བོད་རྣམས་མཐའ་དམག་གི་འཇིགས་པ་ལས་སྐྱོབ། སོག་པོ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཐམས་ཅད་མངའ་འོག་ཏུ་བསྡུས་ནས་རྒྱལ་བ་ཐམས་ཅད་མཁྱེན་པ་འདི་ཉིད་དགུང་ལོ་ཉེར་ལྔ་ཕྱི་ལོ་༡༦༤༢བོད་རབ་བྱུང་བཅུ་གཅིག་ཆུ་རྟ་ལོར་བོད་ཁམས་ཡོངས་རྫོགས་ཕྱག་ཏུ་ཕུལ་ཞིང་འདི་ནས་བཟུངས་བོད་གཞུངས་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་བོད་ཁམས་སྤྱི་ལ་དབང་བསྒྱུར་མཛད་དེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དངོས་བཞིན་རྒྱལ་སྲིད་ཆོས་བཞིན་བསྐྱངས་བར་མཛད།  རྒྱལ་དབང་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཆོས་རྒྱལ་ཡབ་སྲས་ཀྱི་བག་ཆགས་བརྟས་པས་བོད་ཁམས་སྤྱི་ལ་རླབས་ཆེན་གྱི་མཛད་པ་མཐའ་ཡས་པ་བསྐྱངས།  རྗེ་འདི་ཉིད་ཀྱི་དག་སྣང་གསང་བ་རྒྱ་ཅན་གྱི་ཟབ་གཏེར་དང་གསུང་རྩོམ་བསྟན་བཅོས་ལ་གསུང་འབུམ་པོད་ཆེན་ཉེར་ལྔ་བཞུགས། སྔ་འགྱུར་བྱང་གཏེར་གྱི་ཕུར་པའི་སྒྲུབ་ཆེན་ཆོག་ཁྲིགས་སོགས་ལོང་བ་མིག་ལྟ་བུའི་བསྙེན་ཡིག་སོགས་དུ་མ་ཞིག་མཆིས།  མཐར་དགུང་ལོ་དྲུག་བཅུ་རེ་དྲུག་པ་སྤྱི་ལོ་༡༦༨༢རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཟླ་བ་གཉིས་པའི་ཚེས་ཉེར་ལྔ་ལ་གཟུགས་སྐུའི་བཀོད་པ་བསྡུས་ནས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས།།
ཁུངས། སིམ་ལ་རྡོ་རྗེ་བྲག་བྱང་གཏེར་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ལས་གཞིའི་མི་སྣ་ངོ་སྤྲོད་།

གྲུབ་དགོན་རིན་པོ་ཆེ།

[རྩོམ་སྒྲིག]

ཆུ་བཟང་རིན་པོ་ཆེ།

[རྩོམ་སྒྲིག]

རྡོ་བྲག་བླ་ཁག་བཅུ་གསུམ་གྱི་ཡ་གྱལ་ཞིག་སྟེ། རྡོ་བྲག་༸སྐྱབས་མགོན་ཆུང་བཟང་ཞེས་སྔ་འགྱུར་རྙིང་མའི་མ་དགོན་དབུས་ཐུབས་སྟན་རྡོ་རྗེ་བྲག་གི་གདན་སའི་གདན་ཚབ་དང་མཁན་རིམ་སོགས་མཛད་པའི་བླ་མ་ཞིག་དང་། དེ་བཞིན་རྗེ་རང་གི་ཕྱག་བཏབ་པའི་གདན་ས་རྡོ་བྲག་བུ་དགོན་ཆུང་བཟང་རི་ཁྲོད་བདེ་ཆེན་བྱམས་གླིང་ཕྱག་འདེབས་འཛད་འཁུར་བཞེས་པས་ན་དགོན་མིང་བླ་མར་ཐོགས་ཏེ་སྐུ་ཕྲེང་རིམས་པར་རྡོ་བྲག་སྐྱབས་མགོན་ཆུང་བཟང་ཞེས་གྲགས། རྡོ་བྲག་སྐྱབས་མགོན་ཆུ་བཟང་གི་སྤྲུལ་གཞི་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས་པའི་སྐབས་སུ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་གསལ་རྒྱལ་ལ་ཆིབས་གར་བསམ་བལ་གྱི་གླང་པོ་མངོན་ཤེས་ཅན་ཞིག་ཡོད་པ། དེ་ཉིད་སངས་རྒྱས་ཀྱི་ཆོས་གསུངས་པའི་སྒྲ་ཡང་ཡང་ཐོས་པ་དུས་ཏེ་ཞིག་ན་ཚེ་འཕོས་པ་ལས་བྲམ་ཟེ་ཞིག་ཏུ་སྐྱེས། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཆེས་དད་ཅིང་སྨོན་ལམ་མཚམས་སྦྱོར་ལ་བརྟེན། ཕྱིས་བོད་ཡུལ་དུ་མཁན་སློབ་ཆོས་གསུམ་ཞལ་འཛོམས་སྐབས་རྗེ་འབངས་ཉེར་ལྔའི་ནང་མཚན་གཡུ་སྒྲ་སྙིང་པོ་ཞེས་ལོ་ཆེན་བཻ་རོ་ཙ་ནའི་ཐུགས་སྲས་དེེ་ཉིད་དུ་སྐུ་འཁྲུངས་པ་ལས་སྤྲུལ་གཞི་དེ་ཉིད་ཡིན། སྐུ་ཕྲེང་དང་པོ་ཆོས་རྗེ་དུར་ཁྲོད་རལ་པ། སྐུ་ཕྲེང་གཉིས་པ་ཆུ་བཟང་ཀུན་བཟང་བསྟན་འཛིན། སྐུ་ཕྲེང་གསུམ་པ་ཆུ་བཟང་ཀུན་བཟང་རྒྱ་མཚོ། སྐུ་ཕྲེང་བཞི་པ་ཆུ་བཟང་ཀུན་དགའ་བཟང་པོ། སྐུ་ཕྲེང་ལྔ་པ་ཆུ་བཟང་ནམ་མཁའ་ཀློང་ཡངས། སྐུ་ཕྲེང་དྲུག་པ་ཆུ་བཟང་ཀུན་དགའ་རིན་ཆེན། སྐུ་ཕྲེང་བདུན་པ་ཆུ་བཟང་དྲི་མེད་བློ་ལྡན། སྐུ་ཕྲེང་བརྒྱད་པ་ཆུ་བཟང་བློ་ལྡན་དཀོན་མཆོག་བཟང་པོ་བར་བྱོན།

ཁུངས་ལུང་། ཆུ་བཟང་སྐུ་ཕྲེང་བརྒྱད་པས་མཛད་པའི་རྡོ་བྲག་ཆུ་བཟང་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་ཕྱག་བསྟར་མ་དང་། རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་ནས་པར་བའི་སྦས་ཡུལ་འབྲས་མོ་ལྗོངས་སུ་བླ་མ་སྐྱེས་ཆེན་མཛད་པ་ཇི་བསྐྱངས་རྣམ་ཐར། པར་མ། དེབ་གཟུགས། ཤོག་ངོས 2 ནང་གསལ། སིམ་ལ་རྡོ་རྗེ་བྲག་བྱང་གཏེར་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ཕྱོགས་བསྡུས། གནས་སྐབས་ཟུར་བརྗོད་མཆན་བུ། ཆུ་བཟང་སྐུ་ཕྲེང་གཅིག་གིས་མཛད་རྣམ་མ་རྙེད།

དགོན་ལག་གམ་བུ་དགོན་གྱི་ཐོ།

[རྩོམ་སྒྲིག]
  • ཁམས་ཕྱོགས།

༡ འབའ་གྲུབ་པ་དགོན།

༢ གོ་སྟེང་དགོན།

༣ རི་ཤུལ་དགོན།

༤ གཏེར་རོང་ཡོན་ཏན་དགོན།

༥ ཛེལ་བོ་ཁང་ཚན།

༦ འབྲི་རྒྱུད་ཁང་ཚན།

༧ གེ་སྨད་ཁང་ཚན།

༨ དར་མདོ་རྡོ་རྗེ་བྲག

༨ བ་ལང་སུམ་མདོ།

༩ ལའུ་ཐང་།

༡༠ གོང་ཐལ་དགོན།

༡༡ གནས་ནང་དགོན།

༡༢ འཁོར་གདོང་དགོན། ༡༣ སྡེ་དགེ་རྡོར་བྲག་དགོན། ༡༤ འབྲི་ཁུང་དགོན།

༡༥ འབྲུག་མོ་དགོན།

  • ཨ་མདོའི་ཕྱོགས།

༡ ཤུགས་འབྱུང་དགོན།

  • དབུས་གཙང་ཕྱོགས།

༡ ཡར་ཀླུང་ཤེལ་བྲག

༢ ཉ་མོ་ཧ་བོ་དགོན།

༣ ཟང་ཟང་ལྷ་བྲག་དགོན།

  • བལ་པོའི་ཕྱོགས།

༡ ཡོལ་མོ་གངས་ར།

  • རྒྱ་གར་ཕྱོགས།

༡ རྡོ་རྗེ་བྲག
འབྲས་ལྗོངས་ཀྱི་དགོན་པ་ཕལ་མོ་ཆེ་བྱང་གཏེར་གྱི་ལུགས་འཛིན་མཁན་ཡིན།

བྱང་གཏེར་གྱི་ཆེ་བ།

[རྩོམ་སྒྲིག]

དཔྱད་གཞི།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲྭ་མཐུད།

[རྩོམ་སྒྲིག]