རྒྱ་བོད་བར་གྱི་མཛའ་མཐུན།
རྒྱ་བོད་བར་གྱི་མཛའ་མཐུན།
[རྩོམ་སྒྲིག]རྩོམ་པ་པོ། དོན་གྲུབ་རྒྱལ།
རྨ་ཆུ་འབྲི་ཆུ་གཉིས་ཀ།།
ཆུ་མགོ་བོད་ནས་བྱུང་ཡང་། །
ཆུ་གཞུང་རྒྱ་ནས་རྒྱས་ཏེ། །
ཆུ་རྔ་རྒྱ་མཚོར་འདྲེས་སོང་། །
བསིལ་ལྡན་ལྗོངས་ནས་འབབ་པའི། །
རྨ་ཆུ་དལ་བ་རིང་མོ། །
ཙི་ནའི་ཡུལ་ཁམས་བསྐོར་དུས། །
མཛའ་མཐུན་ཉ་མོ་འཁོར་བྱུང་། །
ཆུ་རྒྱུན་ཟད་པ་མེད་ན། །
ཉ་མོ་རང་འཁོར་ལོས་བྱེད། །
རྒྱ་དང་བོད་ཀྱི་འབྲེལ་བ། །
ཆུ་དང་ཉ་མོའི་ངང་ཚུལ། །
ཆིལ་ཆིལ་འབབ་པའི་རྨ་ཆུ། །
མཛའ་མཐུན་བདེན་པའི་དབང་པོ། །
གསེར་གྱི་ཉ་མོ་ཁ་སྤྲོད། །
བཀྲ་ཤིས་ཚང་བའི་རྟགས་ཚན། །
ལོ་རྒྱུས་ཆུ་བོའི་གཞུང་ལ། །
བརྩེ་དུང་ལྕགས་ཀྱུ་འཕངས་ཏེ། །
མཛའ་མཐུན་ཉ་མོ་འཛིན་དུས། །
ཉ་པའི་བློ་སེམས་དགའ་བ། །
དང་པོ
ཨེ་མ་ལོ་རྒྱུས་གཙང་པོ། །
བཞུར་རྒྱུན་ཅི་འདྲ་རིང་བ་། །
རྒྱ་བོད་མཛའ་མཐུན་ཉ་མོ། །
འཁྱུག་འགྲོས་རྩལ་གྱིས་སྙེམས་སོང་། །
བཙན་པོ་སྲོལ་བཙན་སྒམ་པོ། །
དཀར་གསལ་བཅོ་ལྔའི་ཟླ་བ། །
ལྷ་གཅིག་འུན་ཤིང་ཀོང་ཇོ། །
མཛེས་སྡུག་ལྡན་པའི་ཀུ་མུད། །
སྲོང་བཙན་ཉ་ཟླ་ཤར་ནས། །
ཀོང་ཇོ་ཀུ་མུད་རྒྱས་སོང་། །
བློ་གྲོས་བུང་བ་བཀུགས་ཏེ། །
གཙུག་ལག་ཟེའུ་འབྲུ་སྨིན་སོང་། །
རྒྱ་བོད་གཉེན་གྱི་ས་བོན། །
ལ་ལུང་མེད་པར་གཏོར་བས་། །
མི་རིགས་མཛའ་མཐུན་མྱུ་གུ །
ཉིན་སྲིབ་མེད་པར་འཁྲུངས་སོང་། །
ལྷ་གཅིག་ཀོང་ཇོའི་ཞབས་པད། །
བསིལ་ལྡན་ལྗོངས་སུ་བཀོད་པས། །
བོད་ཀྱི་བཙན་པོའི་སྙན་གྲགས། །
གླིང་གི་མཐའ་ལ་རྒྱག་སོང་། །
ཡབ་གཅིག་སྲོང་བཙན་སྒམ་པོ། །
མཚོ་ནག་སྟོང་རུར་ཕེབས་པས། །
གནས་ལྔ་རིག་པའི་དཔལ་ཡོན། །
ཆུ་གཏེར་བཞིན་དུ་རྒྱས་སོང་། །
ཀོང་ཇོ་ཕེབས་པའི་རི་ལ། །
ལྷ་ཡི་རོལ་སྒྲས་ཁྱབ་སོང་། །
བཙན་པོས་བསུས་པའི་ཆུ་ལ། །
ཀླུ་ཡི་ལོངས་སྤྱོད་རྒྱས་སོང་། །
རྒྱ་བོད་བར་གྱི་མཛའ་མཐུན། །
མི་ཤིགས་རྡོ་རྗེ་མདུད་པ། །
གཉེན་ཐོག་གཉེན་དུ་བརྩེགས་པས། །
མདུད་རྒྱ་སྔར་ལས་དམ་སོང་། །
མཁའ་ལ་ཉི་ཟླ་ཟུང་གཅིག། །
ས་ལ་བཙན་པོ་དབང་ཞང། །
ཆབ་སྲིད་གཅིག་ཏུ་མོས་ནས། །
འབངས་ཡོངས་བདེ་ལ་བཀོད་སོང་། །
གཉིས་པ།
ཀྲུང་གོ་གསར་པའི་རྒྱལ་ཁབ། །
མཁའ་ལ་ཉི་མ་ཤར་འདྲ། །
རྒྱ་བོད་མི་རིགས་མཐུན་སྒྲིལ། །
ས་ལ་པད་མོ་རྒྱས་འདྲ། །
ཏང་གི་ཉི་འོད་མེད་ན། །
པད་མོ་ཇི་ལྟར་བཞད་པ། །
རྒྱ་བོད་མཐུན་སྒྲིལ་མེད་ན། །
ཟེའུ་འབྲུ་ཇི་ལྟར་རྒྱས། །
མི་རིགས་རང་སྐྱོང་བྱས་པས། །
མཐུན་སྒྲིལ་མེ་ཏོག་ཤར་བྱུང་། །
འདྲ་གཉམ་དྲི་བསུང་འཐུལ་བས། །
མཛའ་མཐུན་པུང་བ་འཁོར་བྱུང་། །
མུ་མེད་ཐང་སྟོང་ཐོག་ལ། །
པ་ཏྲའི་རི་མོ་ཇི་བཞིན། །
གཞུང་ལམ་དྲ་བ་བསྣོལ་བས། །
རྒྱ་བོད་འགྲིམ་འགྲུལ་དར་སོང་། །
ལོ་ཁྲིར་གཉིད་དུ་ཡུར་བའི། །
གཏེར་གྱི་སྒོ་མོ་ཕྱེས་པས། །
གངས་ཅན་བཟོ་ལས་ཐོན་སྐྱེད། །
ཡར་ངོའི་ཟླ་ལྟར་འཕེལ་སོང་། །
ཞིང་ས་གྲུ་བཞིའི་ཐོག་ལ། །
འཕྲུལ་གྱི་ལྕགས་གླང་བཏང་བས། །
སྟོན་ཐོག་གྲོ་ནས་སྲན་གསུམ། །
སྟོན་ཐོག་གྲོ་ནས་སྲན་གསུམ། །
རི་བོའི་གཏོས་དང་གཉམ་སོང་། །
མཐའ་ཡས་སྤང་ལྗོངས་སྔོན་མོ། །
མཐའ་ཡས་སྤང་ལྗོངས་སྔོན་མོ། །
རྗས་འགྱུར་ལུད་ཀྱིས་གསོས་པས། །
སྒོ་ཕྱུགས་རྟ་ནོར་ལུག་གསུམ། །
ལ་ཐང་མེད་པར་ཁེངས་སོང་། །
གོས་ཆེན་དར་གྱི་ཟ་འོག།།
འཇམ་པོ་མི་འདུག་མ་གསུངས། །
བྷོ་ཊའི་སྨན་ཤར་བུ་མོ། །
ཟ་འོག་རི་མོར་ཞེན་སོང་། །
ཁ་བཏགས་དཀར་པོའི་ཐོག་ཏུ། །
རི་མོ་མི་འདུག་མ་གསུངས། །
ཁ་བ་ཅན་པའི་བསམ་པ། །
ཁ་བཏགས་ལས་ཀྱང་དཀར་བ། །
ཇ་ནག་ཁུ་བའི་ནང་དུ། །
འོ་མ་མི་འདུག་མ་གསུངས། །
རྒྱ་རིགས་བུ་མོའི་མཆུ་སྒྲོས། །
འོ་མ་ལས་ཀྱང་ཞིམ་པ། །
གསུམ། །
མཛའ་མཐུན་ཆུ་བོ་ཡིན་ཀྱང་། །
བཞུར་ས་ལུང་བ་ཀྱག་ཀྱོག །
ཆུ་སྲིན་གཤེད་མ་ཡོད་ཀྱང་། །
ཉ་མོ་འཇིགས་རྒྱུ་མི་འདུག
མཛའ་མཐུན་ལོ་རྒྱུས་ཆུ་བོ། །
ལྷུང་ལྷུང་རྒྱ་མཚོར་བཞུར་འགྲོ །
ཆུ་དང་ཉ་མོ་འབྲེལ་བ། །
མ་བརྗེད་ཡིད་ལ་ཟུངས་ཤིག
རིན་ཆེན་གཏེར་གྱིས་ཕྱུག་པའི། །
ཅན་བཞིའི་མཚོ་མོའི་ནང་དུ། །
རྒྱ་བོད་མཐུན་པའི་ནོར་བུ། །
ཡང་ཡང་འཁྲུངས་པར་སྨོན་ཅིག །