རྗེ་ཆོས་ཀྱི་གྲགས་པ་

ཡོང་ཁུངས་Wikipedia

རྗེ་ཆོས་ཀྱི་གྲགས་པ།[རྩོམ་སྒྲིག]

འབྲི་གུང་གདན་རབས་ཉེར་གསུམ་པ་འདི་ཉིད་ཡབ་ཕུན་ཚོགས་དང་ཡུམ་གཡང་ཁུག་མ་གཉིས་ཀྱི་སྲས་རབ་བྱུང་བཅུ་པའི་ཤིང་ལུག(༡༥༩༥)ལོར་སྐུ་བལྟམས། སྐུ་ན་འཚར་ནས་ཐོག་མར་ཡབ་རྗེའི་དྲུང་དུ་གཙུག་ཕུད་ཕུལ་ཏེ་མཚན་དཀོན་མཆོག་ཕུན་ཚོགས་ཞེས་གསོལ། ཆུང་དུས་ནས་མཁས་གྲུབ་སངས་རྒྱས་རིན་ཆེན་ལས་བཀའ་བརྒྱུད་གོང་མའི་བཀའ་འབུམ་སོགས་མང་དུ་གསན། ཡིག་བདུན་མ་དང་། བསྟོད་པ་ཁྲག་རྒྱལ་མ་རྒྱུན་ཆགས་སུ་མཛད། མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་གཤིན་རྗེ་ཡང་བཟློག་གི་ཕྱག་ལེན་རྣམས་ལ་ཐུགས་འདྲིས་དང་། གསར་རྙིང་དཀྱིལ་འཁོར་མཐའ་དག་གི་བྲིས་ཐིག་རྡུལ་ཚོན་བྲི་བ་སོགས་ལ་ཤིན་ཏུ་བྱང་བ་མཛད། དགུང་ལོ་བཅུ་གཅིག་པར་རྗེ་ནཱ་རོ་པ་ལས་དྲང་སྲོང་ལོག་ཏྲི་སྐོར་རིགས་གཏད་དང་བཅས་པ་གསན་ནས་དེ་ཉིད་ཀྱི་བསྙེན་བསྒྲུབ་ཡུན་རིང་མཛད་པས་གཟིགས་སྣང་མང་དུ་བྱུང་། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གིས་མཁན་པོ་དང་ལས་སློབ་སོགས་ཁ་བསྐོང་གྲངས་ཚང་གི་དབུས་སུ་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་རྗེ་དྲུང་ལས་སྤྱི་དོན་ལེགས་བཤད་རྒྱ་མཚོ། ཕྱག་མཛོད་སྡེ་པ་དཀོན་མཆོག་ལས་སྙན་ངག་དནྡིའི་ཚིག་རྒྱན། སྡེ་པ་ལུམ་པ་བ་ལས་ཡིག་རིགས་སོགས་གསན་སྦྱོང་དང་། རྗེ་དྲུང་ལས་རྡོ་རྗེ་ཕྲེང་བའི་རྩ་དཀྱིལ་ཉེར་བརྒྱད་པའི་དབང་དང་རྒྱུད་སྡེའི་ཕྱག་ལེན། རྒྱལ་བའི་བཀའ་འགྱུར་རོ་འཚལ་གྱི་ལུང་གསན། བན་གྲོང་ཤོད་པའི་སྤོ་སྤོ་རྣམ་སྲས་དང་། ལས་རུ་མཁན་ཆེན་པའི་དབོན་པོ་ལས་དཀར་ནག་རྩིས་ཀྱི་གཞུང་ལུགས་ཆེན་པོ་རྣམས་ལ་བྱང་བར་མཛད། རྗེ་ནཱ་རོ་པ་ལས་ཁམས་གསུམ་འཁྲུག་བྱེད་ལས་ཀྱི་རླུང་དམར་སྐོར་གསན། དེ་ནས་ཡངས་རི་སྒར་གྱི་གདན་ས་མཛད། འཕན་ཡུལ་དུ་ཕེམས་སྐབས་ཁ་རགས་ཀྱི་གནས་གཟིགས་དང་། ཚེ་ཆུ་ཕུག་གི་གནས་སྒོ་གསར་དུ་ཕྱེ། གཟིགས་སྣང་རྣམས་གཏན་ལ་ཕབ། ཕྱག་ཞབས་ཀྱི་རྗེས་བསྩལ། དགུང་ལོ་བཅོ་བརྒྱད་པ་ལ་ཆོས་ལུང་མཁན་པོ་བྱམས་པ་ཆོས་ཀྱི་རྒྱ་མཚོ་ལས་བསྙེན་པར་རྫོགས། དེ་ནས་གསང་མའི་ཆོས་ཀྱི་རྒྱ་མཚོ་ལས་བསྙེན་པར་རྫོགས། དེ་ནས་གསར་མའི་ཆོས་དུ་མ་གསན། དེ་ནས་གདན་་ཞུས་ལྟར་དར་རྩེ་མདོ་དང་ལི་ཐང་དུ་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཕྱིར་འབྲི་གུང་དུ་ཕེབས་ནས་འཕགས་ཡུལ་གྱི་པཎྡི་ཏ་ཝཱ་ཙསྤ་ཏི་ཞེས་པ་བོད་དུ་བྱོན་པ་དེ་ལས་སྒྲ་རིག་སོགས་རིག་གནས་མཐའ་དག་ལ་གསན་བསམ་དོགས་གཅོད་མཐའ་ཆོད་པ་མཛད། དེ་ནས་ཡངས་རི་སྒར་གྱི་གདན་སའི་ཁུར་བླ་མ་སྤངས་མདའ་བ་བཀྲ་ཤིས་དར་རྒྱས་ལ་གནང་། རྗེ་ཉིད་སྤྱན་དྲངས་པ་བཞིན་སྔ་རྗེས་སུ་བསམ་ཡས་དང་། སྤྲོ་ལུང་། རྔོད། ཉང་པོ་བྲག་དཀར་ལྷ་ཆུ། སྤོ་བོ། མ་བསྐུངས་ལུང་། ཙཱ་རི་ཏྲ། པུ་རི་རྒྱབ་བསྐོར། སྒམ་པོ། ཨེ་སོགས་ཡུལ་ལུང་དང་གནས་མཆོག་ཁྱད་པར་ཅན་དུ་མར་ཕེབས་ཏེ་སྣོད་ལྡན་རྣམས་ལ་ཟབ་ཆོས་དང་གནས་སྐོར་མཛད། དགུང་ལོ་སོ་གཉིས་ལ་ཕེབས་པ་མེ་སྟག(༡༦༢༦)ལོར་འབྲི་གདན་སེང་ཁྲིར་ཞབས་སོར་བཀོད། ཆོས་སྲིད་ཀྱི་མཛད་འཕྲིན་རྒྱས། བྱ་ཁྱུང་པ་པདྨ་རྡོ་རྗེ་འབྲི་རྫོང་དུ་གདན་ཞུས་ཀྱིས་བླ་མ་དགོངས་པ་འདུས་པའི་དབང་ཆེ་ཆུང་ཚང་མ། རྫོགས་ཆེན་གསེར་ཞུན་མ། ལམ་འབྲས་ཉམས་ཁྲིད་ཆོས་སྐོར་ཡོངས་རྫོགས་ཀྱི་ལུང་བཅས་དང་། སངས་རྒྱས་གླིང་པའི་གཏེར་ཆོས་ཕལ་ཆེར་གསན། རབ་བྱུང་བཅུ་གཅིག་པའི་མེ་ཡོས(༡༦༢༧)ལོར་གཙང་ནས་སྡེ་སྲིད་ཀྱི་སྲས་མོ་ལྕམ་དྲུང་ཁབ་ཏུ་བཞེས། རྗེ་ནཱ་རོ་པའི་གདུང་རྟེན་རྣམ་རྒྱལ་མཆོད་རྟེན་བཞེངས་པ་གནང་། མཐིང་ཤོག་གི་ངོས་ལ་གསེར་དངུལ་སྤེལ་མས་རྒྱལ་བའི་བཀའ་འགྱུར་རྙིང་མ་རྒྱུད་འབུམ་དང་བཅས་པ་པོ་ཏི་བརྒྱ་དང་ཉི་ཤུ་བཞེངས། དེ་ནས་གདུང་རྒྱུད་མི་འབྱུང་བ་མཁྱེན་ནས་ཤིང་བྱ(༡༦༤༥)ལོར་སྐུ་སྔགས་ཆས་དོར་ནས་བསྙེན་པར་རྫོགས། རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ལྔ་པ་ཆེན་པོས་རྗེ་ཉིད་ལ་དབུགས་དབྱུང་བའི་བཀའ་ཐམ་དང་མཆོད་ཡོན་དུ་བཀའ་མཆིད་གསུང་ནན་བཅས་སྐུའི་ཉེས་དམིགས་ལས་གྲོལ་ཞིང་། སྙན་གྲགས་ཆེར་རྒྱས་པར་གྱུར། ཆུ་འབྲུག(༡༦༥༢)ལོར་རྒྱལ་དབང་ལྔ་པ་རྒྱ་ནག་ཏུ་ཆིབས་ཁ་སྒྱུར་སྐབས་འདམ་ཐང་འབྲོག་ཏུ་ཕེབས་སྐྱེལ་དུ་བྱོན། ཤིང་རྟ(༡༦༥༤)ལོར་བལ་བོད་ཀྱི་བཟོ་བོ་ཉི་ཤུ་སྐོར་གྱི་ལས་གྲྭ་ཚུགས་ཏེ་ཐུགས་དམ་རྟེན་ཆོ་་འཕྲུལ་ཆེན་པོའི་མཆོད་རྟེན་གསེར་དངུལ་ལས་གྲུབ་པ་ཞིག་བཞེངས། རྒྱལ་དབང་མཆོག་གི་བཀས་བསྐུལ་བའི་གཤིན་རྗེ་ལྕགས་སྡིག་གི་མཆོད་རྟེན་བཅས་ཆོག་རྡོ་རྗེ་འབར་བའི་མཚོན་རྣོན་ལྗགས་སྗགས་སྒྲིག་མཛད་ནས་འབུལ་གནང་བར་མཆོག་དགྱིས་ནས་བཀའི་གླེགས་བུ་རྟེན་བཟང་པོ་དང་བསྔགས་བརྗོད་རྒྱ་ཆེ་བ་གནང་། གཞན《བཀའ་བརྒྱད་ཀྱི་ཁྲོ་རོལ་རྣམ་ལྕགས་ཐེག་ཆེན》སོགས་དང་། ཡང་ཟབ་ཀྱི་ཁ་སྐོང་ཁ་ཤས《འདུལ་བའི་མདོ་རྩར་མཆན་འགྲེ》 《ཟབ་ལམ་ཆོས་དྲུག་གི་ཁྲིད་ནཱ་རོའི་ཞབས་ཀྱི་ཞལ་ལུང》《བདེ་མཆོག་སྒ་ལོའི་ལྷ་ལ》 《དྲིལ་བུ་ལྷ་ལྔ》 《དྲུག་ཅུ་པ》 《ཀྱི་རྡོ་རྗེ་ས་ལུགས》 《སྤྱན་རས་གཟིགས་ཕྲེང་བ་སྐོར་གསུམ་སྐོར》 《ལྷན་སྐྱེས་རྣམ་བཞི》 《བླ་མེད་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་བདུན》 《ངན་སོང་ཡོངས་སུ་སྦྱོང་བ་གཙུག་ཏོར་དགུ》 《ཀུན་རིག》 《བཀའ་བརྒྱད》 《གཤིན་རྗེ་ཡང་བཟློག་མའི་སྤུ་གྲི》 《ལྕགས་སྡིག》 《ཁྲོ་ཆུ་ལོག་ཏྲི》སོགས་གསར་རྙིང་གི་དཀྱིལ་ཆོག་སྒྲུབ་ཕྲིན་དང་། རིག་གནས་སོགས་གྲངས་ངེས་ཀྱི་བསྟན་བཅོས་གྲངས་ཀྱིས་མི་ལངས་པ་མཛད། ཞལ་སློབ་ལ་མཚོན་ན་དཀོན་མཆོག་འཕྲིན་ལས་བཟང་པོ། ལྷོ་འཕྲིན་ལས་རྣམ་རྒྱལ། མངའ་བདག་རྒྱས་སྲས་བཀྲ་ཤིས་ཕུན་ཚོགས་སོགས་མང་དུ་བྱུང་། མཐར་དགུང་ལོ་དྲུག་ཅུ་རེ་ལྔ་ལ་ཕེབས་པ་་རབ་བྱུང་བཅུ་གཅིག་པའི་ས་ཕག(༡༦༥༩)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།