རྒྱལ་སྲས་ཀྱི་མཚན་གསོལ་མཛད་སྒ྄ོ་
ཡབ་རྒྱལ་པོ་ཟས་གཙང་མ་ལ་དགུང་ལོ་བགྲེས་པའི་མཆོད་གནས་སློབ་དཔོན་ཞིག་ཡོད་ཅིང་། ཁོང་ནི་ཧ་ཅང་གི་མཁྱེན་དཔྱོད་དང་ལྡན་པ་ཞིག་ཡིན་སྟབས་ཡུལ་མི་ཀུན་གྱིས་ཁོང་ལ་དྲང་སྲོང་ཆེན་པོ་ཞེས་ཞུ་བཞིན་ཡོད། ཁོང་གི་མཚན་དངོས་གནས་ལ་ཀ་ལ་དེ་ཝ་ལ (KALADEVALA) ཞེས་ཞུ་གི་ཡོད་ན་ཡང་། དུས་རྒྱུན་ཡུལ་མི་ཚང་མས་ཁོང་ལ་དྲང་སྲོང་ཆེན་པོ་ཉོན་མོངས་མེད (ASITA) ཅེས་འབོད་ཀྱི་ཡོད། དྲང་སྲོང་ཉོན་མོངས་མེད་ནི་དབེན་པའི་ནགས་ཀློང་ཁྲོད་དུ་བཞུགས་ཀྱིན་ཡོད་ན་ཡང་། ཁོང་གིས་ཡབ་རྒྱལ་པོ་ཟས་གཙང་མ་ལ་སྲས་ཤིག་འཁྲུངས་པའི་གཏམ་བཟང་དེ་ཐོས་པས་ཧ་ཅང་གི་དགའ་སྤྲོ་སྐྱེས། གང་ཡིན་ཞེ་ན། ཡབ་རྒྱལ་པོ་ཟས་གཙང་མ་ལ་མཚོན་ན་དེ་ནི་ཐོག་དང་པོར་འཁྲུངས་པའི་སྲས་ཡིན་པའི་རྒྱུ་མཚན་གྱིས་སོ། །དེའི་ཕྱི་ཉིན་དྲང་སྲོང་ཉོན་མོངས་མེད་ཡབ་རྒྱལ་པོ་ཟས་གཙང་མའི་སྲས་ལ་གཟིགས་པར་ཕེབས་པས། ཡབ་རྒྱལ་པོ་རང་ཉིད་ཀྱི་སློབ་དཔོན་སླར་ཡང་མཇལ་བར་དགའ་སྤྲོ་ཚད་མེད་སྐྱེས་ཏེ་ཁོང་ཕོ་བྲང་དུ་གདན་འདྲེན་ཞུས། དྲང་སྲོང་ཆེན་པོ་བཞུགས་ཁྲིར་འཁོད་རྗེས། ཡབ་ཟས་གཙང་མས་རང་གི་སྲས་དྲང་སྲོང་ཆེན་པོའི་མདུན་དུ་ཁྱེར་ནས་ཁོང་ལ་སྤྱན་འབུལ་དང་སྦྲགས་ཞུ་དོན། ཀྱེ་བླ་མ་རིན་པོ་ཆེ། ཁ་སང་སྐྱེས་པའི་ངའི་བུ་འདི་རེད། དེས་ན་བུ་ཆུང་འདི་ཡི་མ་འོངས་པའི་མདུན་ལམ་སྐོར་ལ་ལེགས་ཉེས་ཀྱི་ལུང་བསྟན་ཞིག་གནང་རྒྱུའི་བཀའ་དྲིན་མི་ཆུང་བ་ཞུ་ཞེས་པ་དང་ཆབས་ཅིགཡབ་རྒྱལ་པོས་ཁོང་གི་སྲས་མ་འབྱར་དེ་ལ་བརྟག་ཞིབ་མཐིལ་ཕྱིན་ཡོང་ཆེད། དྲང་སྲོང་ཆེན་པོའི་མདུན་དུ་ཡར་བཀྱགས་ནས་སྤྱན་འབུལ་ཞུས། དེ་ཙ་ན་ཆེས་ཡ་མཚར་བའི་གནས་ཚུལ་ཞིག་བྱུང་བ་ནི། རྒྱལ་སྲས་ཀྱིས་རང་གི་ཞབས་གཉིས་དྲང་སྲོང་ཉོན་མོངས་མེད་ཀྱི་དབུ་ཐོག་ཏུ་བཞག་པ་དེའོ། ། དེ་ནས་དྲང་སྲོང་ཆེན་པོས་རྒྱལ་སྲས་ཀྱི་ཞབས་གཉིས་ཚུར་བླངས་ཏེ་ཞིབ་ཅིང་ཕྲ་བའི་སྒོ་ནས་མཚན་བརྟག་ཞུས་པ་ན། ཁོང་གིས་རྒྱལ་སྲས་ཀྱི་ཞབས་མཐིལ་དུ་གསལ་བའི་རྟགས་དང་མཚན་མ་རྣམས་གཟིགས་པས། མགྱོགས་མྱུར་ངང་བཞུགས་ཁྲི་ལས་ཡར་བཞེངས་ཏེ་ན་རེ། རྒྱལ་སྲས་འདི་ནི་རིང་པོར་མི་ཐོགས་པར་འཇིག་རྟེན་འདིའི་ཐོག་ཆེས་རྨད་དུ་བྱུང་ཞིང་གོང་ན་མེད་པའི་སློབ་དཔོན་ཞིག་ཏུ་འགྱུར་བར་ངེས་སོ། །ཞེས་སྤྲོ་སྣང་དང་དགའ་སྤོབས་ཀྱི་ངང་སོར་བཅུའི་ཐལ་མོ་སྙིང་གར་ཟུམ་སྟེ་རྒྱལ་སྲས་ལ་གུས་བཀུར་ཚད་མེད་ཞུས། ཡབ་རྒྱལ་པོས་གནས་ཚུལ་དེ་མཐོང་བས་ཁོང་གིས་ཀྱང་དྲང་སྲོང་དང་གཅིག་མཚུངས་ཀྱིས་རང་གི་སྲས་ལ་གུས་ཕྱག་ཞུས། དེ་ནི་ཡབ་རྒྱལ་པོས་རང་གི་སྲས་ལ་ཕུལ་བའི་ཐོག་མའི་གུས་ཕྱག་དེ་རེད། གང་ལྟར་དྲང་སྲོང་ཆེན་པོའི་མ་འོངས་སྔོན་གཟིགས་ཀྱི་ལུང་བསྟན་དེ་ཡིས་རྒྱལ་ཕྲན་དེའི་མི་ཚོགས་ཐམས་ཅད་དགའ་བདེའི་དཔལ་གྱིས་ཁེངས་བར་བྱས་སོ། ། རྒྱལ་སྲས་སྐུ་འཁྲུངས་ནས་ཉིན་ལྔ་པ་དེ་ལ། ཡབ་རྒྱལ་པོ་ཟས་གཙང་མས་རང་གི་སྲས་ལ་མིང་དོན་མཚུངས་པའི་མཚན་ཞིག་ཐོག་ཆེད་མཚན་གསོལ་མཛད་སྒོ་ཞིག་གྲ་སྒྲིག་གནང་སྟེ། མཛད་སྒོ་དེའི་ཐོག་གྲོས་འགོ་འདོན་པའི་ཕྱིར་མཁྱེན་རྒྱ་ཆེ་བའི་དྲང་སྲོང་ལྔ་གདན་འདྲེན་ཞུས། ཁོང་རྣམ་པས་རྒྱལ་སྲས་ཀྱི་འཁྲུངས་རྟགས་སོགས་རྟགས་དང་མཚན་མ་རྣམས་ལ་ཞིབ་ཅིང་ཕྲ་བའི་བརྟག་ཞིབ་ཞུས་ཏེ་སྨྲས་པ། གལ་སྲིད་རྒྱལ་སྲས་འདིས་ཆབ་སྲིད་ཀྱི་ཐུགས་འགན་བདག་གིར་བཞེས་ན་རྒྱལ་པོ་ལས་ཀྱང་རྒྱལ་པོར་འགྱུར་བར་ངེས་ལ། དེ་མིན་རབ་ཏུ་བྱུང་སྟེ་ཆོས་སྒོར་ཞུགས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་ངེས་སོ། །ཞེས་མཐའ་སྡོམ་ཞུས། འོན་ཀྱང་དྲང་སྲོང་རྣམས་ཀྱི་ཁྲོད་ནས་དགུང་ན་ཆུང་ཤོས་མཚན་ལ་ཀཽཎྜི་ནྱ (KONDNA) ཞུ་བ་དེས་སྨྲས་པ། རྒྱལ་སྲས་འདི་ནི་མངོན་པར་རྫོགས་པར་འཚང་རྒྱ་བ་མ་གཏོགས་དེ་ལས་གཞན་གང་དུ་ཡང་མི་འགྱུར་རོ་ཞེས་གསུངས། དེ་ནས་དྲང་སྲོང་རྣམས་ཀྱིས་རྒྱལ་སྲས་ཀྱི་མཚན་ལ་གཞོན་ནུ་དོན་གྲུབ (SIDDHARTHA) ཅེས་བཏགས་སོ། །
གསལ་འདེབས། སྤྱིར་བོད་རང་གིས་བརྩམས་པ་དང་བསྒྱུར་བའི་སྟོན་པའི་མཛད་རྣམ། སྐྱེས་རབས་སོ་བཞི་དཔག་བསམ་འཁྲི་ཤིང་སོགས་སྔ་ཕྱི་མི་ཉུང་བ་ཞིག་བཞུགས། ཡིན་ནའང་འདི་ནི་དེ་དག་དང་མི་འདྲ་བར་ཚིག་གི་སྡེབ་སྦྱོར་གོ་སླ་ཞིང་། དོན་དུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་འགྲོ་བ་ཐུན་མོང་གི་མཐོང་སྣང་ལྟར་དངོས་ཡོད་མི་ཞིག་གི་བྱུང་རབས་ལྟར་བརྗོད་ཡོད། མ་ཟད་ལྷ་སྒྲུང་དང་དག་སྣང་རྐྱང་བས་གྱ་ཚོམ་དུ་མ་འཇུག་པར། ཞིབ་འཚོལ་རྩད་གཅོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་གཞི་རྐང་བཙུགས། ཁོང་གིས་བྲན་གཡོག་ལམ་ལུགས་ལ་འགོག་རྒོལ་དང་དམངས་གཙོའི་ལམ་ལུགས་བསླངས་པ། རིགས་རུས་མཆོག་དམན་གྱི་ལྟ་བ་དགག་པ། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ། ཕྱི་རོལ་བའི་སྟོན་པ་དང་ཆོས་ལུགས་སོགས་ལ་གུ་ཡངས་དང་གུས་ཞབས་བྱེད་སྟངས། ཁོང་གི་རྗེས་འཇུག་པ་ཚོས་རྫུ་འཕྲུལ་སྟོན་པ་ནི་ངོ་ཚ་དགོས་པའི་གནས་ཤིག་ཡིན་པ་སོགས་གདམས་པ་ཁྱད་པར་ཅན་དུ་མ་ཞིག་ཀྱང་མཛད་རྣམ་འདིའི་ཟུར་དུ་མངོན་ཡོད།