Jump to content

རྒྱལ་པོ་ཧརྵ་ཝརྡྷན་རྒྱལ་པོ་དགའ་འཕེལ་གྱི་རྣམ་ཐར།།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད།


(སྤྱི་ལོ་588 -647)

རིགས། རྒྱལ་རིགས། ཡབ། འོད་ཟེར་འབྱུང་གནས་འཕེལ། ཡུམ། གྲགས་ལྡན་མ། མཚན། ཧརྵཝརྡྷན་སྟེ། དགའ་བ་འཕེལ། དགའ་བའི་དཔལ། ཤྲཱི་ལ་སཱུརྱ། ཚུལ་ཁྲིམས་ཉི་མ། འཁྲུངས་འདས། (588- 647) གོ་གནས། རྒྱལ་པོ། རྒྱལ་ས་རྙིང་པ། ཐྰནེཤྭར། (དེང་སང་གི་་་་) རྒྱལ་ས་གསར་པ། ཀནྣོོཇི། (དེང་སང་ཌེར་གདོང།) ཤེས་ཚོད། སྙན་ངག་པ། སྒྱུ་རྩལ་བ། ཆབ་སྲིད་པ། དམག་དོན་པ། ཆོས་ལུགས། སངས་རྒྱས་པ། སྤུན་མཆེད། གཅེན་པོ རཱདྲཝརྡྷན་སྟེ་ རྒྱལ་སྲིད་འཕེལ་དང་། གཅུང་མོ་སྲས་མོ་རཱཇཤྲཱི་སྟེ་ རྒྱལ་སྲིད་དཔལ་མོ། རིགས་སྲས། མེད། མཛད་རྗེས། རྒྱ་གར་བྱང་ཕྱོགས་ཁུལ་གྱི་རྒྱལ་ཕྲན་ཕལ་ཆེ་བ་གཅིག་གྱུར་གྱི་རྒྱལ་ཁབ་གསར་འཛུགས་བྱས་པ། ན་ལན་དྲ་དགོན་པ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བསྒྱུར་ཏེ། ཆོས་དང་རིག་གཞུང་མཁས་པ་མང་པོ་གསོ་བསྐྱངས་བྱས་པ། སངས་རྒྱས་ཆོས་ལུགས་དར་སྤེལ་ཧ་ཅང་ཆེན་མོ་བཏང་པ། རྒྱ་དཀར་ནག་དབར་རྒྱལ་ཁབ་གཞུང་འབྲེལ་གྱི་ཐོག་ན་བཟང་ཕྱོགས་ཀྱི་གསར་འཛུགས་བྱས་པ་བཅས་ཡིན། ལོ་རྒྱུས་སྙིང་བསྡུས། ཧརྵ་ནི་དུས་རབས་བདུན་པའི་ནང་རྒྱལ་གར་དུ་སྐུ་དབང་དང་སྙན་གྲགས་ཆེས་ཆེར་ལྡན་པའི་རྒྱལ་པོ་ཉག་གཅིག་པོ་དེ་ཡིན། ཁོང་ནི་ཡབ་འོད་ཟེར་འབྱུང་གནས་འཕེལ་དང་། ཡུམ་གྲགས་ལྡན་མ་གཉིས་ཀྱི་སྲས་སུ། རྒྱ་གར་བྱང་ཕྱོགས་ཐྰནེཤྭར་ཐྰནེཤྭར་ཟེར་བའི་གྲོང་ཁྱེར་(དེང་དུས་ཀྱི་དིལླཱིའི་བྱང་ཕྱོགས་སུ་ཀུརུཀྵཏྲ་ཡི་ཉེ་འགྲམ་ན་ཡིན)དུ། སྤྱི་ལོ 688 ལོར་འཁྲུངས། ཁོང་ལ་སྐུ་མཆེད་གཉིས་པ་ལས་གཅེན་པོ་ནི་རཱདྲཝརྡྷན་སྟེ་ རྒྱལ་སྲིད་འཕེལ་ནི་སྤྱི་ལོ་ 686 ལོར་དང་། གཅུང་མོ་རཱཇཤྲཱི་སྟེ་ རྒྱལ་སྲིད་དཔལ་མོ་ནི་སྤྱི་ལོ 689 ལོར་འཁྲུངས། སྐུ་ན་ཆུང་དུས་ནས་རིག་བྱེད་ཀྱི་གཞུང་ལུགས་དག་ལ་མཁས་པར་བསླབས། སྐྱེས་སྟོབས་ཀྱི་ཤེས་རབ་གཞན་ལས་ཆེ། ཡབ་ཀྱི་དད་མོས་གནང་ས་དབང་ཕྱུག་པའི་ཆོས་ལ་དད་པ་དང་དག་སྣང་སྦྱངས། སྐབས་དེར་ཧུ་ཎའི་བཙན་འཛུལ་རིམ་པར་བྱས་པའི་སྐྱོན་གྱིས་གུབྟའི་གཅིག་གྱུར་གྱི་རྒྱལ་སྲིད་ཉམས་ནས་རྒྱ་གར་ལྷོ་བྱང་སོ་སོར་རྒྱལ་ཕྲན་བཅུ་ཕྲག་དུ་མར་གྱེས་པའི་སྐབས་ཡིན་ཞིང་། དབུས་དང་བྱང་ཕྱོགས་རྒྱལ་ཕྲན་ཚོའི་ནང་ནས་སྟོབས་འབྱོར་ཅུང་ཟད་ཆེ་བའི་གྲས་ཀྱི་རྒྱལ་ཁབ་ནི་ཧརྵའི་ཡབ་ཀྱི་རྒྱལ་ཁབ་དང་ཀནནྣོོཇའི་རྒྱལ་ཁབ་གཉིས་ཡིན། དེར་བརྟེན་ཡབ་ཀྱིས་སྲས་མོ་རྒྱལ་ སྲིད་དཔལ་མོ་ཡུལ་དབུས་ཀྱི་ཀནནྣོོཇའི་རྒྱལ་པོ་(གྲྀཧཝརྨཎ་མོོཁརི་)ཁྱིམ་གྱི་གོ་ཆ་ཞེས་པ་དེའི་བཙུན་མོར་བྱིན་ཏེ། འཕགས་ཡུལ་དབུས་བྱང་གི་རྒྱལ་པོ་སྟོབས་ཆེ་ཤོས་གཉིས་བར་ཕན་ཚུན་གཉེན་འབྲེལ་བ་བྱས། ཡབ་རྒྱལ་པོ་འོད་བྱེད་འཕེལ་སྐུ་ཚེ་འཕེན་པ་རྫོགས་ལ་ཉེ་བའི་སྐབས་ཏེ། སྤྱི་ལོ 605 ལོར་ཧུ་ཎས་སླར་ཡང་བཙན་འཛུལ་བྱས་བྱུང་བར། ཡབ་ཀྱི་བཀའ་ལྟར་རང་གི་གཅེན་པོ་རྒྱལ་སྲིད་འཕེལ་དང་མཉམ་དུ་དྲག་དམག་གི་མགོ་ཁྲིད་དེ་དམག་སར་ཐོན། འོན་ཀྱང་བཅེན་པོས་བདེ་འཇགས་ཆེད་དམག་སར་དངོས་སུ་མ་ཁྲིད་པར་རི་ཧི་ལ་མ་ཡར་བཞག །གཅེན་པོ་རྒྱལ་སྲིད་འཕེལ་གྱིས་ཧུཎ་མི་རིགས་ཀྱིས་བཙན་འཛུལ་མཐར་བསྐྲོད་ཀྱི་དམག་འཐབ་བྱས་པས་རྒྱལ་ཁ་རླབས་ཆེར་ཐོབ་ཀྱང་། རྒྱལ་གཞིས་སུ་ཡབ་འོད་བྱེད་འཕེལ་དང་ཡུམ་གཉིས་ཀ་ཚེ་ཡི་འཕེན་པ་རྫོགས། ལོ་དེར་སྲས་ཆེ་བ་རྒྱལ་ སྲིད་འཕེལ་ཡབ་ཀྱི་གསེར་ཁྲི་ལ་འཁོད། དེ་ནས་མི་རིང་བར་མྰལཝཱའི་རྒྱལ་པོ་དང་བངྒཱལ་གྱི་རྒྱལ་པོ་ཤཤཱངྐ་སྟེ་རི་བོང་ཡན་ལག་ (ཟླ་བ་)ངན་འབྲེལ་བྱས་ཏེ། སྲས་མོ་རྒྱལ་སྲིད་དཔལ་མོའི་མཛའ་བོ་ཀནནྣོོཇའི་རྒྱལ་པོ་ཁྱིམ་གྱི་གོ་ཆ་བཀྲོངས། བཙུན་མོ་རྒྱལ་སྲིད་དཔལ་མོ་ཡང་ནགས་སུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་། དེའི་དགྲ་ཤ་ལེན་ཆེད་རྒྱལ་སྲིད་འཕེལ་གྱི་དྲག་པོའི་དམག་ཤུགས་ལ་བརྟེན་ནས་མྰལཝཱའི་རྒྱལ་པོ་ཕམ་པར་བྱས། སྟབས་མ་ལེགས་པར་རི་བོང་ཡན་ལག་གིས་མགོ་འདོགས་ཞུས་ཁུལ་གྱིས་གསོལ་སྟོན་ལ་དུག་བཏང་པས། རྒྱལ་སྲིད་འཕེལ་སྤྱི་ལོ 606 ལོར་གློ་བུར་དུ་སྐུ་གཤེགས། དེར་བརྟེན་སྲས་ཆུང་བ་དགའ་བ་འཕེལ་འདི་དགུང་ལོ་བཅུ་དྲུག་ལས་མ་ལོན་ཞིང་། རྒྱལ་པོ་གནང་འདོད་མེད་བཞིན་དུ་སྤྱི་ལོ 606 ལོར་རྒྱལ་པོའི་ཁྲི་ལ་འཁོད་དགོས་བྱུང་། ཁོང་རྒྱལ་ཁྲི་ལ་འཁོད་མ་ཐག་ཏུ་རང་གི་ཕུ་བོའི་དགྲ་ཤ་རྩོད་པའི་དམག་ཇུས་བཏིང་། སྲིང་མོ་རྒྱལ་སྲིད་དཔལ་ལྷོ་ཕྱོགས་རི་བོ་འབིགས་བྱེད་ཀྱི་ནགས་གསེབ་ཏུ་ཉེན་ཡོལ་ཕྱིན་ནས་རང་སྲོག་འདོར་ བའི་བྱ་བ་ལས་བསྐྱབས་ནས་འཁྲིད་པ་དང་། སྲིང་མོའི་མཛའ་བོ་ཀནནྣོོཇའི་རྒྱལ་ཁབ་ཀྱི་འཛིན་སྐྱོང་གི་ ལས་འགན་ཡང་བཞེས་འདོད་མེད་བཞིན་དུ་བཞེས་དགོས་བྱུང་། ཐྰནེཤྭར་དང་ཀནནྣོོཇ་གཉིས་སྦྲེལ་གྱི་རྒྱལ་ཁབ་གསར་འཛུགས་བྱས། སྐབས་དེར་དགེ་སློང་ཞིག་མཇལ་བ་དེ་ནས་རང་ཉིད་རིག་བྱེད་ཆོས་ལུགས་པ་ཡིན་ཡང་དེ་ནས་བཟུངས་ནང་པའི་ཆོས་ལ་ཞུགས། སྤྱི་ལོ་ 606 ནས་ 612བར་དགའ་བ་འཕེལ་རང་ཉིད་དངོས་སུ་དམག་དཔུང་ནང་ཞུགས་ཏེ། མི་ལོ་དྲུག་གི་རིང་ལ་ལན་ཡག་བཞི་པའི་དྲག་པོའི་དཔུང་དམག་ཆེན་པོས་ཤར་ཕྱོགས་ནས་ནུབ་ཕྱོགས་བར་དུ་བསྐྱོད་དེ། པཾཇྰབ་དང་། ཀཱརྫཀུབྔ་དང་། བངྒཱལ་དང་། མིཐིལྰ་དང་། ཨུརཱིསྰ་བཅས། རྒྱ་གར་བྱང་ཕྱོགས་ཀྱི་རྒྱལ་ཕྲན་ལྔ་དབང་དུ་བསྡུས། (དེ་ལྟ་ན་ཡང་རི་ བོང་དབང་པོ་དེ་འཕྲལ་དུ་མེད་པར་བཟོས་པ་ཡིན་མིན་གསལ་པོར་མ་བསྟན་ལ། བྱུང་ རབས་སྨྲ་བ་ཚོའི་བཞེད་པ་ལྟར་ན། དགའ་བ་འཕེལ་གྱིས་རི་བོང་དབང་པོ་དེ་ཀནནྣོོཇ་དང་། མགདྷ་ནས་འཕྲལ་དུ་ཕྱིར་བསྐྲོད་བྱས་ཤིང་སྤྱི་ལོ 637 ཙམ་ལ་རི་བོང་ཡན་ལག་གྲོངས་ པའི་རྗེས་བངྒཱལ་གྱི་རྒྱལ་ཁབ་དེ་དབང་དུ་བསྡུས་པ་ཡིན་གྱི་རེད་ཅེས་གསུང་ཚུལ་འདུག) དེ་ལས་གཞན་ཡུལ་ཀཱམརྰུཔ་སྟེ་དེང་སང་ཨསམ་གྱི་རྒྱལ་པོ་བྷཱསྐརཝརྨན་སྟེ་ཉི་ མའི་གོ་ཆ་དང་། མྰལཝཱའི་རྒྱལ་པོ་ དེཝགུཔྟ་སྟེ་སྦས་པའི་ལྷ་ཡང་གཡུལ་འགྱེད་མ་དགོས་པར་དགའ་བ་འཕེལ་གྱི་མངའ་འོག་གི་རྒྱལ་ཕྲན་དུ་གྱུར། སྤྱི་ལོ་ 613 –620 བར་ཧ་ཅང་དྲག་སྤྱོད་ཛ་དྲག་མ་ཡིན་པའི་སྒོ་ནས་གུཇརཱཏི་རྒྱལ་པོ་མཻཏྲཀ་ཡང་དགའ་བ་འཕེལ་གྱིས་ཕམ་པར་བྱས་ནས་མངའ་འོག་ས་གནས་རང་སྐྱོང་གི་རྒྱལ་ཕྲན་དུ་བཞག ཝལླབྷཱིའི་རྒྱལ་པོ་དྷྲུཝསེན་སྟེ་འཇིག་མེད་སྡེ་ཡང་དམག་འཁྲུགས་ཀྱི་ལམ་ནས་ཕྱི་སྲིད་དབང་བསྒྱུར་དང་རང་དབང་རྒྱལ་པོར་བསྐོས། དགའ་བ་འཕེལ་གྱིས་བལ་ཡུལ་ རྒྱལ་ཁམས་དེ་ཡང་དབང་དུ་བསྡུས་པར་མངོན། དེ་རྗེས་བལ་ཡུལ་ལ་དཔུང་འཇུག་བྱས་ཏེ་ནེེ་པལ་དབང་བསྒྱུར་བྱས(ད་ལྟའི་བལ་ཡུལ་ཆ་ཚང་བ་མིན)། དེ་རྗེས་སིདྷུའི་རྒྱལ་ཁམས་ལ་དཔུང་འཇུག་བྱས་ཀྱང་རྒྱལ་ཕམ་དབྱེ་ཐག་མ་ཆོད་པར་ཕན་ཚུན་འདྲ་མཉམ་དུ་གནས།

སྤྱི་ལོ་ 620 ལོ་ནས་དཔལ་ལྡན་དགའ་བ་ལྷས་རྒྱ་གར་ལྷོ་ཕྱོགས་ཌཀྐན་ཡུལ་དུ་འཇུག་གིས་རི་བོ་འབིགས་ བྱེད་བར་དུ་རྒྱ་སྐྱེད་བྱས། ད་དུང་མུ་མཐུད་མངའ་རིས་རྒྱ་སྐྱེད་ཀྱི་དཔུང་འཇུག་བྱས་ཀྱང་ཏཱཔྟི་གཙང་པོའི་འགྲམ་ དུ་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཅྰལུཀྱའི་རྒྱུད་པ་པུལཀེཤིིན་གཉིས་པས་འགོག་རྒོལ་ཤུགས་ཆེར་བྱས་པས་ཕམ་ཉེས་ཚབས་ཆེར་ཐེབས་ཏེ་དམག་མཚམས་བཞག་དགོས་བྱུང་། དེ་སྔོན་རྒྱ་གར་ཡོངས་རྫོགས་དབང་བསྒྱུར་གནང་རྒྱུའི་རེ་བ་དང་འཆར་གཞི་ཡང་དེ་ནས་མཚམས་འཇོགས་བྱས་ཏེ་རྒྱལ་ཁམས་ཞི་བདེས་ཡོངས་སུ་སྐྱོང་རྒྱུའི་མགོ་བཙུགས།  

དགའ་བ་འཕེལ་གྱི་ཚེ་མཇུག་ཙམ་ན་ཁོང་གི་མངའ་རིས་ཤར་ཕྱོགས་ཀྱི་ས་མཚམས་ཨསམ་(ཀཱམརྰུཔ)། ཤར་ལྷོར་ཨུརྰིསྰ་(ཨོ་རི་སའི་རྫོང་ཞིག་གི་མིང་)ནས་གཾཇྰམ་བར། ལྷོ་ཕྱོགས་སུ་ཏཱཔྟཱ་གཙང་པོ་བཊལ་བར། ནུབ་ཕྱོགས་ཀྱི་ས་མཚམས་གུཇརཱཏ། ལོ་རྒྱུས་སྨྲ་བ་ཝི་ཀེ་སིམིཐ་ (Dr. V K Smith) ཡིས་གསུངས་པ་ལྟར་ན་ནུབ་ཕྱོགས་མྰལཝཱ་བར་དུ་རྒྱ་བསྐྱེད་གནང་ཡོད་ཟེར། ནུབ་བྱང་ཕྱོགས་ཀྱི་ས་མཚམས་ཤར་པཾཇྰབ་ཀྱི་ཇོལེནདར་དང་། བྱང་ཕྱོགས་སུ་བལ་ཡུལ་བར་དུ་དབང་བསྒྱུར་བྱས། ད་དུང་ཀཱ་ཋིཡྰཝཱར་ལྟ་བུ་རྣམས་དགའ་བ་འཕེལ་གོང་མའི་མངའ་རིས་སུ་མ་གཏོགས་ཀྱང་ཁོང་གི་མངའ་ཐང་གི་དབང་བསྒྱུར་འོག་ཏུ་ཚུད་པར་བཤད། དེ་ལྟར་མངའ་རིས་རྒྱ་སྐྱེད་རྒྱ་ཆེར་མཛད་དེ་རྒྱ་གར་བྱང་ཤོག་ཡོངས་སུ་དབང་སྒྱུར་གནང་རྗེས། སྤྱི་ལོ 637 ཡན་མན་ལ་རང་གི་མེས་པོའི་རྒྱལ་ས་ ཐྰནེཤྭར་(དེང་སང་གི་ཧ་རི་ཡ་ན)ནས་ཀནནྣོོཇ་(དེང་སང་ཌེར་ལྡོང་གི་ཉེ་འགྲམ)ལ་སྤོས། གྲོང་ཁྱེར་དེ་ཉིད་རྒྱལ་ས་གཏེ་བ་བྱས། ལོ་དེ་ཡ་མན་ལ་རྒྱ་ཡི་སློབ་དཔོན་ཆེན་པོ་ཐང་སན་ཙང་(ཧྱན་ཙང)དང་མཇལ་འཕྲོད་བྱུང་། དེའི་རྒྱུད་ནས་རྒྱ་ནག་ཐང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་ཧ་ལས་ཐང་གོང་མ་ཐང་ཐེ་ཙང་དང་བཟང་ཕྱོགས་ཀྱི་འབྲེལ་བ་དམ་ཟབ་བྱུང་། རྒྱ་ནག་གཉིས་བར་སྐྱེས་དང་ཕོ་ཉ་ཡང་ཡང་གཏོང་རེས་བྱས། འདི་ནི་རྒྱ་དཀར་ནག་གཉིས་རྒྱལ་ཁབ་གཞུང་འབྲེལ་བྱུང་བའི་ལོ་རྒྱུས་ཀྱི་དབུ་ཁྱུད་དང་པོ་དེ་ཡིན། དགའ་བ་འཕེལ་གྱི་གཞུང་གི་འཛིན་སྐྱོང་ཐད། གུཔྟ་གོང་མའི་རྒྱལ་སྲིད་འཛིན་སྐྱོང་ལ་དཔེ་བླངས་ཏེ། རྒྱལ་པོ་ཧརྵ་རང་ཉིད་འཛིན་སྐྱོང་ལྟེ་བའི་དབང་ཆ་བཟུང་ཞིང་། དབུས་གཞུང་གི་གཞུང་ཞབས་པ་ཚང་མ་རང་ཉིད་ཀྱིས་བསྐོ་བཞག་གནང་། དྲག་པོ་དཔུང་དམག་གི་སྤྱི་ཁྱབ་པ་ཡང་རང་ཉིད་ཀྱིས་གནང་། ཁྲིམས་དང་། དམག་དོན། ཆབ་སྲིད། དཔལ་འབྱོར། འཛིན་སྐྱོང་ཀུན་རང་ཉིད་ཀྱི་མཚན་ཐོག་ནས་གནང་བས། དགའ་བ་འཕེལ་གྱི་སྲིད་གཞུང་ནི་རྒྱལ་སྲིད་གཅིག་དབང་རིང་ལུགས་ཀྱི་ གཞུང་ཡིན་ཟེར་ན་འགྲིགས། ས་གནས་ཁག་ལ་རང་སྐྱོང་རིང་ལུགས་ཀྱི་ཐོབ་ཐང་གནང་། དེ་ལྟར་ན་ཡང་དབུས་སའི་དབར་གྱི་སྒྲིག་འཛུགས་ཁག་གི་འབྲེལ་བ་དམ་ཟབ་ལྡན། ས་གནས་ཁག་ཏུ་དམངས་གཙོའི་རིང་ལུགས་དང་ཧ་ལམ་འདྲ་བའི་འཛིན་སྐྱོང་ལྡན། རྒྱལ་ཁམས་སུ་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། རིག་གནས། ལག་རྩལ་སོགས་གུབྟའི་སྐབས་ལྟར་ཡར་རྒྱས་ཆེན་པོར་བྱུང་། ལྷག་དོན་མཁས་པ་ལ་ཤིན་ཏུ་བཀུར། དེ་ལྟ་ན་ཡང་ལོ་རྒྱུས་སྨྲ་བ་ཚོས་གསུངས་པ་ལྟར་ན། དགའ་བ་འཕེལ་གྱི་འཛིན་ སྐྱོང་དེ་མཽརྱའི་གོང་མ་ཚོ་དང་། གུཔྟའི་གོང་མ་ཚོའི་རྒྱལ་སྲིད་འཛིན་སྐྱོང་ལྟ་བའི་ཧ་ཅང་ཚགས་ཚུད་རང་བཞིན་ལྡན་པ་ཞིག་མིན་པར་བཤད།

 རང་ཉིད་ནང་པ་ཡིན་ཡང་། རྒྱལ་ཁམས་ཆོས་ལུགས་རིས་མེད་ཀྱིས་བསྐྱངས། འདིས་ཐེག་པ་ཆེན་པོའི་ཆོས་ཁྱབ་བརྡལ་གྱི་ཐབས་ཤེས་གང་ནུས་གནང་། ན་ལན་དྲ་དགོན་པ་རྒྱ་སྐྱེད་རྒྱ་ཆེར་གཏོང་ཏེ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བསྒྱུར། སློབ་གཉེར་་ཁང་དེར་ཚུད་པ་དཀའ་ཞིང་།  ཚུད་རྗེས་སློབ་ཡོན་མི་དགོས་པ་དང་།  གནས་ཁང་དང་ཟ་ཆས་སོགས་རིན་མེད་དུ་སྤྲོད།  གཙུག་ལག་ཁང་དེར་ཐེག་པ་ཆེ་ཆུང་གི་ཆོས་དང་།  སྒྲ་རིག་པ་དང་།  ཚད་མ་རིག་པ་དང་།  གསོ་བ་རིག་པ་དང་།  སྐར་རྩིས་སོགས་སློབ་ཚན་མང་པོ་ལྡན། དེ་ན་རྒྱ་གར་ལྷོ་བྱང་གང་ས་དང་།་རྒྱ་ནག རི་པིན། ཀོ་རི་ཡ། ཤྲི་ལངྐ་སོགས་རྒྱལ་ཁབ་གཞན་ནས་བསླེབས་པའི་སློབ་མ་ཡང་ཧ་ཅང་མང་། སྒྱུ་རྩལ་ཁང་བཟོའི་ཐད་ཧརྵས་གུཔྟའིི་ལུགས་སྲོལ་གྱི་རྗེས་སུ་འབྲངས་ཤིང་།  དཔལ་ ནཱལེནྡྲ་ལ་རྡོ་སྐུ་མང་པོ་བཞེངས་ཡོད་པ་དང་།  སིརཔུར་ལ་ཡོད་པའི་ལོཀེ་ཤྭལྷ་ཁང་ཡང་བཞེངས།  དེས་མཚོན་ནས་སངས་རྒྱས་ཀྱི་སྐུ་བརྙན་སོགས་ཕྱོགས་གང་སར་ལྷ་སྐུ་མང་པོ་བཞེངས། རང་གི་མིང་བྱང་ཡོད་པའི་གསེར་དངུལ་གྱི་དོང་ཙེ་མང་པོ་གསར་བསྐྲུན་བྱ་སཔ་ད་དུང་ཡང་མཐོང་རྒྱུ་ཡོད། འོན་ཀྱང་སྐབས་དེར་ཆེས་ཁྱབ་ཆེ་བའི་བྲམ་ཟེའི་ཆོས་ལུགས་པ་ཚོས་རྒྱལ་པོའི་སྲོག་ལ་རྒོལ་བའི་ཇུས་ངན་འདོན་མཁན་ཡང་བྱུང་། ཁོང་གི་དུས་དུས་སུ་གཞུང་ལུགས་དང་སྒྱུ་རྩལ།  ཁང་བཟོ་སོགས་ཡར་རྒྱས་ཧ་ཅང་ཆེན་པོ་སོང་། རང་ཉིད་མཁས་པ་ཆེན་པོ་ཞིག་ཡིན་པས་ ཁོང་གི་འཁོར་དུ་མཁས་པ་མང་པོ་ཡོད་པ་དང་།  མཁས་པ་ཚོ་ལ་གཟིགས་རྟོགས་ཆེ། སྙན་ངག་མཁན་བྰྭབྷཊྚ་དང་།  རྒྱའི་ལོ་ཙཱ་བ་ཧྱན་ཙང་།  ཨིཏྶིངྒ་སོགས་མང་པོ་བྱུང་། 

དགའ་བ་འཕེལ་གྱིས་ཟློས་གར་གྱི་བསྟན་བཅོས་གསུམ་མཛད་ཡོད་པ་ནི་རིན་ཆེན་ཕྲེང་བ་དང་། མཐོང་ན་དགའ་ བའམ་ལྟ་ན་སྡུག་དང་། ཀླུ་ཀུན་ཏུ་དགའ་བ་གསུམ་ཡིན། ད་དུང་ཁོང་གིས་བྱང་ཆུབ་སེམས་དཔའ་སྤྲིན་ལ་བཞོན་གྱི་རྟོགས་བརྗོད་ཚིག་ལྷུག་མ་ཞིག་ཀྱང་བརྩམས་ཡོད། མཐར་སྤྱི་ལོ་ 647 ལོར་དགའ་བ་འཕེལ་ཞི་བར་གཤེགས། ཁོང་ལ་རིགས་སྲས་མེད་པས་ཁོང་གཤེགས་མ་ཐག་བློན་པོ་ཨ་ཇུན་ཟེར་བས་རྒྱལ་སྲིད་དབང་བསྒྱུར་བྱས། ལོ་དེ་རང་ལ་རྒྱ་ཡི་ཕོ་ཉ་བ་འབྱོར་བའི་གདོང་ལ་ལེགས་སྐྱེས་མང་པོ་ཡོད་པ་དེ་དག་ཕོ་ཉ་བས་ཨ་ཇུན་ལ་མ་སྟེར་བས། ཁོས་བཙན་ཤེད་ཀྱིས་འཕྲོགས། ཕོ་ཉ་བ་ཚོ་ཡང་བཟུང་ནས་བསད། དེ་དག་གི་ཁྲོད་ནས་ཕོ་ཉ་བ་གཅིག་ཁོ་ན་བྲོས་ཏར་བ་བལ་ཡུལ་དུ་འབྱོར། བཙན་པོ་སྲོང་བཙན་ལ་ཞུ་བ་པུལ་བས། སྲོང་བཙན་གྱིས་དམག་བཏང་ནས་ཨ་ཇུན་པྱོགས་ཕམ་པར་བྱས། མི་ཁྲི་ལྷག་བསད། སྟོང་ཕྲག་ལྷག་བཟུང་ནས་ཁྲང་ཨན་གོང་མའི་མདུན་དུ་བསྐྱལ། དེ་ནས་རྒྱ་གར་བྱང་ཕྱོགས་ཀྱང་ལྷོ་ཕྱོགས་བཞིན་རྒྱལ་ཕྲན་སིལ་བུའི་རྒྱལ་ཁམས་སུ་གྱུར།