རྒྱལ་པོ་གཟུགས་ཅན་སྙིང་པོའི་འབུལ་བ་
དགུང་ན་ཆུང་བའི་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་ཨ་ནོ་མ་ཞེས་པའི་གཙང་བོའི་འགྲམ་ནས་སྤྲང་པོའི་ཆས་སུ་སྤྲས་ཏེ་ཡུལ་ལུང་གཅིག་ནས་གཅིག་ཏུ་འཁྱམས་ཉུལ་གྱིས་ཕེབས་བཞུགས་གནང་། དུས་ཡུན་གང་འཚམ་ཕྱིན་རྗེས། རྒྱལ་སྲས་ཁོང་གང་དུ་རྒྱལ་པོ་གཟུགས་ཅན་སྙིང་པོས་མངའ་དབང་བསྒྱུར་སའི་རྒྱལ་པོའི་ཁབ (RAJAGAHA) ཀྱི་གྲོང་ཁྱེར་དུ་འབྱོར་བ་ན། ཁོང་གིས་ཀྱང་གྲྭ་པ་གཞན་དང་གཅིག་མཚུངས་ཕྱག་ཏུ་ལྷུང་བཟེད་ཐོགས་ཏེ་གྲོང་ཁྱེར་དེའི་མི་ཚང་རེ་རེའི་སྒོ་བརྒྱུད་ནས་བསོད་སྙོམས་ལ་ཕེབས། དེ་དུས་རྒྱལ་སྲས་ལ་བཞུགས་སའི་གཟིམས་ཁང་མེད་ཅིང་གླེང་མོལ་བྱེད་མཁན་གྱི་གྲོགས་པོའང་མེད་པར་མ་ཟད་ཞལ་དུ་གསོལ་རྒྱུའི་ཟས་ཀྱང་མེད། དེར་བརྟེན་ཁོང་གིས་སྐྱེ་བོ་གཞན་གྱིས་གང་ཕུལ་བའི་ཟས་ལ་ལོངས་སུ་སྤྱད་ནས་བཞུགས། སྐབས་དེར་ཡུལ་མི་རྣམས་ཀྱིས་རྒྱལ་སྲས་ལ་དྲང་སྲོང་ཞེས་འབོད་ཀྱི་ཡོད་ལ་ཁ་ཤས་ཀྱིས་དཀའ་ཐུབ་པ་ཞེས་ཀྱང་འབོད། གཞན་ཡང་འགའ་ཞིག་གིས་དགེ་སྦྱོང་གོ་ཏ་མ་ཞེས་སོགས་འབོད་པ་ལས། དུས་དེ་ནས་བཟུང་ཁོང་ལ་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཅེས་འབོད་མཁན་ནི་གཅིག་ཀྱང་མ་བྱུང་། གང་ལྟར་རྒྱལ་སྲས་ཁོང་ནི་ཧ་ཅང་གི་སྐུ་ཉམས་དོད་ལ་གཞོན་ཤ་ཆགས་པ། གཙང་སྦྲ་ལྡན་ཞིང་ལང་ཚོ་རྒྱས་པ། ཞལ་ནས་གང་གསུངས་ལ་སྙན་འཇེབས་ལྷོད་ངག་གི་འགྱུར་བག་ལྡན་ཞིང་ཕན་སེམས་དང་སྙིང་རྗེའི་གཞན་དབང་དུ་གྱུར་པ་ཞིག་གོ ། རྒྱལ་སྲས་ཁོང་གིས་དུས་ནམ་ཡིན་ཡང་མི་གཞན་པར་ང་ལ་གསོལ་རས་ཤིག་གནང་རོགས་ཞེས་བསོད་སྙོམས་སློང་གིན་མེད་ན་ཡང་། ཡུལ་མི་རྣམས་ཀྱིས་ཁོང་གི་ལྷུང་བཟེད་དུ་བསོད་སྙོམས་འབུལ་རྒྱུར་དགའ་སྣང་དང་སྤྲོ་བ་བྱེད་ཀྱི་ཡོད། དེ་ཙ་ན་ཡུལ་མི་ཁ་ཤས་རྒྱལ་པོ་གཟུགས་ཅན་སྙིང་པོའི (BIMBISARA) སྐུ་མདུན་དུ་བཅར་ནས་ཞུས་པ། ཀྱེ། རྒྱལ་པོ་རིན་པོ་ཆེ། གྲོང་ཁྱེར་འདི་ན་སྤྲང་པོ་གཞན་རྣམས་དང་ཡེ་ནས་མི་མཚུངས་ཤིང་དགུང་ན་ཆུང་བའི་བསོད་སྙོམས་པ་ཞིག་སྟེ། ཁ་ཤས་ཀྱིས་ཁོང་ལ་དགེ་སྦྱོང་གོ་ཏ་མ་ཞེས་ཀྱང་འབོད། གང་ལྟར་ཁོང་ནི་གཙང་སྦྲ་དོད་ཅིང་ཐུགས་སེམས་བཟང་བ། ཞི་ཞིང་དུལ་ལ་གུས་བརྩི་དང་ལྡན་པ་ཞིག་རེད་འདུག ཅེས་ཞུས་པར་རྒྱལ་པོ་གཟུགས་ཅན་སྙིང་པོས་གོ་ཏ་མ (GOTAMA) ཞེས་པའི་ཚིག་དེ་ཐོས་པ་ཙམ་གྱིས་བསོད་སྙོམས་པ་དེ་ནི་རང་གི་མཆེད་གྲོགས་རྒྱལ་པོ་ཟས་གཙང་མའི་སྲས་ཡིན་པ་ཤེས་སོ། ། དེ་ནས་ཁོང་མྱུར་སྟབས་ཀྱིས་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་རྩར་བཅར་ནས་སྨྲས་པ། རྒྱལ་སྲས་ལགས། ཁྱེད་ཀྱིས་དགོས་པ་ཅི་ཞིག་གི་ཕྱིར་འདི་ལྟར་གནང་བ་ཡིན། ཁྱེད་ཉིད་རང་གི་ཡབ་ཟས་གཙང་མ་དང་ཁ་རྩོད་ཤོར་བ་མ་ལགས་སམ། ད་ཁྱོད་ཀྱིས་འདི་ལྟར་བྱས་ཏེ་གནས་གང་ཞིག་ཏུ་ཕེབས་རྩིས་ཡིན། རྒྱལ་སྲས་ལགས། གང་ལྟར་ཁྱོད་ཀྱིས་དེ་ལྟ་མི་གནང་བར་རྒྱལ་ཕྲན་འདི་རུ་བཞུགས་ཤིག་དང་ངས་ཁྱེད་ལ་རྒྱལ་སྲིད་ཀྱི་ཕྱེད་ཀ་འབུལ་རྒྱུ་ཡིན་གསུངས་པར། དགེ་སྦྱོང་གོ་ཏ་མས། རྒྱལ་པོ་ཆེན་པོ་ལགས། ཁྱོད་ཀྱིས་ང་ལ་དེ་ལྟའི་མཐོང་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ། ཁོ་བོ་ནི་རང་གི་ཡབ་ཡུམ་དང་བུ་ཕྲུག་ཆུང་མ་དང་བཅས་པར་ཧ་ཅང་གི་དགའ་པོ་ཡོད་ལ། ཁྱེད་ཀྱིས་གཙོས་སྐྱེ་བོ་མཐའ་དག་ལ་བརྩེ་པོ་ཡོད། འོན་ཀྱང་ང་ནི་ན་རྒ་འཆི་བའི་སྡུག་བསྔལ་དང་མྱ་ངན་སོགས་གཏན་ནས་འགོག་པའི་ཐབས་ལམ་འཚོལ་ཕྱིར་འདི་ལྟར་འགྲོ་བཞིན་པ་ལགས། ཞེས་གསུངས་ཏེ་ཕེབས་སོ། །
གསལ་འདེབས། སྤྱིར་བོད་རང་གིས་བརྩམས་པ་དང་བསྒྱུར་བའི་སྟོན་པའི་མཛད་རྣམ། སྐྱེས་རབས་སོ་བཞི་དཔག་བསམ་འཁྲི་ཤིང་སོགས་སྔ་ཕྱི་མི་ཉུང་བ་ཞིག་བཞུགས། ཡིན་ནའང་འདི་ནི་དེ་དག་དང་མི་འདྲ་བར་ཚིག་གི་སྡེབ་སྦྱོར་གོ་སླ་ཞིང་། དོན་དུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་འགྲོ་བ་ཐུན་མོང་གི་མཐོང་སྣང་ལྟར་དངོས་ཡོད་མི་ཞིག་གི་བྱུང་རབས་ལྟར་བརྗོད་ཡོད། མ་ཟད་ལྷ་སྒྲུང་དང་དག་སྣང་རྐྱང་བས་གྱ་ཚོམ་དུ་མ་འཇུག་པར། ཞིབ་འཚོལ་རྩད་གཅོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་གཞི་རྐང་བཙུགས། ཁོང་གིས་བྲན་གཡོག་ལམ་ལུགས་ལ་འགོག་རྒོལ་དང་དམངས་གཙོའི་ལམ་ལུགས་བསླངས་པ། རིགས་རུས་མཆོག་དམན་གྱི་ལྟ་བ་དགག་པ། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ། ཕྱི་རོལ་བའི་སྟོན་པ་དང་ཆོས་ལུགས་སོགས་ལ་གུ་ཡངས་དང་གུས་ཞབས་བྱེད་སྟངས། ཁོང་གི་རྗེས་འཇུག་པ་ཚོས་རྫུ་འཕྲུལ་སྟོན་པ་ནི་ངོ་ཚ་དགོས་པའི་གནས་ཤིག་ཡིན་པ་སོགས་གདམས་པ་ཁྱད་པར་ཅན་དུ་མ་ཞིག་ཀྱང་མཛད་རྣམ་འདིའི་ཟུར་དུ་མངོན་ཡོད།