རྒྱ་བཟའི་གྲུབ་ཐོབ་སྐུ་གདུང་མཆོད་རྟེན

ཡོང་ཁུངས་Wikipedia
 འདི་ནི་རྨ་ཡུལ་རོང་བོ་བློན་ཆོས་རྒྱ་བཟའི་གྱི་ལིང་སྐོར་ཆུའི་ཁ་ཐོག་ཏུ་བཞུགས་པའི་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་གྲས་སུ་གཏོགས་པར་གྲགས་པའི་རྒྱ་བཟའི་གྲུབ་ཐོབ་པ་ཆེན་པོ་ཨ་ཁུ་བསྟན་རྒྱས་ཞིང་གཤེགས་ཚང་གི་སྐུ་གདུང་མཆོད་རྟེན་གྱི་ཚུལ་དུ་བཞེངས་པ་ཡིན་ཞིང་། ཁོང་ནི་འབྲོག་མི་ཕལ་བ་ཞིག་གི་ལུས་རྟེན་བླངས་ནའང་མི་མ་ཡིན་གྱི་སྣང་ཚུལ་མཛད་ཅིང་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་དབུ་ལ་པད་ཞྭ་གནབ་ཤིང་།  ཕྱག་ལ་མདུང་དར་བསྣམས་པ།  དམ་པའི་ཆོས་ལ་ཕྱོགས་པ།  བདུད་རྩི་ཆང་ལ་དགའ་བ།  ཇི་གསུང་ལུང་བསྟན་ཏུ་སྣང་བ།  ཁ་བཤད་དོན་ལ་གནས་པ།  ཆོས་ཐོག་ཆེན་པོ་དང་།  སྤྱི་རུང་འཚོགས་ས།  མི་ཚོགས་འདུས་ས་ག་ལ་ཡང་བྱོན་ཡོད་པ། མ་རུང་རྒྱ་འདྲེ་འགོང་བོ་དང་དགྲ་བགེགས་གཤེད་མའི་ཁ་གནོན་དུ་བཞུགས་ཡོད་ཟེར་བ།  མངོན་རྟགས་སྣ་ཚོགས་དང་བཅོས་མའམ་རྟོགས་བཟོ་མ་ཡིན་པའི་ཐུན་མོང་གི་ཁྱད་ཆོས་གང་མང་མཛད་པའི་སྐྱེས་རྗ་ཞིག་ཡིན་ཞིང་དུས་རབས་ཉེར་གཅིག་པའི་དུས་མགོར་སྒར་གྲོང་གཉེན་མི་རྣམས་ལ་གཏན་དུ་བྲལ་བའི་ངོ་ཐུག་དང་ཞལ་ཆེམས་ལྟ་བུ་གང་མང་མཛད་རྗེས།   འཛམ་གླིང་གེ་སར་རྒྱལ་བའི་རྟ་མཆོག་སྐྱང་རྒོད་འཕེར་བའི་རྟ་ཕུར་ཡིན་ཞེས་ཟེར་ བའི་གྱི་ལིང་རྡོ་ལངས་རིང་མོའི་མདུན་དུ་རྗེ་བཙུན་མའི་རྡོ་སྐུ་ཞིག་བཞེངས་པ་དང་རྡོ་ལངས་སྟེང་ལ་དར་བཏེགས་ནས་རྟེན་འབྲེལ་བསྒྲིགས་པ་མ་ཟད།  དར་ལྕོགས་སྣ་ཚོགས་དར་ལྕེ་དར་ལུང་དང་བཅས་པ་གྲངས་ལས་འདས་པ་ལེགས་པར་བསྒྲིགས་ནས།  བསམ་བཞིན་དུ་དག་པའི་ཞིང་དུ་ཕེབས་པའི་སྟ་གོན་གང་ལེགས་མཛད་རྗེས། གློ་བུར་དུ་མེ་སྐྱོན་ཙམ་ཡང་མེད་པར་སྐུ་ལུས་ཡོངས་སུ་མེ་རི་འབར་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པས། རྒྱ་བཟའི་བཀྲ་ཤིས་ཆོས་སྒང་གི་བསྟན་པའི་མངའ་བདག་ཆེན་མོ༧སྐུ་ཞབས་ཨོ་རྒྱལ་བྱམས་པ་བློ་བཟང་ཆོས་གྲགས་ཚང་གིས་ཞལ་བཀོད་ལྟར། གོང་ནས་བསྟན་ཟིན་པའི་གནས་མཆོག་རྡོ་ལངས་རིང་མོ་དེ་གཟུངས་འཇུག་དང་སྲོག་ཤིང་བྱས་ཏེ་དམ་པ་འདི་ཉིད་ཀྱི་དགེ་བའི་རྩ་བར་གྱུར་བ་སྐུ་གདུང་མཆོད་རྟེན་བཞེངས་པར་གྲགས་སོ།།  ཞེས་རོང་ཆེན་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་བོ་ལྷ་རྒྱལ་དཔལ་གྱིས་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་ཁྱི༢༠༠༦ལོའི་ཟླ ༣ པའི་ཚེས ༢༡ ཉིན་ལ་ཆབ་ཆ་གསེར་གཞོང་རིང་མོའི་གྲོང་རྡལ་གྱི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་རྒྱལ་ཕོ་བྲང་ནས་སྦྱར་ཞིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས《མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགས》སྟེང་དུ་བཀོལ་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་་པར་སྐྲུན་བྱས་ཟིན་པ་སརྦ་ཛ་ཡནྟུ།།