རྒྱལ་ཁང་རྩེ་སྤྲུལ་སྐུ་བློ་བཟང་དཔལ་འབྱོར་ལྷུན་གྲུབ་ཀྱི་འཁྲུངས་རབས་ཁྲུངས་ཐང་ཞུ།།

ཡོང་ཁུངས་Wikipedia

༄༅།། །རྒྱལ་ཁང་རྩེ་སྤྲུལ་སྐུ་བློ་བཟང་དཔལ་འབྱོར་ལྷུན་གྲུབ་ཀྱི་སྐྱེ་འཕྲེང་གསོལ་འདེབས་དང་སྐྱེ་འཕྲེང་རྣམས་ཀྱི་ལྷག་པའི་ལྷ། བསྟེན་པའི་ཆོས་སྐྱོང་། བླ་མ་སོ་སོའི་སྐུའི་ཆ་བྱད་སོགས་ཇི་ལྟར་འབྲི་དགོས་ཚུལ་བཞུགས་སོ།། །

༄༅།། །ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། །རླབས་ཆེན་ཚོགས་གཉིས་སྐྱེད་ཚལ་ལས་འོངས་ཤིང་། །དོན་གཉིས་ལྷུན་གྲུབ་འབྲས་བུའི་ཁུར་གྱིས་བརྗིད། །སྐུ་གསུམ་འདོད་དགུའི་ཆར་ཆེན་འབེབས་མཛད་པའི། །ཐུབ་དབང་དཔག་བསམ་དབང་པོས་དགེ་ལེགས་སྩོལ། །རབ་འབྱམས་རྒྱལ་བའི་གསང་མཛོད་ཀུན་འཛིན་ཅིང་། །མཐུ་སྟོབས་ནུས་པས་ཁམས་གསུམ་བདུད་སྡེའི་དཔུང་། །འཇོམས་ལ་རྡོ་རྗེའི་ཐོག་ལྟར་རབ་བསྔགས་པ། །གསང་བདག་ཕྱག་ན་རྡོ་རྗེས་ཤིས་པས་སྐྱོངས། །དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་དཔྱིད། །བློ་བཟང་རྒྱལ་བའི་ཆོས་སྲིད་དཔལ་འབྱོར་ལ། །འདོད་དགུར་དབང་བསྒྱུར་ལྷུན་གྲུབ་སྐུ་བཞི་ཡི། །གོ་འཕང་མངོན་དུ་གྱུར་ལ་གསོལ་བ་འདེབས། །མགོན་ཁྱོད་དཔག་མེད་བསྐལ་པའི་སྔོན་རོལ་ནས། །དོན་གཉིས་མཐར་ཕྱིན་གོ་འཕང་མཆོག་བརྙེས་ཀྱང་། །དུས་གསུམ་རྒྱལ་བའི་མདུན་སར་རྒྱལ་སྲས་ཚུལ། །བཟུངས་ཏེ་གསང་མཛོད་མ་ལུས་འཛིན་ལ་འདུད། །ལྔ་ལྡན་ཡེ་ཤེས་ངོ་མཚར་མཚན་དཔེ་ཡི། །འཇའ་ཚོན་རྣམ་པར་བཀྲ་བའི་བརྟུལ་ཞུགས་མཆོག །འཛིན་མཛད་འཕགས་ཡུལ་གྲུབ་དབང་ཡོངས་ཀྱི་རྗེ། །དཔལ་ལྡན་ས་ར་ཧ་༼གྲུབ་ཐོབ་ཀྱི་ཆ་བྱད་ཕྱག་ན་མདའ་གཞུ་བསྣམས་པ། ༸ཆོས་སྐྱོང་ཞལ་བཞི་པ།༽ལ་གསོལ་བ་འདེབས། །ཕྱག་ན་པདྨོའི་འཕྲིན་ལས་གདུགས་དཀར་པོ། །སྲིད་རྩེར་བསྒྲེངས་ཕྱིར་རྒྱལ་སྲས་བྲན་མོ་དང་། །འདབ་ཆགས་ལ་སོགས་སྤྲུལ་པའི་ཟློས་གར་གྱིས། །འགྲོ་ཀུན་སྨིན་གྲོལ་མཛད་ལ་གསོལ་བ་འདེབས། །ཁྱད་པར་ཐབས་ཤེས་རིན་ཆེན་བདུན་ལྡན་པས། །འཕགས་ཡུལ་ཆོས་ཀྱི་སྲིད་ལ་དབང་བསྒྱུར་བའི། །ཤྲཱི་རཏྣ་བོ་དྷིའི་སྲས་ཐུ་བོ། །རྒྱལ་པོ་འགྲོ་བ་བཟང་པོར་༼རྒྱ་གར་རྒྱལ་པོའི་ཆ་ལུགས། ཕྱག་ན་ནོར་བུ་དང་གླེགས་བམ་འཛིན་པ། ཆོས་སྐྱོང་ལེགས་ལྡན་ནག་པོ།༽གསོལ་བ་འདེབས། །དེ་ནས་བལ་ཡུལ་ཀོང་པོ་ཡར་ལུད་དུ། །ཆོས་རྒྱལ་དྷརྨཱ་པ་ལ་༼ཆ་བྱད་དང་ཆོས་སྐྱོང་གོང་བཞིན༽ཀླུའི་དབང་པོ༼ཀླུའི་རྒྱལ་པོའི་གཟུགས༽། །གཡུང་དྲུང་རཱ་ཛཱའི་༼བོད་ཀྱི་བོན་པོའི་ཆ་བྱད་ཕྱག་ན་རྔ་ཤང་། ཆོས་སྐྱོང་སྲིད་རྒྱལ་མ༽བུ་སོགས་རྣམ་འཕྲུལ་གྱིས། །གྲངས་མེད་འགྲོ་བ་འདྲེན་ལ྾། །རྒྱལ་སྲས་ལྗང་ཚ་༼འདི་ཉིད་དགེ་བསྙེན་གྱི་ཆ་ལུགས། ཕྱག་གཉིས་ཆོས་འཆད་དང་མཉམ་གཞག་གི་སྟེང་ན་གླེགས་བམ་འཛིན་པ། ཆོས་སྐྱོང་མགོན་པོ་གུར།༽ལྷ་ཡི་དབོན་པོ་དང་། །རྒྱ་གར་ནུབ་ཕྱོགས་ཁ་ཆེའི་༼མུ་སྟེགས་ཀྱི་སྟོན་པ་དང་ཁ་ཆེའི་རྒྱལ་པོའི་ཆ་བྱད།༽ཡུལ་གཉིས་སུ། །ཡ་མཚན་མུ་སྟེགས་སྟོན་པའི་༼ཕྱག་གཉིས་མཉམ་གཞག །ཆོས་སྐྱོང་ལེགས་ལྡན།༽ཚུལ་གཟུངས་ཏེ། །སྨྲ་ངན་ལོག་ལྟ་འཇོམས་ལ་྾། །སུམ་རྩེན་ལྷ་བུ་༼དགེ་སློང་གི་ཆ་བྱད་པཎ་ཞྭ་དམར་པོ། ཕྱག་གཉིས་ཆོས་འཁོར་། ཆོས་སྐྱོང་མགོན་པོ་གུར།༽ཆོས་ཀྱི་སེངྒེ་དང་། །ནེ་ཙོ་གླ་བ་ཁྱིམ་བདག་རྒྱལ་ཆེན་བཞིའི། །ལྷ་རིགས་དིང་མའི་མཁན་པོ་༼འདིའང་གཞན་གོང་བཞིན་ལ་ཕྱག་གཉིས་མཉམ་གཞག།༽གྲུབ་པ་སོགས། །སྣ་ཚོགས་སྤྲུལ་པའི་ཟློས་གར་བསྒྱུར་ལ་འདུད། །དཔོན་ཆེན་སེངྒེ་༼བོད་ཀྱི་མི་ཆེན་གྱི་ཆ་ལུགས། ཕྱག་གཉིས་ས་མནོན། ཆོས་སྐྱོང་མགོན་པོ་ཨཾ་གྷོར།༽ལྷོ་ནུབ་རྔ་ཡབ་གླིང་། །སྲིན་པོའི་སྐུར་བཞེངས་ངོ་མཚར་ཐབས་མཁས་ཀྱིས། །ཤིན་ཏུ་གདུལ་དཀའ་གདུག་པའི་སེམས་ལྡན་སོགས། །རིས་མེད་འགྲོ་དོན་མཛད་ལ་གསོལ་྾། །བསྐལ་བཟང་སངས་རྒྱས་རྣམས་འཕྲུལ་རེ་རེ་ཡི། །གྲངས་དང་མཉམ་པའི་སྤྲུལ་པའི་ཟློས་གར་གྱིས། །རྒྱལ་བསྟན་བསྲུང་ཞིང་གསང་བ་ཀུན་འཛིན་པའི། །ནམ་མཁའ་རྒྱལ་མཚན་༼ཕྱག་གཉིས་རྡོར་དྲིལ་དང་ཌཱ་མ་རུ་པཎྜིཏའི་ཆ་བྱད། ཆོས་སྐྱོང་མགོན་པོ་ཞལ་བཞི་པ།༽ཞབས་ལ་གསོལ་྾། །བརྒྱ་ཕྲག་དཀའ་བས་འཕགས་པའི་ཡུལ་བགྲོད་དེ། །མདོ་སྔགས་གཞུང་ལུགས་རབ་འབྱམས་གངས་ལྗོངས་འདིར། །གསལ་མཛད་འཕགས་སྡེ་ལོ་ཙཱ་༼པཎྜིཏའི་ཆ་བྱད་ཕྱག་ནས་གཞོང་དང་ལྕགས་སྙུག་། ཆོས་སྐྱོངགོང་བཞིན།༽ཞེས་གྲགས་པ། །མཁས་ཤིང་གྲུབ་པ་བརྙེས་ལ་གསོལ་྾། །རྒྱལ་བ་གཉིས་པའི་ལེགས་བཤད་འོད་སྟོང་གིས། །གངས་ལྗོངས་ཐུབ་བསྟན་འདབ་བརྒྱ་བཞད་པའི་ཚེ། །ཐུགས་བཅུད་སྦྲང་རྩིའི་དཔལ་ལ་ལོངས་སྤྱོད་པའི། །མཁས་གྲུབ་འཇམ་དཀར་༼པཎྜིཏའི་ཆ་བྱད་ཆོས་འཆད་མཉམ་གཞག །ཆོས་སྐྱོང་དམ་ཅན་ཆོས་རྒྱལ།༽ཞབས་ལ་གསོལ་྾། །ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཡིས། །རིགས་ཀྱི་ཅོད་པན་མཆོག་ཏུ་འཛིན་མཛད་ཅིང་། །མཁས་བཙུན་བཟང་པོས་རྒྱལ་བསྟན་སྤེལ་མཛད་པའི། །དགེ་འདུན་བཀྲ་ཤིས་༼པཎྜིཏའི་ཆ་བྱད། ཆོས་འཆད་གླེག་བམ་། ཆོས་སྐྱོང་གོང་བཞིན།༽ཞབས་ལ་྾། །གང་གི་གྲགས་སྙན་ཨུཏྤལ་ཆུན་པོའི་རྒྱན། །ཕྱོགས་ཀྱི་བུ་མོའི་རྣ་བར་འཁོད་པའི་མཐུས། །གནམ་བསྐོས་ལྷ་ཡིས་གཙུག་གི་རྒྱན་གྱུར་པ། །མཐའ་འཁོབ་འགྲོ་བའི་འདྲེན་༼དགེ་སློང་གི་ཆ་བྱད་པཎ་ཞྭ་སེར་པོ་ཕྱག་སྟབས་གོང་བཞིན། ཆོས་སྐྱོང་མགོན་པོ་ཕྱག་དྲུག་པ༽པར་གསོལ་྾། །ཆོས་དང་དཔལ་གྱི་འབྱོར་བའི་ཁང་བཟང་རྩེར། །བསླབ་གསུམ་བསྟན་པའི་རྒྱལ་མཚན་འཛིན་མཛད་དང་། །ཆོས་འབྱོར་རྒྱ་མཚོའི་ཁྱོན་ལ་དབང་བསྒྱུར་བའི། །དེད་དཔོན་བཤེས་གཉེན་དམ་པར་༼ཆ་བྱད་གོང་བཞིན་དང་། ཆོས་སྐྱོང་དམག་ཟོར་མ།༽གསོལ་྾། །བློ་གྲོས་བཟང་པོའི་དཀྱིལ་འཁོར་རབ་རྒྱས་ཤིང་། །རྒྱལ་བསྟན་འཛིན་པའི་སྨོན་ལམ་མཐུ་གྲུབ་པས། །རྒྱ་མཚོའི་གོས་ཅན་གཞིར་གནས་འགྲོ་རྣམས་ལ། །བྱང་གྲོལ་༼ཆ་ལུགས་དང་ཕྱག་སྟབས་གོང་བཞིན་དང་། ཆོས་སྐྱོང་རྣམ་སྲས།༽ལམ་བཟང་སྟོན་ལ་གསོལ་྾། །ཕན་དང་བདེ་བ་ཀུན་གྱི་འབྱུང་གནས་ཆེ། །འཇམ་མགོན་བློ་བཟང་བསྟན་པའི་ཁང་བཟང་རྩེར། །བཤད་གྲུབ་རྒྱལ་མཚན་འཛིན་པའི་དཔལ་མངའབ། །རྗེ་བཙུན་བླ་མའི་༼ཆ་ལུགས་གོང་བཞིན། ཕྱག་གཉིས་ཆོས་འཁོར། ཆོས་སྐྱོང་བེཀྩེ།༽ཞབས་ལ་གསོལ་བ་྾། །རྒྱལ་ཀུན་མཁྱེན་བརྩེ་ཡེ་ཤེས་གཅིག་བསྡུས་ནས། །དགེ་ཚོགས་འབུམ་དུ་འཁྱིལ་བའི་ཞྭ་སེར་བསྟན། །ལེགས་བཤད་ཚ་ཟེར་སྟོང་གིས་གསལ་མཛད་པའི། །རྗེ་བཙུན་༼ཆ་ལུགས་གོང་བཞིན་ཕྱག་གཉིས་རྡོར་དྲིལ། ཆོས་སྐྱོང་ཚངས་པ་ཞི་བ།༽ཉིན་བྱེད་དབང་པོར་གསོལ་྾། །བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་ཡི། །སྙིང་པོ་གཅིག་བསྡུས་ཞྭ་སེར་རིང་ལུགས་ཆེ། །ཕྱོགས་འདིར་ཡར་ཟླ་ཇི་བཞིན་འཕེལ་བའི་ཕྱིར། །གསང་བདག་སྤྲུལ་པའི་༼ཆ་བྱད་གོང་བཞིན་དང་། ཕྱག་གཉིས་ཆོས་འཆད་ས་གནོན། ཆོས་སྐྱོང་བསེ་ཁྲབཅན།༽ཟློས་གར་བསྒྱུར་ལ་འདུད། །བློ་བཟང་གྲགས་བསྟན་༼ད་ལྟའི་སྤྲུལ་སྐུ་འདི་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེ་བུམ། ཆོས་སྐྱོང་གང་ལ་མོས་པ་དེ་ཉིད་འབྲི་བར་བྱའོ༽གངས་རི་ལ་གནས་ཤིང་། །ལུགས་གཉིས་དཔལ་གྱི་འབྱོར་པའི་རལ་པས་བརྗིད། །དོན་གཉིས་ལྷུན་གྱིས་གྲུབ་པའི་གདོང་ལྔ་པའི། །ཞབས་ཟུང་རྡོ་རྗེའི་མཆེད་ཟླར་བརྟན་པར་ཤོག །བློ་གསལ་སྐལ་བཟང་ཡོངས་ཀྱི་ཟུར་ཕུད་ལ། །ལེགས་བཤད་དཔལ་འབྱོར་གོམ་པ་འགོད་མཁས་པ། །དོན་གཉིས་ལྷུན་གྲུབ་བསྟན་འགྲོའི་དཔལ་མགོན་དུ། །ཡུན་རིང་ཞབས་བརྟན་འཕྲིན་ལས་རབ་རྒྱས་ཤོག །མང་དུ་ཐོས་པའི་གསེར་སྦྱང་གཞི་ལ་བརྟན། །མཁས་བཙུན་བཟང་པོའི་ཡལ་འདབ་རབ་རྒྱས་རྩེར། །དོན་གཉིས་ལྷུན་གྲུབ་འབྲས་བུས་ཡོངས་དུད་པའི། །བཤེས་གཉེན་དཔག་བསམ་དབང་པོ་ཞབས་བརྟན་ཤོག །གསང་བ་ཀུན་གྱི་མཛོད་འཛིན་གསང་བའི་བདག །ལ་སོགས་བླ་མ་ཡི་དམ་ཆོས་སྲུང་གིས། །བཤེས་གཉེན་དམ་པའི་ཞབས་ཟུང་ཡུན་རིང་དུ། །རབ་བརྟན་འཕྲིན་ལས་ཕྱོགས་བཅུར་རྒྱས་པར་མཛོད། །ཞིང་ཁམས་ཀུན་དང་ཁྱད་པར་བྱང་ཕྱོགས་འདིར། །ནད་མུག་འཁྲུག་རྩོད་ཆོས་མིན་རྒྱུན་ཆད་ཅིང་། །བསྟན་པ་རིན་ཆེན་ཕྱོགས་བཅུར་་རྒྱས་པ་དང་། །འགྲོ་ཀུན་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །བདག་ཅག་དད་ལྡན་གདུལ་བྱའི་ཚོགས་རྣམས་ཀུན། །སྐྱེ་འཕྲེང་ཀུན་ཏུ་དམ་པའི་མགོན་ཁྱོད་ཀྱིས། །རྗེས་བཟུངས་གསུང་གི་བདུད་རྩི་ལ་སྤྱད་པས། །རིང་མིན་རྣམ་མཁྱེན་གོ་འཕང་ཐོབ་པར་ཤོག །བསླུ་མེད་མཆོག་གསུམ་བྱིན་རླབས་ཐུགས་རྗེ་དང་། །བསྟན་སྲུང་དམ་ཅན་རྒྱ་མཚོའི་འཕྲིན་ལས་སྟོབས། །མོས་ལྡན་གདུལ་བྱས་གསོལ་བཏབ་བརྟེན་འབྲེལ་མཐུས། །ཡིད་སྨོན་ཇི་བཞིན་ལྷུན་གྱིས་འགྲུབ་གྱུར་ཅིག། །།མངྒ་ལཾ།། །ཞེས་ཁལ་ཁ་གཡས་རུ་ཇ་སག་ཐུ་ཁང་གི་ཨེལ་མག །རྒྱལ་ཁང་རྩེ་སྤྲུལ་སྐུ་བློ་བཟང་དཔལ་འབྱོར་ལྷུན་གྲུབ་ཀྱི་སྐྱེ་འཕྲེང་གསོལ་འདེབས་དང་སྐྱེ་འཕྲེང་རྣམས་ཀྱི་ལྷག་པའི་ལྷ། བསྟེན་པའི་ཆོས་སྐྱོང་། བླ་མ་སོ་སོའི་སྐུའི་ཆ་བྱད་སོགས་ཇི་ལྟར་འབྲི་དགོས་ཟེར་བ་ལ་སྤྲུལ་པའི་སྐུ་འདི་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་དུ་གྲགས་པས་ན། སྐུ་འཕྲེང་རྣམས་ཀྱི་ཡི་དམ་གསང་བདག་འཁོར་ལོ་ཆེན་པོ་དང་གཏུམ་ཆེན། གཏུམ་ཆུང་ལ་སོགས་པ་ཕྱག་རྡོར་གྱི་རིགས་ཅི་རིགས་འབྲི་བ་དང་། བླ་མ་སོ་སོའི་སྐུའི་ཆ་བྱད་ཕལ་ཆེར་གོང་གི་གསོལ་འདེབས་ཀྱི་ཚིག་ལ་དཔགས་པས་ཤེས་ཤིང་། གསོལ་འདེབས་ཀྱི་ཚིག་གཞིར་མི་གསལ་བ་རྣམས་ཀྱི་ཆ་ལུགས་སོགས་མཆན་བུར་བཀོད་པ་ཇི་བཞིན་དུ་འབྲི་བར་བྱའོ།། ཞེས་པ་འདིའང་ཏཱ་བླ་མ་བློ་བཟང་བདེ་མཆོག་གིས་བསྐུལ་བའི་ངོར། ༸ཤཱཀྱཱ་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ།། །། ༈ ཅེས་པ་འདི་ནི་གང་གི་ཞབས་ཕྱི་ཐ་ཤལ་བ་དགའ་ཤར་ཆོས་མཛད་བྷིཀྵུ་སུ་མ་ཏི་ཛྙཱནཱའི་ཟུར་ཕབ་ཞུས་པའོ།། 5/12/2013 ༄༅།། །

བསྟན་པའི་གསལ་བྱེད་རྒྱལ་ཁང་རྩེ་རྗེ་བློ་བཟང་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར[རྩོམ་སྒྲིག]

་ཞིག་ སོག་པོའི་མཁས་དབང་ཆེན་པོ་༸རབ་འབྱམས་པ་ངག་དབང་ཐུབ་བསྟན་གྱིས་མཛད་ཡོད་འདུག་པར་ད་ལྟ་ཐབས་ཤེས་བྱེད་བཞིན་་ཡོད།༢༠/༠༡/༡༤