རྒྱལ་པོ་ཨ་ཤོ་ཀ་དང་ནང་བསྟན་

ཡོང་ཁུངས་Wikipedia
Jump to navigation Jump to search

ཨ་ཤོ་ཀ་ Ashok བོད་སྐད་དུ་ཆོས་རྒྱལ་མྱ་ངན་མེད་ཟེར “ བརྩམས་ཆོས་འདི་རྒྱའི་ཧྭ་ཤང་སློབ་དཔོན་ཧྲིན་ཡན་གྱིས་མཛད་པའི«རྒྱ་གར་ཆོས་འབྱུང»ལས་ཁོལ་དུ་ཕྱུང་སྟེ་བསྒྱུར་བའི་ཁུལ་བྱས་ཤིང་། ཡུལ་དང་མི། བསྟན་བཅོས་སོགས་ཀྱི་མིང་ལ་ལ་ནི་དེའོ་སྙམ་པའི་ངོས་ཟིན་རགས་པ་རེ་བྱུང་ཡང་། མང་ཤོས་ཤིག་གསར་དུ་བསྒྱུར་བའི་ངལ་བ་མི་བསྟེན་ཀ་མེད་བྱུང་། དེ་ན་བདག་ནི་ཐོས་པ་ཉུང་ཞིང་སྦྱང་བ་དམན་པའི་རིགས་སུ་གཏོགས་པས་ནོར་བ་དང་འཁྲུལ་བ། མ་རྟོགས་པ་དང་ལོག་པར་རྟོག་པ་སོགས་འགྱུར་ཉེས་པ་ཇི་སྙེད་ཅིག་མཆིས་པ་གདོན་མི་ཟ་ན། ཀློག་པ་པོ་དག་གི་དཔྱད་པའི་བློ་གྲོས་འཇུག་བདེ་བའི་ཕྱིར་དུ་མིང་དེ་དག་རྒྱ་བོད་ཤན་སྦྱར་གྱི་ཚུལ་དུ་དཀྱུས་སུ་བཀོད་ཡོད།”

རྒྱལ་པོ་ཨ་ཤོ་ཀ་དང་བསྟན་པ་སོ་སོར་གྱེས་པ།[རྩོམ་སྒྲིག]

སྟོད་ཆ།

བསྟན་པ་ལ་བཀའ་བསྡུ་གཉིས་པ་བྱས་རྗེས་འདུལ་བའི་སྤྱོད་ལམ་ལས་གནས་བརྟན་པ་དང་མང་པོས་བཀུར་བ་གཉིས་སུ་གྱེས་ནའང་། ཆོས་ཚོགས་ཀྱི་དགོངས་པའི་སྟེང་མངོན་པར་གསལ་བའི་འགལ་ཟླའི་སྣང་ཚུལ་དེ་ད་དུང་བྱུང་མེད། འོན་ཀྱང་རྒྱལ་པོ་ཨ་ཤོ་ཀའི་དུས་སུ་བཅས་ཁྲིམས་ཀྱི་ཤགས་འགྱེད་དེ་ནང་དོན་གྱི་རྩོད་གླེང་དུ་གྱུར་པར་མ་ཟད། གསར་ཞེན་རང་དབང་གི་མང་པོས་བཀུར་བར་ཡུལ་དབུས་སུ་སྟོབས་ཤུགས་ཆེན་པོ་ཐོབ། གནས་བརྟན་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི«བྱེ་བྲག་ཏུ་བཤད་པ་ཆེན་མོའི(大毗婆沙论)»གླེགས་བུ་གོ་དགུ་བར་བཀོད་པ་ལྟར་ན། རྒྱལ་པོ་ཨ་ཤོ་ཀས་རང་དང་བློ་མཐུན་པའི་དགེ་སློང་རྐུ་ཐབས་སུ་གནས་པ(贼住比丘)ལྷ་ཆེན་པོ(大天)ནང་དུ་ཁྲིད་དེ་གནས་བརྟན་པ་རྣམས་ཀྱི་དགོངས་ཚུལ་སྣང་མེད་དུ་བཞག དེ་བས་གནས་བརྟན་པ་རྣམས་ནི་རྒྱ་གར་བྱང་ཕྱོགས་ཁ་ཆེའི་ཡུལ(迦湿弥罗国)དུ་མི་འགྲོ་ཀ་མེད་བྱུང་བ་དང་། ཡུལ་དབུས་སུ་གསར་ཞེན་གྱི་གྲུབ་མཐའ་མང་པོས་བཀུར་བས་ཁག་བགོས་ཏེ་མཐའ་མཚམས་སུ་ཆོས་ཀྱིས་བློ་འགུག་བྱས། འདི་ནི་གནས་བརྟན་པ་ཚོའི་ཚིག་ཅིག་ཡིན་ནའང་གཏིང་ཟབ་པས་ཉམས་ཞིབ་བྱས་ན། ཡུལ་མ་ག་དྷཱ(摩羯陀)ནི་ནམ་ཡང་རང་དབང་གི་བསམ་བློའི་འབྱུང་གནས་ཡིན་པས། རྙིང་ཞེན་གྱི་གྲུབ་མཐའ་གནས་བརྟན་པ་ཚོས་དང་ལེན་མི་བྱེད་པའི་མི་མང་པོ་ཁོ་ཚོས་དགའ་སྤྲོས་བསྡུ་བ་ནི་འབྱུང་སྲིད་པ་ཞིག་རེད། གསར་ཞེན་གྱི་གྲུབ་མཐའ་མང་པོས་བཀུར་བ་ནི་དུས་ཀྱི་འགྲོས་དང་མཐུན་པའི་མི་མང་པོ་དེ་རུ་སོང་ཞིང་། གཞན་དུ་རྒྱལ་པོས་སྲུང་སྐྱོབ་བྱས་པ་ལ་རག་ལས་པའང་གནས་ལུགས་སྤྱིར་བཏང་བ་ཞིག་རེད།

རྒྱ་གར་གྱི་རྒྱལ་རབས།[རྩོམ་སྒྲིག]

རྒྱལ་པོ་ཨ་ཤོ་ཀ་ནི་མོརྱའི་རྒྱལ་རབས་ཀྱི་རྒྱལ་པོ་གསུམ་པ་ཡིན་ཞིང་། རྒྱ་གར་ནི་རིག་གནས་རྒྱུན་རིང་བའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་ལ། ཡིན་རྟོན་རུང་བའི་རྒྱལ་རབས་ནི་རྒྱལ་པོ་ཨ་ཤོ་ཀའི་མོརྱའི་རྒྱལ་རབས་ནས་མགོ་བརྩམས་པ་རེད།དེ་བས་རྒྱལ་པོ་ཨ་ཤོ་ཀ་མ་གླེང་གོང་རྒྱ་གར་གྱི་རྒྱལ་རབས་རིམ་བྱུང་གི་འགྱུར་བ་ལ་རགས་ཙམ་བལྟ། 

དང་པོ། མ་ཧཱ་ས་ནམ་ཏེའི(Mahasammata.摩诃三摩多王统)རྒྱལ་རབས་ཏེ། འདི་ནི་ཆེས་སྔ་བའི་རྒྱལ་རབས་ཡིན་ལ། རྒྱལ་རབས་འདི«འདུལ་བ་སྡེ་བཞི(四分律)»དང«གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་དགེ་འདུན་གྱི་ལས་དཀྲུགས་པ(有部律破僧事)»«རྒྱལ་པོ་ཆེན་པོ་ས་མིན་ཏའི་མདོ(众许摩诃帝经)»«དེ་བཞིན་གཤེགས་པའི་ལས་བསྡུ་བ(佛本行集经)»«འཇིག་རྟེན་འབྱུང་བ(起世经)»«མདོ་སྡེ་ལུང་རིང་མོ(长阿含经)»«ཤེས་བྱ་གསལ་བ(彰所知论གཞུང་འདི་འགྲོ་མགོན་འཕགས་པས་བརྩམས)»སོགས་གཞུང་དགུའི་ནང་དུ་བྱུང་ན་ཡང་མིང་མི་འདྲ་ཞིང་དུས་ཀྱང་བཀོད་མེད། གཉིས་པ། ཙནྡྲའམ་ཟླ་བའི(Candravam. ′sa.月统)རྒྱལ་རབས་ཏེ། རྒྱལ་རབས་འདི་རྒྱ་གར་ལྷ་སྒྲུང་ཚིག་མཛོད(印度神话辞书)དུ་གསལ། གསུམ་པ། སུརྱའམ་ཉི་མའི(Su-ryavam.sa.日统)རྒྱལ་རབས།་ཏེ རྒྱལ་རབས་འདིའང་རྒྱ་གར་ལྷ་སྒྲུང་ཚིག་མཛོད་དུ་གསལ། བཞི་པ། སེན་གཱ(Saiga Dynasty.苏修那迦王统)རྒྱལ་རབས་ཏེ། རྒྱལ་རབས་འདི་མོརྱའི་རྒྱལ་རབས་སྔོན་གྱི་མ་གཱ་དྷའི་རྒྱལ་ཁབ་ཡིན་ལ། ལོ་རྒྱུས་དངོས་ཀྱི་བློ་འབྱེད་དུས་ཀྱང་ཡིན་ཟེར་ཆོག ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་དྲུག་བརྒྱ་ནས་བདུན་བརྒྱའམ། བཞི་བརྒྱ་ནས་ལྔ་བརྒྱ་ཡས་མས་སུ་བྱུང་། ནང་བསྟན་གྱི་གཞུང་དུ་གསལ་བའི་རྒྱལ་ཁབ་བཅུ་དྲུག་ཟེར་བ་ཡང་སྐབས་འདིར་བྱུང་ཞིང་། རྒྱལ་རབས་སོ་སོའི་དུས་ཚོད་ནི་སྔར་བཞིན་ཁ་གསལ་བྱེད་དཀའ། ལྔ་པ། མོརྱའི(Maurya Dynasty.孔雀王统)རྒྱལ་རབས་ཏེ། རྒྱལ་རབས་འདི་ཕལ་ཆེར་སྤྱི་ལོ་སྔོན་གྱི་དུས་རབས་བཞི་པ་ནས་གཉིས་པའི་བར་བྱུང་ཞིང་། སྐབས་འདིར་ནང་བསྟན་རྒྱ་ཆེར་དར། དྲུག་པ། སིངྒའི(Sun.ga Dynasty.熏迦王统)རྒྱལ་རབས་ཏེ། རྒྱལ་རབས་འདི་ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་བརྒྱ་དང་བརྒྱད་ཅུ་ནས་བརྒྱད་ཅུ་ཡས་མས་སུ་བྱུང་།རྒྱལ་པོ་བཞི་པ་པི་ཧྲ་མེ་རྡོ་ལོའི(补砂密多罗)དུས་མགོར་རྒྱ་གར་ཡུལ་དབུས་སུ་བསྟན་པར་དགྲ་བྱུང་ཞིང་། རྒྱ་གར་ལྷོ་བྱང་དུ་བསྟན་པ་དར་མགོ་བརྩམས། བདུན་པ། ཁན་གཱའི(Kan.va Dynasty.迦纳婆王统)རྒྱལ་རབས་ཏེ། རྒྱལ་རབས་འདི་ལོ་བཞི་བཅུ་ལྷག་ལས་མ་གནས། བརྒྱད་པ། ཨན་དྷ་ལོའི(Andhrabhr.itya Dynasty.案达罗王统)རྒྱལ་རབས་ཏེ། རྒྱལ་རབས་འདི་སྤྱི་ལོ་སྔོན་གྱི་ལོ་ཉིས་བརྒྱ་ཉི་ཤུ་ནས་ཉི་ཤུ་རྩ་གསུམ་བར་བྱུང་། དགུ་པ། མང་པོས་བཀུར་བའི(Kusam. Dynasty.贵霜王统)རྒྱལ་རབས་ཏེ། རྒྱལ་རབས་འདིའི་སྐབས་རྒྱ་གར་ལྷོ་ཕྱོགས་ནི་ཨན་དྷ་ལོ(案达罗)དང་།བྱང་ཕྱོགས་མང་པོས་བཀུར་བ་ཡིན་ཞིང་། འདི་ནི་ཐོ་གར(大月氏)གྱི་རིགས་རྒྱུད་ཡིན། དེའི་ཁྲོད་ཆེས་མིང་དུ་གྲགས་པའི་དབང་སྒྱུར་པ་ནི་རྒྱལ་པོ་ཀ་ནིཥྐ(迦腻色迦王)ཡིན་ཞིང་། རྟ་དབྱངས(马呜)དང་ཀླུ་སྒྲུབ(龙树)། འཕགས་པ་ལྷ(提婆)། དྷརྨ་ཏ་ལ(达摩多罗)། སེངྒེའི་གོ་ཆ(诃梨跋跋罗)།བྱམས་པ(弥勒)སོགས་ཚང་མ་སྐབས་འདིར་བྱུང་། རྒྱལ་རབས་འདི་སྤྱི་ལོ་སྔོན་གྱི་ལོ་བཅུ་ཕྲག་ནས་དུས་རབས་གསུམ་པའི་མཇུག་བར་བྱུང་། བཅུ་པ། གནྠོའི(Gupta Dynasty.笈多王统)རྒྱལ་རབས་ཏེ། རྒྱལ་རབས་འདི་སྤྱི་ལོའི་དུས་རབས་བཞི་པའི་མགོ་ནས་དུས་རབས་དྲུག་པའི་མགོ་བར་བྱུང་། ཐོགས་མེད(无著)དང་དབྱིག་གཉེན(世亲)། ཀུ་མཱ་ར་ཤི(罗什)། ཚུལ་ཁྲིམས་བཟང་པོ(戒贤)། བློ་གྲོས་བརྟན་པ(坚慧)། ཅི་ཡུན(觉音)སོགས་ཚང་མ་དུས་སྐབས་འདིའི་མི་ཡིན་ལ། ནཱ་ལེནྡྲའི་གཙུག་ལག་ཁང་ཡང་སྐབས་འདིར་བཞེངས་ཤིང་། གསང་སྔགས་ཀྱང་འདི་དུས་དར་བའི་མགོ་བརྩམས་ཏེ་ག་ལེར་དར་རྒྱས་སུ་ཕྱིན། འདི་དུས་རྒྱ་ནག་གི་བཙུན་པ་ཆོས་སྣང(法显)རྒྱ་གར་དུ་བརྟོལ་ཅིང་། ཨན་ཝེ(安慧)། ཕྱོགས་གླང(陈那)། ལེགས་ལྡན་འབྱེད(清辨)། ཆོས་སྐྱོང(护法)སོགས་ཀྱང་སྐབས་འདིར་བྱུང་། བཅུ་གཅིག་པ། ཝ་ཐ་ནཱའི(Vardhana.戒日王统)རྒྱལ་རབས་ཏེ། རྒྱལ་རབས་འདི་སྤྱི་ལོའི་དུས་རབས་དྲུག་པའི་མགོ་ནས་བདུན་པའི་དཀྱིལ་བར་བྱུང་ཞིང་། འདི་དུས་ལོང་ཀྲིས(龙智)གསང་སྔགས་རྒྱ་ཆེར་སྤེལ་ལ། ཟླ་བ་གྲགས་པས(月称)ཡུལ་དབུས་སུ་སྟོང་ཉིད་ཀྱི་ལྟ་བ་སྤེལ། ཧྱན་ཙང(玄奘)ནུབ་ཕྱོགས་སུ་རྒྱུ་འགྲུལ་བྱས་ཤིང་། ཆོས་ཀྱི་གྲགས་པས(法称)སླར་ཡང་ཚད་མ་དར་བར་བྱས། བཅུ་གཉིས་པ། པཱ་ལའི(Pala Dynasty.波罗王统)རྒྱལ་རབས་ཏེ། རྒྱལ་རབས་འདིས་ཝ་ཐ་ནཱའི་རྒྱལ་རབས་ཀྱི་རྒྱུན་ཐད་ཀར་བཟུང་བ་མིན་ཡང་ནང་བསྟན་ལ་བཀུར་བསྟི་ཤུགས་ཆེན་བགྱིས་ཤིང་། འདི་དུས་གསང་སྔགས་ཧ་ཅང་དར་བ་བྱུང་།

རྒྱལ་རབས་འདི་དག་ཡུལ་མ་ག་དྷླ་དཀྱིལ་དབུས་བྱས་ཏེ་ངོ་སྤྲད་པ་ཡིན། རྒྱུ་མཚན་ནི་རྒྱ་གར་གྱི་རྒྱལ་རབས་རྙོག་དྲ་ཚ་བས་གནད་བསྡུས་སུ་མི་འགོད་ཀ་མེད་བྱུང་། ཝ་ཐ་ནཱའི་རྒྱལ་རབས་ཀྱི་རྗེས་ལ་རྒྱ་གར་དུ་རྒྱལ་ཕྲན་དུ་མ་བྱུང་བ་དང་། རྒྱལ་རབས་ཀྱང་གཅིག་ཐོག་གཉིས་བརྩེགས་སུ་བྱུང་། སྤྱི་ལོའི་དུས་རབས་བཅུ་གཉིས་པར་སླེབས་དུས། དབྱི་སི་ལན་གྱི་བཙན་འཛུལ་གྱིས་རྒྱ་གར་རྒྱལ་རབས་འཐོར་ཞིག་ཏུ་བཏང་ཞིང་། ནང་བསྟན་ཡང་ཡུལ་དེ་ནས་གཞི་མེད་དུ་སོང་། དེ་དུས་རྒྱ་ནག་གི་སུང་ཉེན་ཙང(宋宁宗)གི་དུས་ཡིན། ནང་ཆོས་རྒྱ་གར་ནས་ལོ་ཆིག་སྟོང་དྲུག་བརྒྱ་ནས་བདུན་བརྒྱར་གནས་ཤིང་། དེ་རྗེས་ཉམས་པ་དང་བསྐྱར་དར་བྱུང་བ་སོགས་ཀྱི་རྒྱུ་རྐྱེན་ཅི་ཞེ་ན། དཔེ་འདིའི་ལེའུ་བཅུ་གཉིས་པའི་ནང་ནས་སླར་ཡང་འཆད་དོ། །

རྒྱལ་པོ་ཨ་ཤོ་ཀ་དེ།[རྩོམ་སྒྲིག]

མོརྱའི་རྒྱལ་རབས་ཀྱི་མེས་པོའི་རྒྱུད་པ་མི་གསལ། འོན་ཀྱང་ཨཱརྱ་ཎའི་རིགས་གཙང་མ་མིན་པ་ནི་ཚོམ་ཉི་བྲལ་པ་ཞིག་རེད། ལ་ལས་རྒྱལ་པོ་ཨ་ཤོ་ཀའི་རྨོ་མོ་གདོལ་བའི་རིགས་ལས་བྱུང་བར་བཤད། སྤྱི་ལོ་སྔོན་གྱི་ལོ༣༢༣ལོར་ཨ་ཤོ་ཀའི་སྤོ་བོ་ཐནྟོ་ལོ་ཅི་ཐོས(旃陀罗掘多王.Candrogupta)རྒྱལ་རབས་བཙུགས། རྒྱལ་རབས་གཉིས་པ་རྒྱལ་པོ་ཏི་བྷུནྠོ་ཧྲ་ལོ(伐宾头沙罗王,Bindusāra)དང་གསུམ་པ་རྒྱལ་པོ་ཨ་ཤོ་ཀ་ནི་སྤྱི་ལོ་སྔོན་གྱི་ལོ༢༦༨ལོར་བྱུང་ཟེར། འདི་ནི་ལྷོ་རྒྱུད་ནང་བསྟན་གྱི«འདུལ་བ་དགེ་བར་མཐོང་བ(善见律)»དང«གླིང་ཕྲན་ལོ་རྒྱུས(岛史)»། «གདུང་རབས་ཆེན་མོ(大史)» འབར་མའི་ངག་རྒྱུན་དུ་བཀོད། ཉེ་སྔོན་རྒྱལ་པོ་ཨ་ཤོ་ཀའི་ལོ་རྒྱུས་ལ་ད་དུང་མཁས་པ་རྣམས་ཀྱིས་ཧུར་བརྩོན་གྱིས་ ཁུངས་སྐྱེལ་གཏན་ཁེལ་བྱེད་སྒང་ཡིན།

བཤད་རྒྱུན་ལྟར་ན་རྒྱལ་པོ་ཨ་ཤོ་ཀ་ནི་སྐྱེས་མ་ཐག་ནས་སྐྱེ་འབྲས་ཞན་ཞིང་རང་གཤིས་གཏུམ། ཡབ་ཀྱང་ཤིན་ཏུ་དགའ་བོ་མེད། སྐབས་དེར་ཏག་ཏག་རྒྱ་གར་བྱང་ཕྱོགས་ཀྱི་ཡུལ་ཐི་ཁ་སི་ལོར(德叉尸罗,Takkasilā)ཟིང་ཆ་བྱུང་། རྒྱལ་པོ་བྷུནྠོ་ཧྲ་ལོས་ཁོང་ཡུལ་དེ་བདེ་ལ་འགོད་དུ་མངགས། འདི་ནི་ཁོང་བསམ་བཞིན་འཆི་ལམ་ལ་བརྫང་འདོད་ཡིན་པས་གོ་མཚོན་སྒྲིག་ཆས་ཧ་ཅང་གཞན། ཡིད་ལ་མ་དྲན་པ་ཞིག་ནི་དཔའ་མཛངས་གཉིས་ལྡན་གྱི་རྒྱལ་པོ་ཨ་ཤོ་ཀས་ལས་འགན་དེ་འགྲུབ་ནས་ཡུལ་དེའི་ལྟ་ཞིབ་དཔོན་བྱས། དེ་བས་ཁབ་ཀྱི་བློན་པོ་དག་གིས་གུས་བཀུར་ཆེན་པོ་ཐོབ། ཁོང་གིས་ཡབ་སྐུ་གཤེགས་པར་བསྒུགས་ཏེ་སྤུན་མང་པོ་བསད་ནས་སྲིད་དབང་རང་གིས་བཟུང་། ཕལ་ཆེར་སྲིད་ཀྱི་རྨང་གཞི་སྲ་བརྟན་མེད་པའི་རྐྱེན་གྱིས་ལོ་བཞིའི་རྗེས་ཏེ། ཨ་ཤོ་ཀ་ལོ་ཉེར་ལྔར་ལོན་དུས་ད་གཟོད་རྒྱལ་པོ་ལ་དབང་སྒྱུར་བའི་མཛད་སྒོ་བསྡུས། ངག་རྒྱུན་དུ་ཁོང་ལ་སྤུན་བརྒྱ་དང་གཅིག་ཡོད་ཅིང་། ཏི་ཤེ(帝须)ཟེར་བ་གཅིག་པུ་མ་གཏོགས་གཞན་ཚང་མ་བསད་པར་བཤད། འོན་ཀྱང་སྐབས་དེར་བརྐོས་པའི་བཀའ་ཡིག(磨崖法敕)ཏུ་ཁོང་དང་སྤུན་བར་གྱི་གནས་ཚུལ་བྲིས་མི་འདུག་པས་ངག་རྒྱུན་ཡོངས་སུ་རྫོགས་པ་ནི་ཡིད་རྟོན་མི་རུང་བ་ཤེས་ཐུབ།

ལོ་རྒྱུས་སུ་བཀོད་པ་ལྟར་ན་ཡབ་ནི་ཁོང་གིས་བཙན་ཤེད་ཀྱིས་བཀྲོངས་ཤིང་། སྲིད་དབང་བཟུང་རྗེས་སྤུན་ཟླ་གསོད་རྨས་ཆེན་པོ་བཏང་། དམྱལ་བའི་སྡུག་བསྔལ་གསར་འཛུགས་ཀྱིས་མི་དམངས་ལ་ཉེས་ཆད་བཅད་པ་དང་མཉམ་དུ་ལྷོ་ཕྱོགས་ཀྱི་ཁཱ་ལེནྡ་རྒྱལ་ཁབ(羯陵伽国,Kalinga)༼དེང་སང་གི་ཨོ་རེ་སཱ་ཞིང་ཆེན(阿里沙省,Orīssa)༽དྲག་འདུལ་བྱས། དམར་གསོད་གྲངས་མེད་བཏང་བས་ཁོང་ལ་གཏུམ་པོ་ཨ་ཤོ་ཀ་ཞེས་མཚང་བྱུང་།

ཞིབ་འཇུག་བྱས་པ་ལྟར་ན་རྒྱལ་པོ་ཨ་ཤོ་ཀ་ནང་པ་ལ་སྐྱབས་སུ་འགྲོ་དུས་ནི་ཁཱ་ལེནྡ་དྲག་འདུལ་མ་བྱས་པའི་སྔ་ལོ་ཡིན་སྲིད། སྐབས་དེར་ཁོང་གིས་དྲག་འདུལ་ཁྲོད་དམར་གསོད་བཏང་བའི་སྐྱི་གཡའ་བའི་གནས་ཚུལ་དེ་མཐོང་རྗེས་འགྱོད་སེམས་ཆེན་པོ་སྐྱེས་ཏེ་ཕྱིར་ཡོང་ནས་དགེ་འདུན་ལ་སྙིང་བརྩེ་བ་བྱེད་ཅིང་ནང་ཆོས་ཉམས་སུ་བླངས། ཁོང་རང་ཉིད་ཀྱིས་སྲིད་ཀྱི་རྒྱལ་པོ་རེས་སུ་འཁོར་བ་ནི་ཕུགས་ཀྱི་རེ་བ་ཡིན་པར་སྨྲས། ཞི་བའི་དམ་ཆོས་ཀྱིས་བདེ་སྐྱིད་རྫོགས་ལྡན་གསར་བའི་སྤྱི་ཚོགས་ཤིག་བཙུགས། ཉེ་རབས་བྲག་བརྐོས་བཀའ་ཡིག་ཆེན་མོའི་ཨང་སུམ་ཅུ་པའི་ནང་དུ"ཆོས་བཞིན་དུ་རྒྱལ་བ་ནི་མཆོག་ཏུ་གྱུར་པའི་རྒྱལ་བའོ"ཞེས་བསྒྲགས།

དེ་ནས་བཟུང་རྒྱལ་པོ་ཨ་ཤོ་ཀའི་གཏམ་དང་སྤྱོད་པ་ཚང་མ་ནང་པའི་ཆོས་དང་འབྲེལ། རྒྱལ་པོ་ཨ་ཤོ་ཀ་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་ལེགས་སྦྱར་གྱི་རྒྱལ་པོ་ཨ་ཤོ་ཀའི་དཔེ(阿育王譬喻,Aśokavadāna)། རྒྱ་འགྱུར་གྱི་རྒྱལ་པོ་ཨ་ཤོ་ཀའི་མདོ་དང་གཏམ་རྒྱུད་སོགས་ལས་གཞན་ཉེ་རབས་ཀྱི་མཁས་པས་གཙིགས་སུ་འཛིན་པ་ནི་ད་དུང་བྲག་བརྐོས་བཀའ་ཡིག་བདུན་པའི་ཀ་ཕྲེང་བཞིན་བསྒྲིགས་པའི་ས་བཅད་བཅུ་བཞི་པའི་དུམ་བུ་ཁ་པ་དང་། རྡོའི་ཀ་བའི་བཀའ་ཡིག(石柱法敕)དྲུག་པའི་དུམ་བུ་ཀ་པ། ཁ་པ། ག་པ། རྡོའི་ཀ་ཕྲན་གྱི་བཀའ་ཡིག་བཞི་པའི་རིགས་བཞི། རྡོ་བརྐོས་བཀའ་ཡིག་ཆུང་ངུའི་ཀ་པའི་རིགས་གསུམ། ཁ་པའི་རིགས་གཅིག ག་པའི་རིགས་གཅིག རྡོ་གཡམ(石板)སོགས་ཡོད།

གནའ་རྫས་འདི་དག་ནི་སྤྱི་ལོ༡༣༥༦ལོའི་རྗེས་ནས་ག་ལེར་རྙེད་ཅིང་། ༡༨༣༧ལོའི་རྗེས་ཀྱི་ཕོ་རིན་སི་པོ་ཧྲི(甫林切补氏,J.prinsep)ནས་བཟུང་རིམ་བཞིན་གསར་རྙེད་བྱུང་བར་མ་ཟད། སྐད་ཁུངས་རིག་པ་པར་བརྟེན་ཏེ་ལེགས་སྦྱར་མཁས་པའི་རོགས་སྐྱོར་འོག་དབྱིན་ཡིག་ཏུ་བསྒྱུར།

བྲག་བརྐོས་བཀའ་ཡིག་དུམ་བུ་དང་པོ་ནས་བཞི་པ། བཅུ་གཅིག་པ། རྡོའི་ཀ་བའི་དུམ་བུ་ལྔ་པ་དང་བདུན་པ་སོགས་སུ་རྒྱལ་པོ་ཨ་ཤོ་ཀས་སྲིད་བཟུང་རྗེས་བཙོན་མ་དམིགས་བསལ་གྱིས་ཀློད་གྲོལ་ཐེངས་ཉེར་ལྔར་བཏང་ཞིང་། ལོ་རེར་སྒྲིབ་གཡོགས་མེད་པའི་ཚོགས་ཆེན་ཐེངས་རེར་འཚོགས། ད་དུང་སྲོག་གཅོད་པ་བཀག་པ་དང་སྦྱིན་པ་བཏང་བ། ཤིང་སྡོང་འཛུགས་པ། ལམ་བཟོ་བ། ཁྲོམ་པ་རྐོ་བ། དགོན་པ་དང་མཆོད་རྟེན་བཞེངས་པ་སོགས་རྒྱལ་ཁབ་ཡོངས་ལ་བྱས། ཆོས་ཀྱི་བློན་ཆེན་པོ(正法大官,Dharma Māhamatras)བསྐོས་ཏེ་གང་སར་དམ་ཆོས་ཁྱབ་བསྒྲགས་དང་སྦྱིན་པ་རྒྱ་ཆེར་བཏང་། ཆབ་སྲིད་བྱམས་པས་བཟུང་ཞིང་དམངས་རྣམས་བརྩེ་བས་བསྐྱངས། རྒྱལ་པོ་ཨ་ཤོ་ཀ་སྐུ་དངོས་སུ་དཀོན་མཆོག་གི་རྗེས་ཤུལ་ལ་གནས་མཇལ་དུ་ཕྱིན། ག་ས་གང་ལ་རྡོའི་ཀ་བ་བསླངས་ཤིང་བཀའ་ཡིག་བརྐོས་ཏེ་རྗེས་དྲན་བྱས། རྡོའི་ཀ་བ་འདི་དག་གི་ལྷག་རོ་ད་དུང་ཡོད་ཅིང་རྒྱ་གར་གྱི་གནའ་བོའི་རིག་རྫས་གཅེས་ནོར་དུ་བརྩིས་ཏེ་བསྡུ་ཉར་སྲུང་སྐྱོབ་བྱས། རྒྱལ་པོ་ཨ་ཤོ་ཀའི་སྲོག་ཆགས་བརྩེ་སྐྱོང་གི་ཤུལ་ལུས་གོམས་གཤིས་ཏེ་རྒྱ་གར་དུ་ད་ལྟའང་མ་ཉམས་པར་ཡོད།

ད་དུང་བཀའ་ཡིག་དེ་དག་གི་ཁྲོད་ནས་བདེན་དཔང་རྙེད་པ་ཞིག་ནི་རྒྱལ་པོ་ཨ་ཤོ་ཀས་ཆོས་ཀྱི་ཕོ་ཉ་ཆེན་པོ་ཕྱིའི་རྒྱལ་ཁབ་ཏུ་བཏང་ནས་ཆོས་སྤེལ། ཆོས་ཀྱི་བཀའ་ཡིག་ཁྲོད་དུ་གསལ་བ་ནི་གྷི་རིག་གི་རྒྱལ་ཁབ་ལྔ་སྟེ། སི་རི་ཡ(叙利亚)དང་མ་སི་དོ་ཉི་ཡ(马其顿)། ཨེ་ཅིབ(埃及)། ཁུ་ལ་ནེ(克莱奈)། ཨེ་ཕི་ལོ་སིའོ(爱毗劳斯)། །ཡུལ་འདི་དག་རྗེས་སུ་ཡེ་ཤུ་དང་དབྱི་སི་ལན་ཆོས་གཉིས་ཀྱི་འབྱུང་གནས་ཡིན་ཡང་། ནང་བསྟན་གྱིས་ཁོ་ཚོ་ལ་བཞག་པའི་བག་ཆགས་འདི་ལས་ཀྱང་ཆོས་ཀྱི་ཕོ་ཉའི་ཤུགས་རྐྱེན་མཐོང་ཐུབ།ཤར་ཕྱོགས་སུ་ཆོས་ཀྱི་ཕོ་ཉ་ཁམ་བྷོ་དི་ཡ(柬埔寨)ལ་མངགས་ཤིང་། ནང་པའི་ཆོས་ཀྱི་དགོངས་དོན་ལྟར་ཞི་བདེའི་གལ་འགངས་མངོན་པར་བསྒྲགས་ཏེ་རྒྱལ་སྤྱིའི་མཐུན་འབྲེལ་དམ་དུ་བཏང་།

རྒྱུ་མཚན་ཧྲི་ཅཱ་མས(史家每)རོམ་གྱི་བཙན་རྒྱལ་ཆེན་མོ་ཁཱན་ནུ་སི་ཁྲན་ཁྲིན(君士坦丁大帝,Constantinus I Magnus)གྱིས་ཡེ་ཤུ་ཆོས་བཀུར་བསྟི་བྱས་པ་ནི་ཨ་ཤོ་ཀས་ནང་བསྟན་བཀུར་བསྟི་བྱས་པ་དང་འདྲ་བར་སྣང་ནའང་། དོན་དངོས་སུ་ཧེ་བག་ཆེ་སྟེ་ཁཱན་ནུ་སི་ཁྲན་ཁྲིན་གྱིས་ཆོས་ལུགས་ཐ་དད་པར་གུ་ཡངས་མི་བྱེད་པར་མ་ཟད། ཁོའི་དམིགས་ཡུལ་ནི་ཆབ་སྲིད་ཀྱི་ཐབས་ལམ་ཞིག་གོ །འོན་ཀྱང་རྒྱལ་པོ་ཨ་ཤོ་ཀས་རྡོ་བརྐོས་ཀྱི་བཀའ་ཡིག་ཁྲོད་དུ་དམངས་ལ་གཞན་གྱི་དད་མོས་ལ་འཕྱ་སྨོད་བྱེད་མི་ཆོག་པར་བསྒྲགས། ཧིན་རྡུ་ཆོས་ལུགས་ཀྱི་མིང་དུ་གྲགས་པའི་མ་ནོ་ཁྲིམས་ཡིག(摩㝹法典)ཀྱང་སྐབས་འདིར་བྱུང་། ཆོས་ལུགས་ཀྱི་གུ་ཡངས་གཞི་བྱས་ཏེ་ནང་པའི་བསྟན་པ་སྤེལ་ཞིང་།སླད་མེད་རྣམ་དག་གིས་མཆོག་གསུམ་བཀུར་བསྟི་བགྱིས་ནས་སྣོད་བཅུད་ཐམས་ཅད་དམ་པའི་ཆོས་བཞིན་བདེ་བར་བསྐྱངས།

སྐབས་དེའི་རྒྱ་གར་མངའ་ཁོངས་རྒྱ་ཆེ་བས་འཛམ་གླིང་ན་འགྲན་ཟླ་བྲལ་ཞེས་སྨྲས་ཀྱང་ཆོག ཤར་ཕྱོགས་ཀྱི་མཐའ་མཚམས་བྷང་ག་ལའི་མཚོ་ཁུག་ཏུ་ཐུག་ཅིང་། བྱང་ཕྱོགས་བལ་པོ་དང་ཀ་ཤི་མིར་(克什米尔)རྒྱལ་ཕྲན་གཉིས་དང་། རྒྱལ་ཁབ་གཞན་གྱི་མངའ་འོག་ཀྱང་འདུག ལྷོ་ཕྱོགས་ཀྱི་མཐའ་མཚམས་ཆུ་བོ་ཕན་ནཱ(波娜河,PannaRiver)སྟེ།དེང་སང་གི་ཧེ་རྡུ་ལ་བྷ་ཞིང་ཆེན(海德拉巴省)དང་། ལྷོ་ཕྱོགས་ཀྱི་ཇེ་སི་ནཱ་ཆུ་བོའི(吉斯特那河)བར་ལ་རྒྱ་བསྐྱེད། ནུབ་ཕྱོགས་སུ་ཨ་རབ་རྒྱ་མཚོ་དང་། ནུབ་བྱང་དུ་དེང་གི་ཨབ་གྷན་སི་ཐན་གྱི་མངའ་ཁོངས་ཁག་ཅིག་གོ །

«བྱེ་བྲག་ཏུ་བཤད་པའི་འདུལ་བ་དགེ་བར་མཐོང་བའི»གླེགས་བུ་གཉིས་པར་བཀོད་པ་ལྟར་ན་རྒྱལ་པོ་ཨ་ཤོ་ཀ་ཁྲི་ལ་བསྡད་དེ་ལོ་བཅུ་བདུན་གྱི་དུས་སུ་མོའུ་གྷ་ལཱི་ཕོ་ཁྲ་ཐི་སཱ(目犍连子帝须,Moggalputta–Tissa)མཁན་པོར་གདན་དྲངས་ནས་གྲོང་ཁྱེར་ཧྭ་ཧྲི(华氏城,Pātaliputta)རུ་གནས་བརྟན་ཆིག་སྟོང་བསྡུས་ཏེ་བཀའ་བསྡུ་གསུམ་པ་ཟླ་དགུའི་རིང་ལ་བྱས། ཡང་ངག་རྒྱུན་དུ་ལྷོ་ཕྱོགས་པཱ་ལིའི(巴利)སྡེ་སྣོད«གླེང་གཞི(论事)»ནི་གྲོང་ཁྱེར་ཧྭ་ཧྲིའི་བཀའ་བསྡུ་བྱས་པའི་བྱེ་བྲག་གི་འབྲས་བུ་ཡིན་པར་བཤད།

བཀའ་བསྡུ་བྱས་རྗེས་རྒྱལ་པོ་ཨ་ཤོ་ཀས་ཆོས་ཀྱི་ཕོ་ཉ(传教师)སྐོར་ཆེན་པོ་ཞིག་ས་གནས་སོ་སོར་མངགས་ཏེ་དམ་པའི་ཆོས་རྒྱ་ཆེར་སྤེལ།«བྱེ་བྲག་ཏུ་བཤད་པའི་འདུལ་བ་དགེ་བར་མཐོང་བ»རུ་ཕོ་ཉ་གཙོ་བོ་དང་གཞན་དག་སླེབས་པའི་གནས་ནི་འདི་ལྟར། དང་པོ། མོ་ཧན་ཏི་ཁ(末阐地,Majjhantika)ནི་རྗེ་ཕིན(罽宾)དང་གནྡྷ་ར(犍陀罗)སྟེ། དེང་སང་རྒྱ་གར་བྱང་ཕྱོགས་ཀྱི་ཀ་ཤི་མིར་སོགས་ཀྱི་གནས་སུ་བཏང་། གཉིས་པ། མ་ཧཱ་དེ་ཝ(摩诃提婆,Mahādeva)ནི་མ་ཧུ་སཱ་ཁ་མནྟ་ལོ(摩醯娑漫陀罗,Kaś mīra–Gandhāra)སྟེ། དེང་སང་རྒྱ་གར་ལྷོ་ཕྱོགས་ཀྱི་མཱེ་སོའུར(卖素尔)སོགས་ཀྱི་གནས་སུ་བཏང་། གསུམ་པ། རཱ་ཆི་ཐ(勒弃多,Rakkhita)ནི་ཝ་ན་ཝ་སི(婆那婆私,Vanavāsi)སྟེ། དེང་སང་གང་ཡིན་མི་གསལ་ལ། ཁ་ཅིག་རྒྱ་གར་ལྷོ་ཕྱོགས་ཡིན་ཡང་ཟེར། བཞི་པ། ཐན་ཝོ་དྷི(昙无德,Yonaka–Dhammarakkhita)ནི་ཨ་ཕོ་རན་ཐ་ཁ(阿波兰多迦,Aparantaka)སྟེ། དེང་སང་རྒྱ་གར་ནུབ་ཕྱོགས་ཀྱི་སོའུ་ཁོའུར་གྱི་བྱང་ཕྱོགས་ཡིན། ལྔ་པ། མ་ཧཱ་ཐན་ཝོ་དྷི(摩诃昙无德,Mahādhammarakkhita)ནི་མ་ཧཱ་ར་ཐ(摩诃剌陀,Mahārattha)སྟེ། དེང་སང་རྒྱ་གར་ལྷོ་ཕྱོགས་ཀྱི་མན་མེ(孟买)རུ་བཏང་། དྲུག་པ། མ་ཧཱ་རཱ་ཆི་ཐ(摩诃勒弃多,Mahārakkhita)ནི་ཝེ་ན་ཁ་ལོ་ཁ་སྟེ། དེང་སང་ཨབ་གྷན་སི་ཐན་གྱི་ནུབ་ཕྱོགས་སུ་བཏང་། བདུན་པ། མོ་རྗི་ཧེ་མོ(末示摩,Majjhima)དང་ཁ་སི་ཕོ(迦叶波,Kāś yaps)ནི་གངས་རིའི་འགྲམ་སྟེ། དེང་སང་གི་བལ་ཡུལ་རྒྱུད་དུ་བཏང་། བརྒྱད་པ། སོ་ནཱ་ཁ(须那迦,Sonaka)དང་ཡོ་ཐ་རཱ(郁多罗,Uttara)ནི་གསེར་གྱི་ས་གཞི་སྟེ། དེང་སང་གི་འབར་མར་བཏང་། དགུ་པ། མཱ་ཧེན་དྷ(摩唒陀,Mahinda)སོགས་སེངྒེའི་ཁབ་སྟེ། དེང་སང་གི་ཐེ་ལན་དིར་བཏང་།

འདི་དག་ལས་མཐོང་ཐུབ་པ་ནི་ནང་བསྟན་རྒྱལ་པོ་ཨ་ཤོ་ཀའི་དུས་སུ་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་སུ་གྱུར། ནང་བསྟན་གྱི་སློབ་གསོས་ཡ་གླིང་དང་ཧྥེ་གླིང་། ཐ་ན་ཡོ་རོབ་གླིང་གི་མཐའ་མཚམས་སུའང་འབྲེལ་ལམ་བཙུགས་ཤིང་། གླིང་དང་གླིང་གི་བར་དུ་ཞི་བདེའི་ཚེ་སྲོག་སྩོལ་བའི་ཁུར་ཆེན་བཏེགས།

མི་ལ་ལས་སེམས་སུ«རྒྱལ་རབས་རིམ་བྱུང་གི་མཆོག་གསུམ་ཟིན་ཐོ(历代三宝记)»རུ་བཤད་པའི་ཆིན་ཧྲི་ཧོང་གི་དུས་སུ་རྒྱ་ནག་ཏུ་སླེབས་པའི་ནུབ་ལྗོངས(西域)ཀྱི་དགེ་སྦྱོང་ཧྲི་ལས་ཧྥང(释利防)སོགས་མི་བཅོ་བརྒྱད་པོ་ངག་རྒྱུན་ཙམ་ལས་བདེན་དཔང་མེད་ནའང་། རྒྱལ་པོ་ཨ་ཤོ་ཀ་དང་དུས་མཉམ་པས་གཅིག་བྱས་ན་ཁོང་གིས་མངགས་པའི་ཆོས་ཀྱི་ཕོ་ཉ་མིན་པའི་ངེས་པའང་མེད་ཟེར།

རྒྱལ་པོ་ཨ་ཤོ་ཀས་ནང་བསྟན་ལ་བཞག་པའི་བྱས་རྗེས་རླབས་ཆེ་ལ། རྒྱ་གར་ལོ་རྒྱུས་ལའང་ལེགས་སྐྱེས་ཕུན་སུམ་ཚོགས་པ་ཕུལ་བས་ཆོས་རྒྱལ་ཨ་ཤོ་ཀ་ཞེས་པའི་མཚན་སྙན་བྱུང་། འོན་ཀྱང་ཁོང་གིས་བཞེངས་པའི་རྔམ་བརྗིད་ལྡན་པའི་དགོན་པ་དག་ནི་ད་ལྟ་གཅིག་ཀྱང་མ་ལྷག་པར་འཐོར་ཞིག་ཏུ་གྱུར། ཐང་ཧྱན་ཙང་གིས་ཁོང་གིས་བཞེངས་པའི་སོ་ཏོ་ཕོ(窣堵坡)མཆོད་རྟེན་ལྔ་བརྒྱ་ལྷག་མཐོང་ཞིང་ད་ལྟ་རྙེད་པ་ནི་གཉིས་ཁོ་ན་སྟེ། གཅིག་ནི་སན་ཅིའི་འདུས་སྡེ(桑佉之一聚)དང་། གཞན་དེ་ནི་ཕོ་འུར་ཧོ་ཐུའི(婆尔呼特之塔)མཆོད་རྟེན་ནོ། །ད་དུང་ཁོང་གིས་བཞེངས་པའི་རྡོའི་ཀ་བ་དང་རྡོའི་རྒྱལ་མཚན་ཐང་ཧྱན་ཙང་གིས་བཅུ་དྲུག་མཐོང་ཞིང་། ད་ལྟ་ཡོད་པ་ནི་དགུ་ཁོ་ན་འདུག

རྒྱལ་པོ་ཨ་ཤོ་ཀ་གཉིས་བྱུང་བ།[རྩོམ་སྒྲིག]

ལྷོ་རྒྱུད་ཀྱིས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ན་ཡུལ་ཡངས་པ་ཅན(毗舍离)གྱི་དགྲ་བཅོམ་བདུན་བརྒྱའི་བཀའ་བསྡུ་ནི་གཏུམ་པོ་ཨ་ཤོ་ཀའི(迦罗阿育王,Kal–Aśoka)དུས་ཡིན་ཞིང་། འདི་ནས་བཟུང་མང་པོས་བཀུར་བ་དང་གནས་བརྟན་པ་གཉིས་སུ་གྱེས། བཀའ་བསྡུ་གསུམ་པ་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་དང་ཉི་ཤུ་ཡས་མས་ཀྱི་ཆོས་རྒྱལ་ཨ་ཤོ་ཀའི(达摩阿育王,Dharma–Aśoka)དུས་སུ་བྱུང་། དེ་ནི་དགེ་སློང་རྐུ་ཐབས་སུ་གནས་པས་རྩོད་པ་བསླངས་པས་ཡིན་ལ། དེ་ནས་མང་པོས་བཀུར་བ་ལའང་ཤར་ཕྱོགས་ཀྱི་རི་ལ་གནས་པ་སོགས་སྡེ་བ་དྲུག་ཏུ་གྱེས།

འོན་ཀྱང་བྱང་རྒྱུད་དུ་སྟོན་པ་འདས་ནས་ལོ་བརྒྱ་ན་ཡུལ་ཡངས་པ་ཅན་གྱི་དགྲ་བཅོམ་པ་བདུན་བརྒྱའི་བཀའ་བསྡུ་དེ་རྒྱལ་པོ་སུས་བྱས་པ་མི་གསལ་ཞིང་། སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་དྲུག་གི་རྗེས་ཀྱི«བསྟན་བཅོས་བཅོ་བརྒྱད་པ(十八部论)»ལས་བརྒྱ་དང་བཅུ་དྲུག་ཟེར་ཞིང་། «བྱེ་བྲག་ཏུ་བཤད་པའི་འདུལ་བ་དགེ་བར་མཐོང་བའི»གླེགས་བུ་དང་པོ་ལས་སྟོན་པ་འདས་ནས་ལོ་བརྒྱ་དང་བཅོ་བརྒྱད་ཀྱི་རྗེས་སུ་ཨ་ཤོ་ཀས་ཡན་ཧྥོ་ལི་ཏིའི(阎浮利地)སྤྱི་དཔོན་བྱས། ལྷ་ཆེན་པོའི་གཞི་ལྔར(大天五事)རྩོད་གླེང་གིས་མང་པོས་བཀུར་བ་དང་གནས་བརྟན་པའི་སྡེ་གཉིས་སུ་གྱེས། དེ་ནི་རྒྱལ་པོ་ཨ་ཤོ་ཀའི་དུས་ཡིན་ཞིང་། སྟོན་པ་འདས་ནས་ལོ་ཉིས་བརྒྱ་ལོན་པ་ན་ལྷ་ཆེན་པོའི་གཞི་ལྔའི་རྩོད་པའི་རྐྱེན་གྱིས་མང་པོས་བཀུར་བ་ལ་ཤར་ཕྱོགས་ཀྱི་རི་ལ་གནས་པ་སོགས་སྡེ་བ་གསུམ་དུ་གྱེས་ཞེས་ཟེར།

དེ་བས་ལྷོ་རྒྱུད་ལ་ཨ་ཤོ་ཀ་གཉིས་དང་བྱང་རྒྱུད་ལ་ཨ་ཤོ་ཀ་གཅིག་བྱུང་། ལྷོ་རྒྱུད་ཀྱི་ཨ་ཤོ་ཀ་དང་པོ་གཏུམ་པོ་ཨ་ཤོ་ཀའི་དུས་རབས་ནི་བྱང་རྒྱུད་ཀྱི«བསྟན་བཅོས་བཅོ་བརྒྱད་པ»སོགས་སུ་བཤད་པའི་ཨ་ཤོ་ཀ་དང་འདྲ། ལྷོ་རྒྱུད་ཀྱི་ཨ་ཤོ་ཀ་གཉིས་པ་བཀའ་བསྡུ་གསུམ་པའི་མི་སྣ་གཙོ་བོ་ཡིན་ལ། བཀའ་བསྡུ་གསུམ་པའང་ལྷོ་རྒྱུད་ཀྱིས་འདོད་ཅིང་དེ་ནི་བྱང་རྒྱུད་ཀྱི་ཨ་ཤོ་ཀ་ལས་ལོ་བརྒྱ་ལྷག་གིས་འཕྱི། བྱང་རྒྱུད་ཀྱི«བྱེ་བྲག་ཏུ་བཤད་པ་ཆེན་མོའི»གླེགས་བུ་གོ་དགུ་བར་གསལ་བོར་བཤད་ཡོད་དེ། དུས་དེ་ན་རྒྱལ་པོ་ཨ་ཤོ་ཀས་ལྷ་ཆེན་པོར་བློ་མཐུན་པར་བྱས་ཏེ་གནས་བརྟན་པའི་དགེ་སྦྱོང་དག་ལ་རབ་ཏུ་སྡང་བར་བྱས་པས། གནས་བརྟན་པ་དེ་དག་ཁ་ཆེའི་ཡུལ་དུ་སོང་ངོ་ཞེས་དང་། ཐང་ཧྱན་ཙང་གི«ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག(西域记)»གླེགས་བུ་གསུམ་པར་ཡང་འདི་དང་རིགས་འདྲ་བ་བཀོད་འདུག བཤད་ཚུལ་དེ་གཉིས་ཚང་མ་སྟོན་པ་འདས་ནས་ལོ་བརྒྱའི་རྗེས་ཀྱི་རྒྱུས་ཡིན་པས་དོན་དངོས་སུ་ནང་བསྟན་ལོ་རྒྱུས་སྟེང་ཆེས་གསལ་བོ་བྱེད་དཀའ་བ་ཡིན།

གལ་ཏེ་ཞིབ་ཕྲར་དཔྱད་ན་རྒྱལ་པོ་ཨ་ཤོ་ཀའི་དུས་ཀྱི་རྩོད་པ་དེ་ཡོད་པ་བདེན་ཡང་། ལྷ་ཆེན་པོའི་ཕྱོགས་ཀྱི་གསར་ཞེན་བསམ་བློ་ལ་རིས་ཆད་བྱས་ཟེར་བ་ནི་ཐེ་ཚོམ་སྐྱེ་བ་ཞིག་སྟེ། «འདུལ་བ་དགེ་བར་མཐོང་བ»ལས། རྒྱལ་པོ་ཨ་ཤོ་ཀས་མོའུ་གྷ་ལཱི་ཕོ་ཁྲ་ཐི་སཱ་མཁན་པོར་དྲངས། ཚད་དང་ལྡན་པའི་དགེ་སློང་སྟོང་ཕྲག་གཅིག་གདམས་ཏེ་བརྒལ་བརྟག་གིས་བདེན་རྫུན་ཕྱེས། ཐི་སཱ་ནི་ཨ་ཤོ་ཧེ་རི་བོ(阿烋河山)ནས་གདན་དྲངས་ཤིང་། པོ་ལེ་ཤར་གྱི་སྡེ(波利东系)སྟེ་གནས་བརྟན་པའི་ཡན་ལག་གི་མི་སྣ་ཞིག་གོ །དེ་ན་གནས་བརྟན་པའི་ལྟ་ཕྱོགས་ལས་མང་པོས་བཀུར་བའི་སོ་སོར་སྨྲ་བའི་བསམ་བློ་ལ་ཡི་རང་བྱས་ཤིང་། ཁོས་ཐལ་མཐའི་གནས་བརྟན་པའི་ཞེ་ཚིམ་པོ་མ་བྱས་པ་ནི་འབྱུང་སྲིད་པ་དང་། མང་པོས་བཀུར་བའི་བསམ་བློ་ལ་འོས་འཚམ་གྱིས་ཁས་ལེན་བྱས་པ་འདི་དོན་དངོས་ཤིག་གོ །ཐེངས་འདིའི་བཀའ་བསྡུ་ལ་ཟླ་དགུ་འགོར་བས་ཆོས་ཀྱི་དགོངས་དོན་སྟེང་དཔྱད་གླེང་རྒྱ་ཆེན་པོ་ཞིག་ངེས་པར་བྱས་སོ་སྙམ། འོན་ཀྱང་ལོ་རབས་འདི་ལྷོ་རྒྱུད་ཀྱིས་བཤད་པ་ལྟ་བུའི་ལེགས་པོ་ཞིག་མེད་ལ། དེ་ནི་སྟོན་པ་འདས་ནས་ལོ་ཉིས་བརྒྱ་ཉི་ཤུ་ཡས་མས་ཡིན། དེ་ན་འདི་ལྟར་འབྲི་དོན་ཅི་ཞེ་ན། དེ་ནི་ཕལ་ཆེར་བྱང་རྒྱུད་ཀྱིས་འདོད་པའི་སྟོན་པ་འདས་ནས་ལོ་ཉིས་བརྒྱ་ཉི་ཤུ་ལོན་པ་ན་དགེ་འདུན་གྱི་སྡེ་ལ་གཞི་ལྔའི་རྩོད་པ་བྱུང་བ་དང་འབྲེལ་བ་ཡོད།

ལྷོ་རྒྱུད་ཀྱིས་རྒྱལ་པོ་ཨ་ཤོ་ཀ་གཉིས་དབྱེ་བའི་སྐོར་ལ་ཅཱ་ལོ་ཨ་ཤོ་ཀ་སྟེ་ཨ་ཤོ་ཀ་ནག་པོ། ནག་པོ་ནི་ནང་བསྟན་གྱིས་སྡིག་པ་བྱས་པ་ལ་བཀོལ་བ་མང་སྟེ། དཔེར་ན། ལས་དཀར་པོ་དང་ལས་ནག་པོ་ནི་དགེ་བའི་ལས་དང་སྡིག་པའི་ལས་སོ། །དེ་བས་ལྷོ་རྒྱུད་ཀྱི་ཅཱ་ལོ་ཨ་ཤོ་ཀ་ནི་ནང་བསྟན་ལ་སྐྱབས་སུ་མ་སོང་བའི་སྔོན་གྱི་གཏུམ་པོ་ཨ་ཤོ་ཀ་མཚོན་ཞིང་། དྷརྨ་ཨ་ཤོ་ཀས་ནང་བསྟན་གྱི་སློབ་གསོ་ལག་ཏུ་བསྟར་བའི་ཆོས་རྒྱལ་ཨ་ཤོ་ཀ་མཚོན་ནོ་ཞེས་དང་། གལ་ཏེ་འདི་ནི་ཡིད་རྟོན་རུང་བའི་གཏམ་དུ་སྣང་ན་ལོ་བརྒྱའི་ཧེ་བག་ཡོད་པའི་རྒྱལ་པོ་ཨ་ཤོ་ཀ་གཉིས་ཀྱི་རྨོངས་པ་ནི་ཁ་གསལ་འབྱེད་ཐུབ་སོང་བའོ། །

འདི་ནི་ཉི་ཧོང་པ་ཏི་ཡན་ཡོན་ལེ་ཧྲི(狄原云来氏)དང་རང་རྒྱལ་གྱི་སློབ་དཔོན་ཡཱེན་ཧྲོན(印顺法师)གྱི་བཞེད་ཚུལ་སྤྱད་པ་ཡིན་ལ། ཡིད་རྟོན་རུང་བའི་ཚད་ག་འདྲ་ཡིན་པ་ལ་ནི་ད་དུང་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བྱའོ། །

བརྩམས་ཆོས་འདི་རྒྱའི་ཧྭ་ཤང་སློབ་དཔོན་ཧྲིན་ཡན་གྱིས་མཛད་པའི«རྒྱ་གར་ཆོས་འབྱུང»ལས་ཁོལ་དུ་ཕྱུང་སྟེ་བསྒྱུར་བའི་ཁུལ་བྱས་ཤིང་། ཡུལ་དང་མི། བསྟན་བཅོས་སོགས་ཀྱི་མིང་ལ་ལ་ནི་དེའོ་སྙམ་པའི་ངོས་ཟིན་རགས་པ་རེ་བྱུང་ཡང་། མང་ཤོས་ཤིག་གསར་དུ་བསྒྱུར་བའི་ངལ་བ་མི་བསྟེན་ཀ་མེད་བྱུང་། དེ་ན་བདག་ནི་ཐོས་པ་ཉུང་ཞིང་སྦྱང་བ་དམན་པའི་རིགས་སུ་གཏོགས་པས་ནོར་བ་དང་འཁྲུལ་བ། མ་རྟོགས་པ་དང་ལོག་པར་རྟོག་པ་སོགས་འགྱུར་ཉེས་པ་ཇི་སྙེད་ཅིག་མཆིས་པ་གདོན་མི་ཟ་ན། ཀློག་པ་པོ་དག་གི་དཔྱད་པའི་བློ་གྲོས་འཇུག་བདེ་བའི་ཕྱིར་དུ་མིང་དེ་དག་རྒྱ་བོད་ཤན་སྦྱར་གྱི་ཚུལ་དུ་དཀྱུས་སུ་བཀོད་ཡོད།