རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་སྦྱང་བརྩོན་
རྒྱལ་སྲས་གཞོན་ནུ་དོན་གྲུབ་སྐུ་འཁྲུངས་ནས་ཉིན་བདུན་པ་དེ་ལ་ཁོང་གི་མ་ཡུམ་སྒྱུ་འཕྲུལ་ཆེན་མོ་དགོངས་པ་རྫོགས་ཤིང་།དེའི་ཉིན་མོ་དེར་ཡབ་རྒྱལ་པོ་ཟས་གཙང་མའི་བཙུན་མོ་གཞན་པ་སྐྱེ་དགུའི་བདག་མོ (PRAJAPATI GOTAMI) ལ་སྲས་ཤིག་ཀྱང་འཁྲུངས། སྐྱེ་དགུའི་བདག་མོ་ནི་ཡུམ་སྒྱུ་འཕྲུལ་ཆེན་མོའི་གཅུང་མོ་ཆུང་ཤོས་དེ་ཡིན་སྟབས། ཁོང་གིས་རང་ཉིད་ཀྱི་སྲས་མ་མ་གཞན་ཞིག་ཏུ་གཏད་ནས། རྒྱལ་སྲས་གཞོན་ནུ་དོན་གྲུབ་རང་གི་ཤ་ནས་མཆེད་པའི་བུ་ཕྲུག་ཇི་བཞིན་བྱམས་བརྩེའི་སྒོ་ནས་སྐྱེད་སྲིང་ཞུས། འོན་ཀྱང་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་རང་གི་མ་ཡུམ་ངོ་མ་དེ་སུ་ཞིག་ཡིན་མིན་མཁྱེན་གྱི་མེད། རྒྱལ་སྲས་གཞོན་ནུ་དོན་གྲུབ་དགུང་གྲངས་ཁ་ཤས་ལོན་པ་ཙམ་ལས། ད་དུང་ནར་སོན་མེད་ན་ཡང་ཡབ་རྒྱལ་པོས་ཁོང་སློབ་གཉེར་ཁང་ཞིག་ཏུ་སློབ་སྦྱོང་བྱེད་པར་བཏང་། སློབ་གཉེར་ཁང་དེར་སློབ་ཕྲུག་མང་པོ་ཡོད་ཅིང་ཁོང་ཚོ་ཚང་མ་ཁྱིམ་ཚང་ཆེན་པོའི་ཕྲུ་གུ་འབའ་ཞིག་ཡིན། ཁོང་གི་སློབ་དཔོན་གྱི་མཚན་ལ་ཐམས་ཅད་བཤེས་གཉེན (SARVA MITRA) དུ་འབོད་དོ། ། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་སྐད་ཡིག་དང་། ཀློག་རྩལ། འབྲི་རྩལ། ཨང་རྩིས། རྒྱལ་རབས་ལོ་རྒྱུས། ས་ཁམས་རིག་པ། ཚད་མ་རིག་པ་སོགས་སློབ་ཚན་མང་དག་ཅིག་ལ་སྦྱང་བརྩོན་གནང་བཞིན་པར་མ་ཟད། རྩེད་རིགས་ཀྱི་སྐོར་ལའང་དཔེར་ན་མུར་རྫོགས་འགྲན་སྡུར་དང་། མདའ་རྩལ། ཨབ་ཐང་རྩེད་རྒྱུ་སོགས་རྩེད་མོའི་རིགས་ཀྱང་མང་པོ་སྦྱངས། དེ་ལྟར་གཞོན་ནུ་དོན་གྲུབ་ཁོང་ནི་འཛིན་གྲྭའི་དཀྱིལ་ནས་རིག་རྩལ་དང་མཁྱེན་དཔྱོད་མཆོག་ཏུ་གྱུར་པ་དེ་ཡིན་སྟབས། ཁོང་གིས་རང་ཉིད་ཀྱི་སློབ་ཚན་དེ་དག་སློབ་ཕྲུག་གཞན་པར་ལྟོས་ཏེ་ཆེས་མགྱོགས་མྱུར་ངང་མཁྱེན་ཐུབ་ཀྱི་ཡོད་ལ། ད་དུང་རྩེད་རིགས་སོགས་སློབ་ཚན་ཡོད་དོ་ཅོག་ནས་རྩེ་ཕུད་དུ་གྱུར། རིམ་བཞིན་རྣམ་དཔྱོད་མཆོག་ཏུ་རྒྱས་ཏེ་རིང་པོར་མ་ཐོགས་པར་རང་ཉིད་ཀྱི་སློབ་དཔོན་ལས་ཀྱང་མཁྱེན་རྒྱ་ཆེ་བར་གྱུར། དེ་ལྟར་རྒྱལ་སྲས་གཞོན་ནུ་དོན་གྲུབ་ནི་བློ་གྲོས་ཀྱི་མཁྱེན་དཔྱོད་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར་ཏེ། རང་གི་སློབ་དཔོན་དང་རྒན་རབས་པ་དག་ལ་དོགས་གནས་ཀྱི་བཀའ་འདྲི་ཞུ་མཁན་གཅིག་པུ་དེ་ཡིན། མ་ཟད་འཛིན་གྲྭའི་ནང་ནས་རྣམ་པ་མཛེས་ཤིང་ཕོ་ཉམས་དོད་ཤོས་དང་། སྟོབས་ཤུགས་ཆེ་ཤོས། སྐུ་གཟུགས་རིང་ཤོས་དེ་ཡང་ཁོང་ཉིད་ཡིན། ཁོང་གིས་དུས་ནམ་གྱི་ཚེ་ཡང་ལེ་ལོ་ལས་རྒྱང་བསྲིངས་ཤིང་སྤྱོད་ངན་གྱི་བྱ་བ་དག་རྒྱབ་ཏུ་དོར་ཏེ། སློབ་དཔོན་གྱི་བཀའ་གསུང་ཇི་བཞིན་བརྩི་བ་སོགས་ཀུན་ལ་བརྩེ་ཞིང་བྱམས་པས་གཞན་རྣམས་ཀྱང་ཁོང་ལ་དགའ་པོ་ཡོད། དེ་བཞིན་རྒྱལ་སྲས་ཁོང་ནི་སུ་དང་ཡང་མཛའ་གྲོགས་སུ་གྱུར་ཅིང་ཐ་ན་སེམས་ཅན་དུད་འགྲོ་ཚུན་ཆད་ལ་ཡང་གནོད་འཚེ་སྤངས་ཏེ་བྱམས་པས་སྐྱོང་བ་ཞིག་གོ །
གསལ་འདེབས། སྤྱིར་བོད་རང་གིས་བརྩམས་པ་དང་བསྒྱུར་བའི་སྟོན་པའི་མཛད་རྣམ། སྐྱེས་རབས་སོ་བཞི་དཔག་བསམ་འཁྲི་ཤིང་སོགས་སྔ་ཕྱི་མི་ཉུང་བ་ཞིག་བཞུགས། ཡིན་ནའང་འདི་ནི་དེ་དག་དང་མི་འདྲ་བར་ཚིག་གི་སྡེབ་སྦྱོར་གོ་སླ་ཞིང་། དོན་དུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་འགྲོ་བ་ཐུན་མོང་གི་མཐོང་སྣང་ལྟར་དངོས་ཡོད་མི་ཞིག་གི་བྱུང་རབས་ལྟར་བརྗོད་ཡོད། མ་ཟད་ལྷ་སྒྲུང་དང་དག་སྣང་རྐྱང་བས་གྱ་ཚོམ་དུ་མ་འཇུག་པར། ཞིབ་འཚོལ་རྩད་གཅོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་གཞི་རྐང་བཙུགས། ཁོང་གིས་བྲན་གཡོག་ལམ་ལུགས་ལ་འགོག་རྒོལ་དང་དམངས་གཙོའི་ལམ་ལུགས་བསླངས་པ། རིགས་རུས་མཆོག་དམན་གྱི་ལྟ་བ་དགག་པ། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ། ཕྱི་རོལ་བའི་སྟོན་པ་དང་ཆོས་ལུགས་སོགས་ལ་གུ་ཡངས་དང་གུས་ཞབས་བྱེད་སྟངས། ཁོང་གི་རྗེས་འཇུག་པ་ཚོས་རྫུ་འཕྲུལ་སྟོན་པ་ནི་ངོ་ཚ་དགོས་པའི་གནས་ཤིག་ཡིན་པ་སོགས་གདམས་པ་ཁྱད་པར་ཅན་དུ་མ་ཞིག་ཀྱང་མཛད་རྣམ་འདིའི་ཟུར་དུ་མངོན་ཡོད།