རྟ་དབང་དགོན་པ
རྟ་དབང་དགོན་པའི་མཚན་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་ཞེས་ཞུ་གི་ཡོད་རེད། དགའ་ལྡན་རྣམ་རྒྱལ་ལྷ་རྩེ་ཟེར་བ་འདི་མེ་རག་བླ་མ་རང་ཉིད་ཀྱིས་བཏགས་གནང་བ་ཡིན་ཞེས་དགོན་པའི་སློབ་དཔོན་རྩིས་སྤྲོད་ཀྱི་མ་དེབ་ནང་དུ་གསལ་ཡོད། དགོན་པ་འདི་དུས་རབས་བཅུ་བདུན་པའི་ནང་ཕྱག་བཏབ་པ་རེད། ཕྱི་ལོ་ ༡༦༨༠ ལ་རྨང་གཞི་བཏིང་ནས་ ༡༦༨༡ ལོར་དགོན་པ་དེ་ལེགས་གྲུབ་བྱུང་བ་རེད། རྟ་དབང་དགོན་པ་ཕྱག་འདེབས་མཁན་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་ཞུ་བ་དེ་རེད། མེ་རག་བླ་མ་རང་ཉིད་ཀྱི་ཕྱག་འདེབས་སྟངས་སྐོར་ཉེ་ཆར་ཤོག་ལྷེ་ཞིག་བཏོན་ཡོད། དེའི་སྒང་ལ་གཙོ་བོ་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་རང་ཉིད་འཁྲུངས་ས་མེ་རག་ནས་ ཡིན་པའི་ཆ་ནས་མེ་རག་བླ་མ་ཞེས་ཞུ་གི་ཡོད་པ་རེད། དེ་ནས་༸རྒྱལ་དབང་ལྔ་པ་ཆེན་པོ་དང་འབྲེལ་བ་བྱུང་སྟངས་བཅས་ལ། ཐོག་མར་དགོན་པ་འདི་ཕྱག་འདེབས་སའི་ས་ཆ་དེ་དེང་སང་འབྲུག་གི་ས་ཆའི་ནང་ཁེལ་གྱི་ ཡོད་པ་རེད། མེ་རག་ཟེར་བའི་ས་ཆ་འདི་ལ་དགོན་པ་ཕྱག་འདེབས་པའི་དགོངས་པ་བཞེས་ཡོད་ས་རེད། དེང་སང་ས་ཆ་འདི་ལ་རྟ་དབང་ཐང་ག་ཞེས་བརྗོད་ནས་དེང་གི་དུས་སུ་ཡང་ཡོད་པ་རེད། ཐང་བདེ་མོ་ཞིག་ཡོད་པ་རེད། དེ་སྐབས་དཀའ་ངལ་གང་བྱུང་ཡོད་རེད་ཟེར་ན། འབྲུག་པ་བཀའ་རྒྱུད་སྔ་ས་ནས་ཡོད་པ་ཡིན་འདུག དེ་ཚོས་མེ་རག་བླ་མ་ལ་སྐུ་མཉེལ་པོ་ཞེ་དྲག་བཏང་འདུག དེ་རྗེས་མེ་རག་བླ་མ་དང་ཁོང་གི་དགེ་ཕྲུག་བཅས་གྲོས་བྱོལ་དུ་ཚུར་མོན་ལ་ཕེབས་ ཡོད། དེར་ཕེབས་དུས་མཚོ་གསུམ་ནང་པ་ཟེར་བ་ཚོས་སྦྱིན་བདག་ཞུས་ནས་འདིར་བཞུགས་གནང་ འདུག འདིར་བཞུགས་ནས་ད་ལྟའི་དགོན་པ་འདི་བཞེངས་རྒྱུའི་དགོངས་པ་བཞེས་ནས་ས་ཆ་འདི་ དེང་སང་དམག་མིའི་གནམ་གྲུའི་ཐང་ཡོད་སའི་གཡས་གཡོན་འདི་རུ་ས་ཆ་གཟིགས་གནང་བ་ རེད། འདི་ལ་བཞུགས་ནས་དགོན་པ་ཕྱག་གདབ་རྒྱུ་བྱེད་དུས། ཡང་དེ་ལ་འབྲུག་པ་བཀའ་རྒྱུད་འདི་རུ་རང་འཇགས་གནས་ཡོད་པ་རེད། དེ་ཚོས་རིན་པོ་ཆེ་ལ་སུན་པོ་བཟོ་བ་དང་སྐུ་མཉེལ་པོ་ཞེ་དྲག་བྱུང་བ་རེད་ཅེས་ གསུངས་རྒྱུན་ཡོད། དེར་སྐུ་མཉེལ་པོ་ཞེ་དྲག་བྱུང་ནས་བཞུགས་མ་ཐུབ་པར་ཕེབས་དགོས་བྱུང་འདུག ཁོང་སྐུ་ངལ་ཞེ་དྲག་བྱུང་བའི་སྐོར་<<གཏམ་དགའ་བའི་དཔལ་སྟེར་>> ཞེས་པའི་པ་དེའི་ནང་ལོ་རྒྱུས་ཞིབ་ཕྲ་གསལ་ཡོད་པ་རེད། དེ་ནས་མེ་རག་བླ་མ་སྐུ་ངལ་ཆེན་པོ་བྱུང་ནས་གསུང་སྐད་ཤོར་བ་དང། དེ་ཚོས་དགོན་པ་གཏན་ནས་བཞེངས་བཅུག་གི་མི་འདུག་ཅེས་ཡིད་སྐྱོ་བའི་སྟེང་སྤྱན་ ཆབ་ཤོར་དགོས་པ་་སོགས་བྱུང་བ་རེད། མཐའ་མའི་དུས་ལ་ཡར་བོད་དུ་༸གོང་ས་ལྔ་པ་ཆེན་པོ་ལ་དཀའ་ངལ་གྱི་སྐོར་སོགས་སྙན་ སེང་ཞུས་ནས་དེར་༸གོང་ས་མཆོག་ནས་བཀའ་སློབ་དང་ལམ་སྟོན་གནང་རོགས་ཞེས་ཞུས་འདུག དགོན་པ་ཕྱག་འདེབས་ཆེད་མེ་རག་བླ་མ་རང་ཉིད་ཀྱི་སློབ་མ་དང་སྦྱིན་བདག་ཚང་མས་ ཚོགས་འདུ་རྒྱ་ཆེན་པོ་ཞིག་ཚོགས་ནས་དེའི་ནང་མི་སུ་སུ་ཡོད་མེད་ཡང་ཡིག་ཆའི་ནང་ ཁ་གསལ་ཡོད་པ་དང། ཚོགས་འདུ་ཚོགས་ཟིན་པ་དང་༸གོང་ས་མཆོག་ལ་སྙན་ཞུ་ཕུལ། ༸གོང་ས་མཆོག་ནས་དགོན་པ་ཕྱག་གདབ་ན་འགྲིག་གི་རེད། དཀའ་ངལ་གང་ཡང་འཕྲད་ཀྱི་མ་རེད་ཅེས་གསུངས་འདུག ཡང་འཚོ་བའི་མཐུན་རྐྱེན་ལ་ཡང་༸གོང་ས་མཆོག་ནས་རོགས་རམ་གནང་བའི་ཞལ་བཞེས་ཐོབ་པ་ དང། དགོན་དེར་ལྟོ་གོས་ཀྱི་ཐེབས་རྩ་ཇི་ཡོད་གསོལ་རས་གནང་བ་སོགས་དགོན་པ་འདིའི་ཕྱག་ བཏབ་པའི་གནས་ཚུལ་འདི་འདྲ་ཡིན་པ་རེད། རྒྱལ་པོ་ཀཱ་ལ་དབང་པོའི་ཕོ་བྲང་ཡིན་མིན་ཟེར་བ་ལ་དགོན་པ་འདི་མིན་པ་རེད། དེ་དུས་དགོན་པ་འདི་བཞེངས་རྒྱུ་ཆགས་བསྡད་ཡོད་པ་རེད། ཡིན་ནའང་ས་ཆ་འདི་ལ་ཡུལ་མཎྜལ་སྒང་ཞེས་ལབ་ཀྱི་ཡོད་པ་རེད། བསམ་བློ་གཏོང་དུས་ད་ལྟ་རྟ་དབང་དགོན་པ་ཕྱག་མ་བཏབ་གོང་ལ་ས་ཆ་འདིའི་སྒང་ལ་ རྒྱལ་པོའི་ཕོ་བྲང་ཡོད་པ་དང། དེ་ནས་འདི་ཡི་མཐའ་ལ་ལུང་པ་ཡོད་པས། ཡུལ་མཎྜལ་སྒང་ཟེར་དུས་ལུང་པ་དེ་མཎྜལ་ཕུལ་བ་བཞིན་ཡོད་པ་རེད། སྔ་མོའི་སྐད་ཆ་ཡིན་དུས་དེ་ལ་རྒྱལ་པོའི་ཕོ་བྲང་དང་ལུང་པ་དེ་ཚོ་ཡོད་ཆོག་པ་ ཞིག་རེད། དཔེར་ན། དེང་སང་རྟ་དབང་དགོན་པའི་བཀོད་པའི་དབྱིབས་དེ་ཡུལ་མཎྜལ་སྒང་འདྲ་པོ་ཡོད་ཅེས་ ཟེར་གྱི་ཡོད། ཡུལ་མཎྜལ་སྒང་འདི་ཡིན་ཞེས་ཟེར་གྱི་མེད། ད་ལྟ་ཡང་འདི་འདྲ་ཞིག་ཡོད་པ་རེད། དགོན་པའི་མཐའ་ལ་ལྕགས་རི་དེ་ཚོ་མཎྜལ་གྱི་ལྕགས་རི་འདྲ་བ་དང། དེའི་ནང་དུ་གྲྭ་ཤག་དང། དེའི་སྟེང་དུ་གཙུག་ལག་ཁང་སོགས་ཐག་རིང་པོ་དཔེར་ན། བྱང་ཡུལ་ནས་མཇལ་བ་ཡིན་ན། མཎྜལ་ཕུལ་བ་འདྲ་པོ་ཞིག་མཇལ་གྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ཡུལ་མཎྜལ་སྒང་ཟེར་བ་འདི་དྲ་པོ་ཡོད་ཅེས་བརྗོད་ཀྱི་ཡོད། ཡིན་ནའང། ཕྱིས་སུ་རྟ་དབང་དགོན་པ་བཞེངས་པའི་སྐབས་ལ་རྒྱལ་པོའི་ཕོ་བྲང་ཡོད་ཅེས་གསུང་ མཁན་དང་ཡོད་མ་རེད་ཅེས་གསུང་མཁན་ཡང་ཡོད་དུས་གསལ་པོ་རང་མེད་པ་རེད། ད་ལྟ་རྟ་དབང་དགོན་པའི་སློབ་གྲྭ་ཡོད་པའི་ས་ཆ་འདི་ལ་བཙོན་ཁང་འདྲ་པོ་དང་ཁང་ རྙིང་གཅིག་འདུག་ཟེར་སྲོལ་ཡོད། རྒྱལ་པོ་བཙོན་ལ་བཞུགས་སའི་བཙོན་ཁང་འདི་རེད་ཅེས་ཟེར་སྲོལ་ཡོད། ཕྱིས་སུ་བོད་གཞུང་ནས་རྟ་དབང་དགོན་པར་བླ་གཉེར་ཟེར་བ་རྟ་དབང་དགོན་པར་ཕེབས་པ་ དང། དགེ་འདུན་པ་ཚོར་ཕོགས་གནང་བ། ལྟ་རྟོགས་སོགས་བྱེད་པའི་ཆེད་དུ་བོད་གཞུང་རྩིས་དྲུང་དང། དྲུང་འཁོར་གཉིས་ནས་རྩིས་དྲུང་ཟེར་བ་གཅིག་རྟ་དབང་དགོན་པར་བླ་གཉེར་ཆེད་ཕེབས་ གནང་གི་ཡོད་པ་རེད། བླ་གཉེར་དེས་ལུང་པའི་ནང་དུ་མི་ནག་ཅན་འདྲ་ཡོད་ན།དེ་ཚོ་ལ་ཁྲིམས་ཐག་གཅོད་པ་ སོགས་བྱེད་སྲོལ་ཡོད་པ་རེད། དེ་དུས་བཙོན་ཁང་དེ་ལ་བཙོན་འཇུག་བྱེད་པའི་ལོ་རྒྱུས་ཡོད་པ་རེད། གང་ལྟར་འདི་རུ་བཙོན་ཁང་གཅིག་ནི་སྔ་མོ་ནས་ཡོད་ཡོད་པ་རེད། རྟ་དབང་དགོན་པའི་སློབ་གྲྭ་གསར་བཞེངས་གནང་དུས་ཁང་རྙིང་དེ་ཚོ་བཤིག་བཞག་པ་རེད། དེས་ན། རྒྱལ་པོ་ཀཱ་ལ་དབང་པོའི་ཕོ་བྲང་ཡོད་ཆོག་པ་ཞིག་ཀྱང་རེད། ཡིན་ནའང་ཏག་ཏག་ཁ་གསལ་པོ་ཞིག་མེད་པ་རེད། རྟ་དབང་ཞེས་པ་འདི་ལ་འབྲི་སྟངས་གཉིས་ཡོད་པ་རེད། རྟ་ཝང་ཞེས་པ་ཝ་ཆེན་འབྲི་བ་ཡིག་ཆ་རྙིང་པའི་ནང་ལའང་གསལ་ཡོང་གི་འདུག བསམ་བློ་གཏོང་དུས་སྤྱིར་མིང་ལ་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་ཞེས་ ཡོད་པ་བཞིན་རྟ་ཝང་ཞེས་པ་འདི་འདོད་རྒྱལ་གྱི་མིང་འདྲ་པོ་ཆགས་ཀྱི་ཡོད་པ་རེད། དེ་འདྲ་འབྲི་ན་འགྲེལ་བཤད་གང་ཡང་མེད་པ་རེད། རྟ་དབང་ཞེས་འབྲི་ན། སྔོན་མེ་རག་བླ་མའི་ཆིབས་རྟས་དབང་བ་རེད་ཅེས་ཤོད་ཀྱི་ཡོད་པ་རེད། མེ་རག་བླ་མས་དགོན་པ་གང་དུ་བཞེངས་དགོས་ན་ཞེས་རྒྱུན་དུ་ཐུགས་ལ་དགོངས་ཀྱི་ཡོད། ཉིན་གཅིག་མེ་རག་བླ་མའི་ཆིབས་རྟ་བརླགས་ཏེ་འཚོལ་བར་ཕེབས་དུས། ཆིབས་རྟ་ད་ལྟ་རྟ་དབང་དགོན་པ་ཆགས་ས་དེའི་སྟེང་དུ་སླེབས་ཡོད་པ་རེད། ད་དུང་ཆིབས་རྟས་རྡོའི་སྟེང་དུ་ཞབས་རྗེས་ཀྱང་བཞག་པ་སོགས་བྱས་ཡོད་པ་རེད། དེ་ནས་མེ་རག་བླ་མས་ངའི་དགོན་པ་བཞེངས་སའི་ས་ཆ་འདི་རུ་ཡིན་པ་རེད་ཅེས་གསུངས་ ཏེ་རྟ་དབང་དགོན་པ་བཞེངས་སའི་ས་ཆ་འདི་ཡིས་དབང་ལ་བཞག་པ་སོང་ཙང། རྟ་དབང་ཞེས་འགྲེལ་བཤད་བྱེད་མཁན་ཡང་ཡོད་པ་རེད། དེ་འདྲ་བྱེད་དུས་རྟ་དབང་ཞེས་པ་འདི་འདྲ་འབྲི་སྲོལ་ཡང་ཡོད་པ་རེད། ཅེས་གསུངས་འདུག།།
External links
[རྩོམ་སྒྲིག]- Tawang multilingual site