Jump to content

རྒྱལ་སྲས་ལག་ལེན།

ཡོང་ཁུངས་Wikipedia

རྒྱལ་སྲས་ལག་ལེན་སོ་བདུན་མ་ཞེས་བྱ་བ་བཞུགས་སོ།།

[རྩོམ་སྒྲིག]

ཤོ་ལོ་ཀ་དང་འགོ་བརྗོད།

[རྩོམ་སྒྲིག]

ཀ༽ མཆོད་བརྗོད།

ན་མོ་ལོ་ཀེ་ཤྭ་ར་ཡེ། །

གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང་། །

འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པའི། །

བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ། །

རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །

ཁ༽ རྩོམ་པར་དམ་བཅའ་བ།

ཕན་བདེའི་འབྱུང་གནས་རྫོགས་པའི་སངས་རྒྱས་རྣམས། །

དམ་ཆོས་བསྒྲུབས་ལས་བྱུང་སྟེ་དེ་ཡང་ནི། །

དེ་ཡི་ལག་ལེན་ཤེས་ལ་རག་ལས་པས། །

རྒྱལ་སྲས་རྣམས་ཀྱི་ལག་ལེན་བཤད་པར་བྱ། །

རྩ་ཚིག་གི་འགྲེལ་བཤད།


༡༽ དལ་འབྱོར་རྙེད་དཀའ།

[རྩོམ་སྒྲིག]

དལ་འབྱོར་གྲུ་ཆེན་རྙེད་དཀའ་ཐོབ་དུས་འདིར། །

བདག་གཞན་འཁོར་བའི་མཚོ་ལས་བསྒྲལ་བྱའི་ཕྱིར། །

ཉིན་དང་མཚན་དུ་གཡེལ་བ་མེད་པར་ནི། །

ཉན་སེམས་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༢༽ཕ་ཡུལ་སྤོང་བ།

[རྩོམ་སྒྲིག]

གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ། །

དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར། །

བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན། །

ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༣༽དབེན་པ་བསྟེན་པ།

[རྩོམ་སྒྲིག]

ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ། །

རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ། །

རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ། །

དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༤༽ཚེ་འདི་བློས་གཏོང་།

[རྩོམ་སྒྲིག]

ཡུན་རིང་འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ།

འབད་པས་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས། །

ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་འབོར། །

ཚེ་འདི་བློས་བཏང་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༥༽ གྲོགས་ངན་སྤོང་བ།

[རྩོམ་སྒྲིག]

གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང་། །

ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་ལ། །

བྱམས་དང་སྙིང་རྗེ་མེད་པར་སྒྱུར་བྱེད་པའི། །

གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༦༽ བཤེས་གཉེན་བསྟེན་པ།

[རྩོམ་སྒྲིག]

གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང་། །

ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི། །

བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང་། །

གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༧༽ སྐྱབས་འགྲོ།

[རྩོམ་སྒྲིག]

རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །

འཇིག་རྟེན་ལྷ་ཡིས་སུ་ཞིག་བསྐྱབ་པར་ནུས། །

དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བའི། །

དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༨༽ སྐྱེས་བུ་ཆུང་ངུ་།

[རྩོམ་སྒྲིག]

ཤིན་ཏུ་བཟོད་དཀའི་ངན་སོང་སྡུག་བསྔལ་རྣམས། །

སྡིག་པའི་ལས་ཀྱི་འབྲས་བུར་ཐུབ་པས་གསུངས། །

དེ་ཕྱིར་སྲོག་ལ་བབས་ཀྱང་སྡིག་པའི་ལས། །

ནམ་ཡང་མི་བྱེད་རྒྱལ་སྲས་ལག་ལེན་ཡིན། ། །

རྩ་ཚིག་གི་འགྲེལ་བཤད།


༩༽ སྐྱེས་བུ་འབྲིང་།

[རྩོམ་སྒྲིག]

སྲིད་གསུམ་བདེ་བ་རྩྭ་རྩེའི་ཟིལ་པ་བཞིན། །

ཡུད་ཙམ་ཞིག་གིས་འཇིག་པའི་ཆོས་ཅན་ཡིན། །

ནམ་ཡང་མི་འགྱུར་ཐར་པའི་གོ་འཕང་མཆོག །

དོན་དུ་གཉེར་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༡༠༽ སྐྱེས་བུ་ཆེན་པོ། རྒྱུ་འབྲས་མན་ངག་བདུན།

[རྩོམ་སྒྲིག]

ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཡི། །

མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ། །

དེ་ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར། །

བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༡༡༽ སྐྱེས་བུ་ཆེན་པོ། བདག་གཞན་མཉམ་བརྗེ།

[རྩོམ་སྒྲིག]

སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང་། །

རྫོགས་པའི་བྱང་ཆུབ་གཞན་ཕན་སེམས་ལས་འཁྲུངས། །

དེ་ཕྱིར་བདག་བདེ་གཞན་གྱི་སྡུག་བསྔལ་དག །

ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༡༢༽ སྐྱེས་བུ་ཆེན་པོ། གཏོང་བ་ལ་བཟོད་པ།

[རྩོམ་སྒྲིག]

སུ་དག་འདོད་ཆེན་དབང་གིས་བདག་གི་ནོར། །

ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང་། །

ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །

དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༡༣༽ སྐྱེས་བུ་ཆེན་པོ། སྡུག་བསྔལ་དང་ལེན་གྱི་བཟོད་པ།

[རྩོམ་སྒྲིག]

བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ། །

གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང་། །

སྙིང་རྗེའི་དབང་གིས་དེ་ཡི་སྡིག་པ་རྣམས། །

བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༡༤༽ སྐྱེས་བུ་ཆེན་པོ། མི་སྙན་པ་ལ་བཟོད་པ།

[རྩོམ་སྒྲིག]

འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ། །

སྟོང་གསུམ་ཁྱབ་པར་སྒྲོགས་པར་བྱེད་ན་ཡང་། །

བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི། །

ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༡༥༽ སྐྱེས་བུ་ཆེན་པོ། སྨད་པ་ལ་བཟོད་པ།

[རྩོམ་སྒྲིག]

འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས། །

མཚང་ནས་བྲུས་ཤིང་ཚིག་ངན་སྨྲ་ན་ཡང་། །

དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས། །

ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༡༦༽ སྐྱེས་བུ་ཆེན་པོ། ཁྱད་གསོད་ལ་བཟོད་པ།

[རྩོམ་སྒྲིག]

བདག་གིས་བུ་བཞིན་གཅེས་པར་བསྐྱངས་པའི་མིས། །

བདག་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང་། །

ནད་ཀྱི་བཏབ་པའི་བུ་ལ་མ་བཞིན་དུ། །

ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༡༧༽ སྐྱེས་བུ་ཆེན་པོ། འགྲན་སེམས་ལ་བཟོད་པ།

[རྩོམ་སྒྲིག]

རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡིས། །

ང་རྒྱལ་དབང་གིས་བརྙས་ཐབས་བྱས་ན་ཡང་། །

བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི། །

སྤྱི་བོར་ལེན་པ་རྒྱལ་སྲས་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༡༨༽ སྐྱེས་བུ་ཆེན་པོ། སྡུག་བསྔལ་ལམ་རྐྱེན་ངན་ལམ་ཁྱེར།

[རྩོམ་སྒྲིག]

འཚོ་བས་ཕོངས་ཤིང་རྟག་ཏུ་མི་ཡིས་བརྙས། །

ཚབས་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར་། །

འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང་། །

ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༡༩༽ ཁེངས་པ་སྤོང་བ།

[རྩོམ་སྒྲིག]

སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད། །

རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང་། །

སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས། །

ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།



༢༠༽ ཞེ་སྡང་སྤོང་བ།

[རྩོམ་སྒྲིག]

རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན། །

ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར་། །

དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས། །

རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༢༡༽ ཞེན་ཆགས་སྤོང་བ།

[རྩོམ་སྒྲིག]

འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་དང་འདྲ། །

ཇི་ཙམ་སྤྱད་ཅིང་སྲེད་པ་འཕེལ་བར་འགྱུར། །

གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས། །

འཕྲལ་ལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༢༢༽ གནས་ལུགས་གཏན་ལ་འབེབས་པ།

[རྩོམ་སྒྲིག]

ཇི་ལྟར་སྣང་བ་འདི་དག་རང་གི་སེམས། །

སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ། །

དེ་ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས། །

ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༢༣༽ ཡིད་དུ་འོང་བ་རང་བཞིན་གྱིས་མ་གྲུབ་པ།

[རྩོམ་སྒྲིག]

ཡིད་དུ་འོང་བའི་ཡུལ་དང་འཕྲད་པ་ན། །

དབྱར་གྱི་དུས་ཀྱི་འཇའ་ཚོན་ཇི་བཞིན་དུ། །

མཛེས་པར་སྣང་ཡང་བདེན་པར་མེད་ལྟ་ཞིང་། །

ཞེན་ཆགས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༢༤༽ ཡིད་དུ་མི་འོང་བ་རང་བཞིན་གྱིས་མ་གྲུབ་པ།

[རྩོམ་སྒྲིག]

སྡུག་བསྔལ་སྣ་ཚོགས་རྨི་ལམ་བུ་ཤི་ལྟར། །

འཁྲུལ་སྣང་བདེན་པར་བཟུང་བས་ཨ་ཐང་ཆད། །

དེ་ཕྱིར་མི་མཐུན་རྐྱེན་དང་འཕྲད་པའི་ཚེ། །

འཁྲུལ་བར་ལྟ་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༢༥༽ སྦྱིན་པའི་ཉམས་ལེན།

[རྩོམ་སྒྲིག]

བྱང་ཆུབ་འདོད་པས་ལུས་ཀྱང་གཏོང་དགོས་ན། །

ཕྱི་རོལ་དངོས་པོ་རྣམས་ལ་སྨོས་ཅི་དགོས། །

དེ་ཕྱིར་ལན་དང་རྣམ་སྨིན་མི་རེ་བའི། །

སྦྱིན་པ་གཏོང་བ་རྒྱལ་སྲས་ལག་ལེན་ཡིན། ། རྩ་ཚིག་གི་འགྲེལ་བཤད་དེ་རྩ་ཚིག་དང་མཐུན་གྱི་མི་འདུག།

རྩ་ཚིག་གི་འགྲེལ་བཤད།


༢༦༽ ཚུལ་ཁྲིམས་བསྲུང་བ།

[རྩོམ་སྒྲིག]

ཚུལ་ཁྲིམས་མེད་ན་རང་དོན་མི་འགྲུབ་ན། །

གཞན་དོན་སྒྲུབ་པར་འདོད་པ་གད་མོའི་གནས། །

དེ་ཕྱིར་སྲིད་པའི་འདུན་པ་མེད་པ་ཡི། །

ཚུལ་ཁྲིམས་བསྲུང་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༢༧༽ བཟོད་པ་བསྒོམ་པ།

[རྩོམ་སྒྲིག]

དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ། །

གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས། །

དེ་ཕྱིར་ཀུན་ལ་ཞེ་འགྲས་མེད་པ་ཡི། །

བཟོད་པ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༢༨༽ བརྩོན་འགྲུས་རྩོམ་པ།

[རྩོམ་སྒྲིག]

རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་ཡང་། །

མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་མཐོང་ན། །

འགྲོ་ཀུན་དོན་དུ་ཡོན་ཏན་འབྱུང་གནས་ཀྱི། །

བརྩོན་འགྲུས་རྩོམ་པ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༢༩༽ བསམ་གཏན་བསྒོམ་པ།

[རྩོམ་སྒྲིག]

ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །

ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །

གཟུགས་མེད་བཞི་ལས་ཡང་དག་འདས་པ་ཡི། །

བསམ་གཏན་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༣༠༽ ཤེས་རབ་ལ་བསླབ་པ།

[རྩོམ་སྒྲིག]

ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས། །

རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་པས། །

ཐབས་དང་ལྡན་ཞིང་འཁོར་གསུམ་མི་རྟོག་པའི། །

ཤེས་རབ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༣༡༽ རང་གི་འཁྲུལ་བ་ལ་བརྟག་པ།

[རྩོམ་སྒྲིག]

རང་གི་འཁྲུལ་བ་རང་གིས་མ་བརྟགས་ན། །

ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །

དེ་ཕྱིར་རྒྱུན་དུ་རང་གི་འཁྲུལ་བ་ལ། །

བརྟགས་ནས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༣༢༽ བྱང་སེམས་ཀྱི་སྐྱོན་མི་གླེང་བ།

[རྩོམ་སྒྲིག]

ཉོན་མོངས་དབང་གིས་རྒྱལ་སྲས་གཞན་དག་གི །

ཉེས་པ་གླེང་ན་བདག་ཉིད་ཉམས་འགྱུར་བས། །

ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི །

ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༣༣༽ རྙེད་བཀུར་ལ་ཆགས་པ་སྤོང་བ།

[རྩོམ་སྒྲིག]

རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང་། །

ཐོས་བསམ་བསྒོམ་པའི་བྱ་བ་ཉམས་འགྱུར་བས། །

མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ། །

ཆགས་པ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༣༤༽ཚིག་རྩུབ་སྤོང་བ།

[རྩོམ་སྒྲིག]

རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུག་འགྱུར་ཞིང་། །

རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས། །

དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་བའི། །

ཚིག་རྩུབ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


༣༥༽ ཉོན་མོངས་སྤོང་ཚུལ།

[རྩོམ་སྒྲིག]

ཉོན་མོངས་གོམས་ན་གཉེན་པོས་བཟློག་དཀའ་བས། །

དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན་བཟུང་ནས། །

ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག །

འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན། ། །

རྩ་ཚིག་གི་འགྲེལ་བཤད།


༣༦༽ དྲན་ཤེས་ལྡན་པས་གཞན་དོན་སྒྲུབ་པ།

[རྩོམ་སྒྲིག]

མདོར་ན་གང་དུ་སྤྱོད་ལམ་ཅི་བྱེད་ཀྱང་། །

རང་གི་སེམས་ཀྱི་གནས་སྐབས་ཅི་འདྲ་ཞེས། །

རྒྱུན་དུ་དྲན་དང་ཤེས་བཞིན་ལྡན་པ་ཡིས། །

གཞན་དོན་སྒྲུབ་པ་རྒྱལ་སྲས་ལག་ལེན་ཡིན། ། །

རྩ་ཚིག་གི་འགྲེལ་བཤད།


༣༧༽ དགེ་བ་བྱང་ཆུབ་ཏུ་བསྔོ་བ།

[རྩོམ་སྒྲིག]

དེ་ལྟར་བརྩོན་པས་བསྒྲུབས་པའི་དགེ་བ་རྣམས། །

མཐའ་ཡས་འགྲོ་བའི་སྡུག་བསྔལ་བསལ་བྱའི་ཕྱིར་། །

འཁོར་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱིས། །

བྱང་ཆུབ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་ཚིག་གི་འགྲེལ་བཤད།


ག༽ མཇུག་དོན། གང་གི་དོན་དུ་མཛད་པ།

[རྩོམ་སྒྲིག]

མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པའི་དོན། །

དམ་པ་རྣམས་ཀྱི་གསུང་གི་རྗེས་འབྲངས་ནས། །

རྒྱལ་སྲས་རྣམས་ཀྱི་ལག་ལེན་སུམ་ཅུ་བདུན། །

རྒྱལ་སྲས་ལམ་ལ་སློབ་འདོད་དོན་དུ་བཀོད། །

རྩ་ཚིག་གི་འགྲེལ་བཤད།


ང༽ མཇུག་དོན། རྒྱལ་སྲས་ལག་ལེན་འཁྲུལ་མེད་དུ་བསྟན་པ།

[རྩོམ་སྒྲིག]

བློ་གྲོས་དམན་ཞིང་སྦྱངས་པ་ཆུང་བའི་ཕྱིར། །

མཁས་པ་དགྱེས་པའི་སྡེབ་སྦྱོར་མ་མཆིས་ཀྱང་། །

མདོ་དང་དམ་པའི་གསུང་ལ་བརྟེན་པའི་ཕྱིར། །

རྒྱལ་སྲས་ལག་ལེན་འཁྲུལ་མེད་ལེགས་པར་སེམས། །

རྩ་ཚིག་གི་འགྲེལ་བཤད།


ཅ༽མཇུག་དོན། ཁེངས་སྐྱུངས་དང་བཟོད་གསོལ།

[རྩོམ་སྒྲིག]

འོན་ཀྱང་རྒྱལ་སྲས་སྤྱོད་པ་རླབས་ཆེན་རྣམས། །

བློ་དམན་བདག་འདྲས་གཏིང་དཔག་དཀའ་བའི་ཕྱིར། །

འགལ་དང་མ་འབྲེལ་ལ་སོགས་ཉེས་པའི་ཚོགས། །

དམ་པ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ། །

རྩ་ཚིག་གི་འགྲེལ་བཤད།


ཆ༽ མཇུག་དོན། བརྩམས་པའི་དགེ་བ་བསྔོ་བ།

[རྩོམ་སྒྲིག]

དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན། །

དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་མཆོག་གིས། །

སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །

སྤྱན་རས་གཟིགས་མགོན་དེ་དང་མཚུངས་པར་ཤོག །

རྩ་ཚིག་གི་འགྲེལ་བཤད།


ཅེས་པ་འདི་རང་གཞན་ལ་ཕན་པའི་དོན་དུ་ལུང་དང་རིགས་པ་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུའི་རིན་ཆེན་ཕུག་ཏུ་སྦྱར་བའོ།། །།

·རྒྱལ་སྲས་ལག་ལེན་གྱི་མཚམས་སྦྱོར།↵·རྒྱལ་སྲས་དངུལ་ཆུ་ཐོགས་མེད།༼ ཐོགས་མེད་བཟང་པོ། ༽

རྩོམ་པ་པོ་ཐོགས་མེད་བཟང་པོའི་ངོ་སྤྲོད།

[རྩོམ་སྒྲིག]

ཁོང་ཀྱི་སྐྱེས་ལོ་སྤྱི་ལོ་༡༢༩༥རེད། སྐྱེས་སའི་ཡུལ་གྱི་མིང་ལྷོ་ཕུལ་ཆུང་བྲག་སྐྱ་རེད། ཁོང་ཀྱི་ཕ་ལགས་ཀྱི་མཚན་ལ་དཀོན་མཆོག་དཔལ་རེད།  ཨ་མ་ལགས་ཀྱི་མཚན་ལ་འབུམ་སྒྲོན་རེད། ཁོང་ཀྱི་ཕ་མ་གཉིས་དཔེ་སྔ་པོ་གྲོངས་ཙང་། རྒྱལ་སྲས་ཐོགས་མེད་བཟང་པོ་ཨ་ཕྱི་རྒན་མོ་ཞིག་གིས་བསྐྱངས།  དགུང་ལོ་བཅུ་བཞི་ལ་རྒྱལ་སྲས་ཐོགས་མེད་བཟང་པོ་རིན་ཆེན་དཔལ་བཟང་གི་དྲུང་དུ་རབ་ཏུ་བྱུང་ནས། མཚན་བཟང་པོ་དཔལ་ཞེས་གསོལ།  འཇམ་དབྱངས་ཉི་མ་རྒྱལ་མཚན་གྱིས་མངོན་པ་ལས་དྲི་བ་གནང་བར་ལན་ཐོགས་མེད་དུ་བཏབ་པས་ཐོགས་མེད་བཟང་པོ་དཔལ་ཞེས་གྲགས། བཤད་སྒྲུབ་ཀྱི་བསྟན་པ་ཆེས་ལྷག་པར་བསྒྲུབས་ཏེ་དྲུག་ཅུ་རེ་བདུན་ལོར་ཡུལ་དབུས་སུ་བྱོན་། དགུང་ལོ་སོ་གཉིས་ནས་ཞེ་གཅིག་གི་བར་དུ་བླ་བྲང་རྟ་རའི་གདན་ས་ལ་གདན་པ་རེད། དགུང་གྲངས་དོན་ལྔ་སྤྱི་ལོ་༡༣༦༩ལོར་དངུལ་ཆུ་རི་ཁྲོད་དུ་ཞི་བར་གཤེགས། ཁོང་གི་གསུང་རྩོམ་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་སྤྱོད་འཇུག་གི་རྩ་འགྲེལ་སོགས་མང་བར་བརྩམས་ཡོད་དོ།

སྐད་ཡིག་གཞན།

[རྩོམ་སྒྲིག]