རྗེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་

ཡོང་ཁུངས་Wikipedia

རྗེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ།[རྩོམ་སྒྲིག]

རྗེ་འདི་ཉིད་རྐང་ཚའི་ཆུ་ཆ་གྱོ་མོག་ཤིང་ལུང་མཚེར་ན་ཡབ་ནུ་ཞི་མགོན་སྐྱབས་དང་ཡུམ་སྐྱིད་ཀོའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག(༡༩༠༤)ལོར་སྐུ་བལྟམས། དགུང་ལོ་བདུན་ལ་ཞྭ་དམར་པཎྜི་ཏའི་དྲུང་ནས་རབ་ཏུ་བྱུང་། དེ་ནས་རང་དགོན་དུ་ཕེབས་ཏེ་ཡི་གི་འབྲི་ཀློག་སོགས་ལ་སྦྱངས་པ་མཛད། བཅུ་གཉིས་པ་ལ་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་སློབ་གཉེར་ལ་ཕེབས་ནས་བསྡུས་གྲྭ། བློ་རྟགས། ཕར་ཕྱིན། སྒྲ་རིག་སོགས་རིག་གནས་ཀུན་ལ་གསན་སྦྱོང་གནང་། ཉི་ཤུ་པ་ཨ་ལགས་ཁ་རྒྱ་རིན་པོ་ཆེའི་དྲུང་དུ་བསྙེན་པར་རྫོགས། བླ་མ་དེ་ལས་ཐུགས་རྗེ་ཆིན་པོ་རྒྱལ་བ་རྒྱ་མཚོ། བདེ་གསང་འཇིགས་གསུམ་གྱི་དབང་སོགས་ཆོས་བཀའ་མང་དུ་གསན། ཉེར་བཞི་པ་རབ་བྱུང་བཅུ་དྲུག་པའི་མེ་ཡོས(༡༩༢༧)ལོར་འཤད་སྒྲུབ་དར་རྒྱས་གླིང་དགོན་པར་མཚན་ཉིད་གསར་དུ་འཛུགས་གནང་མཛད། དགུང་ལོ་ཉེར་བདུན་པ་ལ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ནས་ཨ་ལགས་བླ་ཁོ་རིན་པོ་ཆེའི་དྲུང་དུ་དབང་ལུང་རྗེས་གསུམ་རྒྱ་ཆེར་གསན། དེ་དུས་བཀའ་ཆོས་ཟིན་བྲིས་སུ་བཏབ་པ་ནས་བླ་མ་་དགེ་བཤེས་རྣམས་ཀྱིས་གཟིགས་ཚེ་དབུ་མཇུག་བར་གསུམ་གྱི་ཚིག་དོན་ཡོངས་རྫོགས་ཐོན་པས་ཀུན་གྱིས་ཡ་མཚན་ངོ་མཚར་ཆེ་བའི་རྟགས་སུ་བསྔགས་བརྗོད་མཛད། རང་དགོན་ནས་རྗེ་གསེར་རྐང་བའི་ཕྱག་བཞེས་ལྟར་ཕྱག་དང་བསྐོར་བ་སོགས་འབུམ་བཅུའི་སྔོན་འགྲོ་བཅས་འཇིགས་བྱེད་བསྙེན་ཆེར་མཐར་ཕྱིན་མཛད། ཆེན་ཚང་མ་དང་སྐྱ་ནག་ཚོ་དྲུག་གི་དད་ལྡན་རྣམས་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། བཀའ་བརྒྱད་ཀྱི་དབང་སོགས་བཀའ་ཆོས་མང་དུ་བསྩལ། རང་དགོན་དུ་གཅོད་དབང་ལྡན་བཞི། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་། ཚེ་དབང་། འཇམ་དབྱངས་དཀར་ནག་གི་རྗེས་གནང་། འཇིགས་བྱེད་བསྙེན་ཁྲིད་བསྡུས་གྲྭ། བདེ་གསང་འཇིགས་གསུམ་སོགས་ཀྱི་ཐིག་ཁྲིད། རྒྱ་རྩའི་ཁྲིད། ཐེག་ཆིན་གསོ་སྦྱོང་གི་ལུང་སོགས་ཁྲིད་དང་དབང་ལུང་རྗེས་གསུམ་གྱི་བཀའ་དྲིན་མང་དུ་བསྩལ། གསུང་རྩོམ་ཞུ་དག་བྱས་པ་དང་མ་བྱས་པ་བསྡོམས་པོད་བཅུ་གཅིག་ཙམ་བཞུགས། སྐུ་ཚེ་ཧྲིལ་པོར་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་འབྲས་ལྟར་གཅེས་པར་སྲུང་ཞིང་། ཉིན་མཚན་ཀུན་ཏུ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། དགུང་ལོ་བཞི་བཅུ་ཞེ་གསུམ་དུ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི(༡༩༤༦)ལོར་སྐུ་འབུམ་དུ་ཞི་བར་གཤེགས།