རོང་ཟོམ་གསུང་འབུམ་དཀར་ཆག་

ཡོང་ཁུངས་Wikipedia

༄༅། །རོང་ཟོམ་གསུང་འབུམ་དཀར་ཆག་མེ་ཏོག་ཕྲེང་བ་བཞུགས་སོ། །

༄༅། །ཨོཾ་སྭ་སྟི་བི་ཛ་ཡནྟུ། ལྷ་མིའི་སྟོན་པ་མཚུངས་མེད་ཉི་མའི་གཉེན། །རྒྱལ་སྲས་འཇམ་པའི་དབྱངས་དང་རྒྱལ་ཚབ་ཆེ། །འཛམ་གླིང་རྒྱན་མཆོག་རྒྱ་བོད་མཁས་གྲུབ་བཅས། །དངོས་བརྒྱུད་བླ་མའི་ཚོགས་ལ་ཕྱག་བགྱིའོ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ཀྱི། །རོལ་པ་མཁྱེན་གཉིས་ཉི་མའི་འོད་ཟེར་ཅན། །གངས་ཅན་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །རོང་ཟོམ་ཆོས་ཀྱི་བཟང་པོ་རྒྱལ་གྱུར་ཅིག །རྒྱལ༷་སྲས༷་དཔའ་བོ་སྙིགས་དུས་བསྟན་འགྲོའི་མགོན།།གཞ༷ན་ཕན༷་ཐུགས་བསྐྱེད་ཕྲིན་ལས་མཐའ་ཡས་པའི། །འོད་ཟེར་དྲྭ་བས་ཕྱོགས་ཀུན་རབ་གསལ་བ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་བགྱིས་ནས། །དམ་པ་རྣམས་ཀྱི་ཕྱག་རྗེས་དགེ་མཚན་གྱི། །རི་མོ་བསུབ་ཏུ་མེད་པར་གསལ་བའི་ཕྱིར། །ལེགས་བཤད་འདི་དང་འབྲེལ་བའི་ལོ་རྒྱུས་བཅས། །དཀར་ཆག་ཉུང་ངུ་རྣམ་གསལ་བརྗོད་པར་བྱ། ། དེ་ཡང་གངས་ཅན་བོད་ཀྱི་ཡུལ་འདིར་སྤྲུལ་པའི་ལོ་པཎ་ཆོས་རྒྱལ་རྣམས་ཀྱིས་དམ་པའི་ཆོས་མདོ་སྔགས་གཉིས་ཀའི་བཤད་སྒྲུབ་ཀྱི་སྣང་བ་ཆེན་པོ་ཁྱབ་པར་བརྡལ་བའི་རྗེས་སུ་དམ་པའི་སྐྱེས་བུ་དུ་མ་བྱོན་ཅིང་།གསང་སྔགས་སྔ་འགྱུར་དང་ཕྱི་འགྱུར་ཞེས་པའི་མཚན་གྱི་ཐ་སྙད་ཆགས་པའི་མགོ་རྩོམ་པའི་དུས་སྐབས་དེར། འཇམ་དཔལ་གཞོན་ནུ་མི་ཡི་ཟོལ་དུ་བཞེངས་པ་རོང་ཟོམ་པཎྜི་ཏ་ཆེན་པོ་ཞེས་གངས་ཅན་འདི་ན་དུས་གསུམ་དུ་ཡང་འགྲན་ཟླ་དང་བྲལ་པའི་མཁས་པ་ཆེན་པོ་འདི་བྱོན་པ་ཡིན་ཏེ། དེ་ཡང་གཙང་རུ་ལག་སྨད་ཀྱི་སའི་ཆ་སྣར་ལུང་རོང་ཞེས་པར།གྲུབ་པའི་སྔགས་བརྒྱུད་ཁྱད་པར་ཅན་གྱི་རིགས་རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་བྱ་བའི་སྲས་སུ་འཁྲུངས། སྐུ་བལྟམས་པ་ཙམ་ནས་མཁྱེན་པའི་ཡོན་ཏན་ལྷུན་གྲུབ་ཏུ་མངའ་ཞིང་དམ་པའི་མཛད་སྤྱོད་སྒྲིབ་མེད་དུ་གསལ་བའི་རྒྱུ་དེས། ཡབ་སོགས་སྐྱེ་བོ་ཁ་ཅིག་གིས་པཎྜི་ཏ་སྨྲི་ཏི་ཛྙཱ་ནའི་སྐུའི་སྐྱེ་བ་དེ་མ་ཐག་པ་ཡིན་པར་གླེང་། ཁ་ཅིག་གིས་པཎྜི་ཏ་ཕྲ་ལ་རིང་བ་ཞེས་པ་བོད་དུ་བྱོན་པ་དེའི་སྐུ་སྐྱེར་གླེང་། བྱིས་པ་མ་ཡི་པང་དུ་བཞུགས་པའི་དུས་ནས་ཀྱང་ལེགས་སྦྱར་གྱི་སྐད་དང་ཆོས་གཏམ་སྣ་ཚོགས་མཛད་པར་འདུག་པ་དེ། མས་པང་དུ་བཟུང་ཞིང་གཉེན་དག་དང་བཅས་ཇོ་བོ་ཆེན་པོ་མར་མེ་མཛད་ཀྱི་སྤྱན་སྔར་སོང་སྟེ་རོང་གི་ཆུ་ཚན་ཁར་མཇལ་ཞིང་། བྱིས་པ་འདི་སྐྱེས་ཙམ་ནས་རྒྱ་སྐད་དང་ཆོས་གཏམ་སྣ་ཚོགས་སྨྲ་བ་ཞིག་འདུག་པ་འདི་ཇི་འདྲ་ཞིག་ཡིན། ཇོ་བོས་འདི་ལ་ཆོས་གཏམ་ཞིག་མཛོད་ཅེས་ཞུས་པ་དང་། ཇོ་བོས་བྱིས་པ་དེ་སྐུ་པང་དུ་བཞེས་ནས་ཞལ་འཛུམ་པ་དང་ལྡན་པར་ཀི་ན་ཧོ། ཞེས་སོགས་རྒྱ་གར་གྱི་སྐད་ཀྱིས་དྲི་བ་མཛད་པ་ལ་བྱིས་པས་ལན་ཐོགས་པ་མེད་པར་བཏབ་པས། ཇོ་བོའི་ཞལ་ནས། ཨཱ་ཙརྱ་ནག་པོ་སྤྱོད་པ་ཆེན་པོ་དེ་ཉིད་ཚེ་འཕོས་མ་ཐག་པ་འདི་ཡིན་ཏེ། ཁོ་བོས་འདི་ལ་ཆོས་གཏམ་བྱ་ག་ལ་བཏུབ་ཅེས་བསྔགས་ཤིང་གུས་པ་མཛད་པས་སྤྲུལ་པའི་སྐུ་རྩོད་མེད་དུ་ཐམས་ཅད་ལ་གྲགས་པར་གྱུར། དེ་སྐབས་ཁ་ཅིག་གིས་ནག་པོ་སྤྱོད་པ་བར་དོར་སངས་རྒྱས་པས་སྐྱེ་བ་ལེན་པ་མི་འཐད་ཅེས་མ་བརྟག་པར་སྨྲ།ཁ་ཅིག་གིས་ནག་པོ་པ་བར་དོར་མཆོག་གྲུབ་པར་གསུངས་མོད་གལ་ཏེ་སངས་རྒྱས་ཡིན་ན་ཡང་། བཟོ་དང་སྐྱེ་བ་བྱང་ཆུབ་ཆེན་པོའི་སྤྲུལ་པ་ཅི་སྟེ་མི་འབྱུང་ཞེས་གླེང་། བྱིས་པའི་དུས་སུ་རྒྱ་གར་གྱི་ཨ་ཙ་ར་མཐོང་ཚད་ལ་དགྱེས་ཤིང་རང་བཞིན་གྱིས་ཕན་ཚུན་སྐད་བརྡ་འཕྲོད་པར་བྱུང་།སྐུ་ན་ཆུང་ངུའི་སྐབས་སུ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལས་གསན་པ་མཛད་པའི་ཚེ། ཆོས་གཏམ་གྱིས་རྩེད་མོའི་བགྲོ་གླེང་གིས་དེར་འཁོད་རྣམས་ཀྱི་སྤོབས་པ་ཟིལ་གྱིས་མནན་པར་གྱུར་པས། རེས་གཅིག་ཡབ་རྒྱགས་སྐྱེལ་དུ་བྱོན་དུས། དེར་འཁོད་ཚོས་གྲྭ་བ་དག་ན་རེ། ཁྱེད་ཀྱི་བུ་ཆུང་ངུ་འདི་ཐོ་ཅོ་ཆེ་བས། ངེད་ཅག་རྣམ་ཀུན་སུན་འབྱིན་ལ་རྣོ་བས་འདི་ཕྱིར་ཁྲིད་ན་འཐད་ཅེས་ཟེར་བ། ཡབ་ཀྱིས་སློབ་དཔོན་ལ་ཞུས་ནས་ཕྱིར་འཁྲིད་དམ་བྱས་པ་ལ། སློབ་དཔོན་གྱིས་དེ་སྐད་མ་ཟེར་ཅིག །ཁོས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་གོ་ནས་ཡོད་པས་ཡིན། དོན་མེད་ཀྱི་སུན་འབྱིན་མིན་གསུངས། ལོ་བཅུ་གཉིས་པ་ལ་མཚན་ཉིད་དང་ཚད་མའི་རིགས་ལམ་སྦྱང་། ཆོས་མཚམས་རྣམས་སུ་བྱིས་པའི་རྩེ་སར་ཡང་སློབ་དཔོན་གྱིས་གང་གསུངས་ཚད་ཆད་ལྷག་མེད་པ་སྤར་བཏབ་པ་ལྟ་བུ་ཤར་རེ་གསུངས་པར་མཛད། གང་གསན་པ་ཐམས་ཅད་ཚར་གཅིག་ཁོ་ནས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས་འཇམ་དཔལ་གྱི་སྤྲུལ་པར་ཡོངས་སུ་གྲགས་པ་བྱུང་། དགུང་ལོ་བཅུ་གསུམ་ན་གསན་བསམ་མཐའ་དག་རྫོགས་ཏེ་གསར་དུ་དེ་ལ་སུས་ཀྱང་བསླབ་པའི་སྐྱེད་འདོན་དུ་མེད་པ་ལྟ་བུར་གྱུར། བི་བརྟའི་པུས་ཏི་སོགས་ལ་བསླབ་པ་མེད་ཀྱང་གཟིགས་པ་ཙམ་གྱིས་མཁྱེན་པ་ཚེགས་མེད་པར་བྱུང་། སཾ་སྐྲྀ་ཏ་སོགས་སྐད་རིགས་སྣ་ཚོགས་དང་ཐ་ན་དུད་འགྲོ་རྣམས་ཀྱི་བརྡ་དང་སྐད་ཀྱི་རིམ་པ་ཡང་རང་བཞིན་གྱིས་མཁྱེན་པར་གྲགས། བྱིས་པ་ཆུང་ངུའི་དུས་ནས་སྨྲ་སྒོའི་འགྲེལ་པ་སོགས་བསྟན་བཅོས་མང་པོ་མཛད།ཆོས་ལ་མོས་པ་རྣམས་དང་། ཁྱད་པར་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ལ་ལས་དང་དངོས་གྲུབ་སྒྲུབ་པའི་གདམས་པ་སྣ་ཚོགས་ཀྱིས་ཕན་པ་ཚད་མེད་པར་མཛད། ཕྱི་ནང་གི་རིག་གནས་དང་གཙུག་ལག་ཐམས་ཅད་དང་། རིག་བྱེད་དང་། ཚད་མའི་བསྟན་བཅོས་དང་། ཚིགས་བཅད་དང་སྙན་ངག་གི་གཞུང་སོགས་འཕགས་བོད་དུ་ཡོངས་སུ་གྲགས་པ་རྣམས་ལྟ་ཅི་སྨོས་ཀྱི། སོ་སོའི་གཞུང་ཉི་ཙེ་བ་ཙམ་ལ་བརྟེན་པ་མིན་པའི་གཞུང་ལུགས་རྒྱ་ཆེ་མུ་མེད་པའི་རྣམ་བཞག་རང་བཞིན་གྱི་ཐུགས་ལ་མངའ་བས་སོ་སོ་ཡང་དག་རིག་པ་བཞི་ཐོབ་པའི་འཕགས་ཆེན་གྱི་མཚན་ཉིད་དངོས་སུ་གསལ་བར་གྱུར། མདོ་རྒྱུད་བསྟན་བཅོས་ཀྱི་རྒྱ་གཞུང་བརླིང་བ་སྔར་མ་གཟིགས་པ་རྣམས་ཀྱང་ཚར་རེའམ།མང་ཡང་གཉིས་ལས་ལྷག་པར་གཟིགས་མ་དགོས་པར་དེ་དག་གི་ཚིག་དང་དོན་གྱི་ཆ་མ་ལུས་པ་ཐུགས་སུ་ཆུད་ཅིང་། སླར་དཔེ་ལ་ལྟོས་མི་དགོས་པའི་མི་བརྗེད་པའི་གཟུངས་ཐོབ་པར་གྲགས། རྗེ་ཉིད་ཀྱི་ཞལ་ནས། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། བོད་དུ་འགྱུར་བའི་ཆོས་ཐམས་ཅད་མ་ཐོས་པ་མེད་དོ། །ཐོས་པ་ཧ་ཅང་མྱུར་བར་འཛིན་པ་ཡང་མ་ཡིན་ཏེ། ཆོས་ཐོས་པ་ཐམས་ཅད་ཚར་རེ་ལས་མ་དགོས་སོ།།ཞེས་གསུང་སྐད། འདི་ནི་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་ཆོས་ཚད་མེད་པ་སྐད་ཅིག་རེ་རེས་འཛིན་མོད་ཀྱི། ཐུན་མོང་གི་ངོར་གསན་བསམ་མཛད་ཚུལ་དང་བསྟུན་པའི་གསུངས་གོ་རྒྱུ་ཅན་ཡིན་པར་སྣང་ངོ་། །རྒྱ་བོད་ཀྱི་སྐད་སྦྱར་ནས་དོན་གྱི་འཇུག་ཚུལ་སྟོན་པའི་བརྡ་ཆད་ལ་འགྲན་ཟླ་མེད་ཅིང་། ཤེས་བྱ་མཐའ་དག་གི་དོན་ལ་རིགས་པའི་ལམ་གྱིས་མཐའ་རྗེན་པར་དཔོགས་པའི་མཁྱེན་རབ་དྲི་མ་མེད་པ། ཟབ་པ་དང་རྒྱ་ཆེ་བ་མྱུར་བའི་སྤོབས་པ་འགྲན་ཟླ་དང་བྲལ་བའི་དབང་གིས། ཕྱོགས་ཀྱི་གླང་པོའི་ཤེས་རབ།ཆོས་ཀྱི་གྲགས་པའི་བརྒལ་བརྟག །དབྱིག་གཉེན་ཞབས་ཀྱི་ཐོས་པ།ཙནྡྲ་གོ་མིའི་བརྗོད་པ། སློབ་དཔོན་དཔའ་བོའི་རྩོམ་པ་ལྔ་གང་ཟག་གཅིག་ལ་འཛོམ་པ་ལྟ་བུ་ཡིན།ཞེས་མཁས་པ་དུ་མས་ཚོགས་ཀྱི་དབུས་སུ་བསྟོད་པའི་འོས་སུ་གྱུར། ཁྱད་པར་སྒྲ་དང་ཚད་མའི་གཞུང་ལ་འདི་ལས་ལྷག་པ་བོད་དུ་མ་ཟད་འཕགས་ཡུལ་དུའང་མེད་ཅེས་དེ་དུས་ཀྱི་མཁས་པ་རྣམས་ཀྱིས་བསྔགས། གཞན་ཡང་དེ་དུས་ཀྱི་སྐྱེ་བོ་དག་གིས། མར་བ་ཚུར་སྟོན་ཡི་གེ་མཁས། །ཆོག་སྒྲིགས་གྲངས་ཀྱི་མེ་གྲགས་མཁས། །སྒྲ་ཚད་འགོས་ལོ་ཁུག་པ་མཁས། །ཐམས་ཅད་འཛོམ་པ་ཆོས་བཟང་ཙམ། །ཞེས་སོགས་དེ་འདྲ་བའི་ཚིགས་བཅད་སྣ་ཚོགས་མཚར་གཏམ་དུ་བྱས་པར་གྲགས།དེ་ལྟ་བུར་ཤེས་བྱ་མཐའ་དག་ལ་མ་རྨོངས་པའི་པཎྜི་ཏ་ཆེན་པོ་འདིས། གཞན་ལ་ཕན་པ་ཁོ་ནའི་ཐུགས་ཀྱིས་མདོ་དང་རྒྱུད་དང་རིག་གནས་དང་ཐ་ན་འཇིག་རྟེན་པའི་ཞིང་ལས་དང་། ཕྱུགས་སྐྱོང་བ།དཀར་ཤེ་ཇི་ལྟར་བསྒྲུབ་པ་ཚུན་ཆོད་ཀྱིས་བསྟན་བཅོས་ཆེས་མང་པོ་མཛད་དེ། སྔར་གྱི་ལོ་རྒྱུས་འགའ་ཞིག་ཏུ་པོ་ཏི་དྲུག་ཅུར་ལོང་བ་ཙམ་ཡོད་ཅེས་དང་། འགའ་ཞིག་དེ་ལས་གྲངས་མང་པོ་ཡོད་པར་བཤད། དེ་དག་ལས་སྔགས་ཀྱི་མན་ངག་ཕལ་ཆེ་བ་མཁའ་འགྲོས་གདན་དྲངས་ནས་སོང་ཞེས་ཀྱང་གྲགས། གདུལ་བྱའི་རྒྱུད་དང་དུས་མཁྱེན་པའི་མངོན་ཤེས་ཐོགས་མེད་མངའ་ཞིང་སྙིང་རྗེ་ཆེན་པོའི་ཐུགས་ཀྱིས་ཕན་འདོགས་པའི་ཆེད་དུ་བརྩམ་པ་འབའ་ཞིག་ཡིན་ཕྱིར། གང་བརྩམ་པ་དེ་དག་གདུལ་བྱའི་དོན་དུ་འགྱུར་བ་དང་། འདིས་མཛད་པའི་སྔགས་ཀྱི་གདམས་ངག་རྣམས་ཀྱང་སློབ་བརྒྱུད་པ་དག་གིས་ལུང་མ་ཐོབ་ཀྱང་ཡི་གེ་བཞིན་ཉམས་སུ་བླངས་པས་བྱིན་རླབས་ཀྱི་མཚན་མ་མ་བྱུང་བ་མེད་ཅེས་སྔར་ཡོངས་སུ་གྲགས་ཤིང་། སྐུ་གཤེགས་པའི་རྗེས་སུ་ཡང་ཁ་ཅིག་གིས་གསོལ་བ་བཏབ་པས་དངོས་སུ་བྱོན་ནས་གདམས་ངག་རྣམས་ཀྱི་དོགས་པ་བཅད་པ་སོགས་གསུང་རྣམས་བྱིན་རླབས་དང་ཕན་ཐོགས་ཁྱད་པར་འཕགས་པར་གྲགས། གཞུང་ལུགས་གང་རྩོམ་པར་ཞུས་ཀྱང་མི་མཁྱེན་པ་མེད་ལ། རྩོམ་པའི་ཚེ་གླེགས་བམ་བསྡུ་གཟིགས་སོགས་ལ་ཅུང་ཟད་ལྟོས་མི་དགོས་པར་ཐོགས་མེད་དུ་བརྩོམ་པར་མཛད་ཅིང་། དེ་ལྟར་བརྩམ་པ་རྣམས་ལ་ལུང་རྣམས་ཀྱི་ཚིག་ཟུར་ཙམ་ཡང་ཉམས་པ་མེད་ཅིང་། ཚིག་འབྲུ་བཟང་པོ། དོན་བཟང་པོ། རིགས་པ་དང་འབྲེལ་བ།སྒྲོས་གཙང་བ། ཚིག་དོན་གང་ཐད་ནས་ཆོས་དང་མི་མཐུན་པར་སྐྱོན་གདགས་པའི་གཞི་མི་སྲིད་པར་གྱུར་ཅིང་། གོ་བའི་གནད་གཏིང་ཕྱིན་པར་གསལ་བའི་བསྟན་བཅོས་རྣམ་དག་འབའ་ཞིག་ཏུ་བྱུང་བས།སངས་རྒྱས་ཀྱི་གསུང་དང་རྗེས་སུ་མཐུན་པར་མཁས་པ་མཐའ་དག་གིས་དང་དུ་ལེན་པར་གྱུར། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཝརྨ་དང་། མཉྫུ་ཤྲཱི་ཛྙཱ་ན་དང་། ཨུ་བཱ་ཡ་ཤྲཱི་མི་ཏྲ་དང་། བུདྡྷ་ཀ་ར་བྷ་དྲ་དང་། དེ་བཱ་ཀ་ར་ཙནྡྲ་དང་། པ་ར་མེ་ཤྭ་ར་དང་། ཨ་ཤོ་ཀ་བཛྲ་ལ་སོགས་པ་རྒྱ་གར་གྱི་པཎྜི་ཏ་མང་པོ་བསྟེན་ནས་དེ་དག་གི་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། རྟོག་པ་གསུམ་པ་དང་། གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་དང་། འཇམ་དཔལ་གསང་ལྡན་དང་། བདེ་མཆོག་རྩ་རྒྱུད་དང་། སྔགས་དོན་རྡོ་རྗེ་རབ་འབྱེད་སོགས་བཀའ་དང་བསྟན་བཅོས་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་ནང་ན་ཕུལ་དུ་བྱུང་བའི་ཚད་དུ་འཇོག་པ་བྱུང་།རྒྱ་གར་གྱི་པཎྜི་ཏ་དེ་ཀུན་ན་རེ། ངྷ་རྨ་བྷ་དྲ་ཁྱོད་ཆོས་མང་བ་རྩོམ་ལ་འགྲོ་བ་རྣམས་སྐྱོབས་ཤིག །ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག །སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་མི་ཤེས་པས་ཀྱང་ངེད་རྒྱ་གར་ཕྱོགས་སུ་ཆོས་རྩོམ་པ་མཐོང་ན་ཁྱོད་ཅིའི་ཕྱིར་མི་རྩོམ་ཞེས་གསུངས། སྔར་སྐུ་ན་གཞོན་པའི་དུས་ཤིག །མདོ་སྟོན་སེང་གེ་བྱ་བ་ལས་སྔ་འགྱུར་གྱི་ཆོས་སྐོར་གསན་པའི་ཚེ་མནལ་ལམ་དུ། གསང་བ་སྙིང་པོས་ཟན་བྱས།སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་ནས་གསོལ་བ་རྨིས་པ། སློབ་དཔོན་ལ་ཞུས་ཚེ་ཆོས་དེ་དག་ཁོང་དུ་ཆུད་པའི་རྟགས་ཡིན་པས་ཁྱོད་ཀྱིས་དེ་དག་ལ་འགྲེལ་པ་གྱིས་གསུངས་པས་བླ་མའི་བཀའ་བསྒྲུབ་ཕྱིར།སྔགས་ཀྱི་བསླབ་པ་གསུམ་ལ་བརྟེན་པའི་མན་ངག་གསུམ་མཛད་དེ།ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་དོན་གྱི་ངེས་བརྗོད་དམ་ཚིག་མདོ་རྒྱས།ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་སྟོན་སླད། འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་བྱེད་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་གསུམ་དང་། གཞན་ཡང་མཉམ་སྦྱོར་འགྲེལ་པ།ངན་སོང་སྦྱོང་རྒྱུད་འཇིགས་བྱེད་སོགས་གཤེད་སྐོར་གྱི་འགྲེལ་པ་དང་མན་ངག་སྣ་ཚོགས་དང་། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་སོགས་བསྟན་བཅོས་གྲངས་ཤིན་ཏུ་མང་པོ་མཛད་པ་ལ། དུས་དེའི་བོད་རུ་བཞིའི་མཁས་པ་ཕལ་མོ་ཆེ་ལས། ཁ་ཅིག་གིས་གུས་པས་དང་དུ་བླང་།སངས་རྒྱས་དངོས་ཀྱི་སྤྲུལ་པར་གྲགས་པ་ཡང་བྱུང་། ཁ་ཅིག་གིས་བོད་དུ་སྐྱེས་པ་ཞིག་གིས་རྒྱ་གར་མཁས་པ་རྣམས་ཀྱི་བསྟན་བཅོས་ལས་ཀྱང་མང་བ་དེ་ཙམ་རྩོམ་པ་ཇི་འདྲ་བ་ཞིག་ཡིན་ནམ་སྙམ་དུ། ཤབ་ཀྱི་ཡང་ཁྱེད་བླ་མ། མར་བ་དོ་བ། འུ་ཡུག་པ་མདའ་བ་བསམ་གཏན། མདོའི་ཁྱུང་པོ་ཧཱུཾ་སྙིང་། སེ་ཁྲོཾ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། སྤང་ཁ་དར་ཆུང་། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་སོགས་མཁས་པ་དུ་མས་སུན་འབྱིན་ནུས་སམ་སྙམ་དུ་ཁྱུ་མཆོག་རྭ་བརྡར་བ་ལྟར་རྗེ་འདི་ཉིད་ཀྱི་དྲུང་དུ་ཕྱིན་པ་ན། བདག་ཉིད་ཆེན་པོ་སྨྲ་བའི་སེང་གེ་རྣམ་པར་བསྒྱིང་བ་འདི་ཉིད་ཀྱིས་ལུང་དང་རིགས་པ་དང་། སྒྲ་དང་དོན་གྱི་རྣམ་བཞག་དཔྱིས་ཕྱིན་པའི་གསུང་གདོང་ལྔའི་སྒྲ་དབྱངས་ཐོས་པ་ཙམ་ནས་ཁེངས་པའི་རི་བོ་བསྙིལ་ཏེ་ཞབས་པད་གུས་པའི་གཙུག་གིས་ལེན་པའི་སློབ་མ་ཤ་སྟག་ཏུ་གྱུར་པར་གྲགས། གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་ཐོས་པ་མང་པོའི་གཟུངས་ཐོབ་པར་གྲགས་པ་དེས་ཀྱང་དང་པོར་ཁ་བཏང་བྱས། བར་དུ་ཐེག་ཆེན་ཚུལ་འཇུག་མཐོང་བས་གུས་པ་ཆེན་པོ་སྐྱེས་ནས། མཐར་ཟང་ཟིང་མང་པོས་བསྙེན་བཀུར་བཅས་སྔར་གྱི་རང་ཉེས་བརྗོད་དེ་བཤགས་ཤིང་རྗེས་སུ་བཟུང་བར་གསོལ་བ་བཏབ་སྟེ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ།འཇམ་དཔལ་གསང་བའི་རྒྱུད་སོགས་ཆོས་མང་དུ་གསན། གསང་རྒྱུད་གསན་སྐབས་རོང་ཟོམ་པཎྜི་ཏ་ཆེན་པོའི་ཞལ་ནས། འོ་སྐོལ་ལ་ད་ལྟ་རྒྱ་དཔེ་ཡོད་ན་འགྱུར་འདི་འདྲ་ཞིག་ཐོབ་པ་ཡིན་ཚུལ་གསུངས་པ། གོ་རུབ་ལོ་ཙཱ་བས་ཡིད་ལ་བཟུང་ནས་ཕྱིས་ཇོ་བོ་ཀྲྀཥྞ་ཞེས་བྱ་བའི་པཎྜི་ཏ་ལས་རྒྱ་དཔེ་བྱུང་བ་གཟིགས་ཤིང་དེ་ལས་མཉན་པས་རོང་ཟོམ་ཆེན་པོས་ཇི་སྐད་གསུངས་པ་བཞིན་བྱུང་བས་ཤིན་ཏུ་གུས་པ་ཐོབ་ཅིང་རྒྱ་དཔེ་རོང་ཟོམ་པའི་ཕྱག་ཏུ་ཕུལ་ནས་རྒྱུད་ལ་འགྱུར་བཅོས་མཛད་ཅིང་སླར་ཡང་བཤད་པ་གསན་སྐད།ལོ་རྒྱུས་འདི་དག་ངོར་ཆེན་གྱི་སྦྱོང་རྒྱུད་རྣམ་བཞག་དུ་ཡང་གསུངས། ཚུལ་དེ་དང་ཆ་མཚུངས་རོང་ཟོམ་ པའི་ངོ་མཚར་ལོ་རྒྱུས་དུ་མ་གསར་མའི་ལོ་ཙཱ་བ་དག་གི་གསུངས་པ་རྣམས་ན་སྣང་། མར་པ་ཆོས་ཀྱི་དབང་ཕྱུག་སོགས་བོད་ཀྱི་ལོ་ཙཱ་བ་དང་མཁས་པར་གྲགས་པའི་བློ་ལྡན་མཐའ་དག་གིས་ཞབས་ལ་བཏུད་ཅིང་མཁས་པའི་རྣམ་ཐར་རྩོད་མེད་དུ་ཡོངས་སུ་གྲགས། དེང་སང་ཡང་འདིའི་བསྟན་བཅོས་ཆེ་ཕྲ་གང་ཡང་རང་ལ་བློ་མིག་ཡོད་པ་སུས་བལྟས་ཀྱང་འགྲན་ཟླ་མེད་པའི་ཡིད་ཆེས་སྐྱེ་བ་ལ་བསྙོན་དུ་མེད།དེའི་ཕྱིར་བོད་གངས་ཅན་ན་འདི་དང་མཚུངས་པའི་མཁས་པ་ནི་སུ་ཡང་མ་བྱུང་ཞེས་འགོས་ལོ་ཆེན་པོ་སོགས་ཀྱིས་བསྔགས་ཤིང་ཡོངས་སུ་གྲགས་པའོ། །དེ་ལྟར་སུས་ཀྱང་འགྲན་དུ་མེད་པའི་སྨྲ་བའི་དབང་ཕྱུག་ཆེན་པོའི་གོ་འཕང་ཐོབ་ཀྱང་བདག་བསྟོད་དང་ཁེངས་པའི་རྣམ་པ་ཆ་ཙམ་ཡང་མི་མངའ་བར་དམན་ས་འཛིན་ཅིང་ཞི་དུལ་གྱི་སྤྱོད་ལམ་སྐྱོང་བ་སློབ་དཔོན་ཞི་བ་ལྷའི་ངང་ཚུལ་ལ་གནས་ཤིང་། གཞན་ལ་གནོད་སེམས་དང་ཁྱད་གསོད་མེད་པར་ཤིན་ཏུ་བྱམས་ཤིང་བཟོད་པའི་སྟོབས་དང་ལྡན་པའི་ཕྱིར་བདག་ཉིད་ཆེན་པོ་འདིས་ཆོས་ལམ་ལ་ཞུགས་པ་དག་ལ་ཆོས་ཀྱི་སྦྱིན་པ་དང་། ཕལ་པ་དག་ལ་ཟང་ཟིང་གི་སྦྱིན་པ་སེར་སྣས་མ་གོས་པའི་གཏོང་བ་ལྷུག་པར་མཛད་ཅིང་གདུལ་བྱ་མཐའ་དག་སྙིང་རྗེ་ཆེན་པོས་ཡལ་བར་མི་འདོར་བའི་བརྩོན་པ་དང་། སྲུང་སྡོམ་དང་ཐུགས་དམ་ནོར་བུ་རིན་པོ་ཆེ་དང་སྲོག་གི་དབང་པོ་ལྟར་གཅེས་སྤྲས་མཛད་ཅིང་གཞན་ཡང་དེ་ལ་འགོད་པ་སོགས་དམ་པའི་རྣམ་ཐར་རྩོལ་མེད་ངང་གིས་གསལ་བ་དང་། བྲག་མེ་ལོང་གི་ངོས་ལྟ་བུར་མཐོ་ཞིང་ཡངས་ལ་གཟར་བར་བྱ་ལྟར་འཕུར་བ་དང་། བྲག་ལ་ཕུར་པ་བཏབ་པ། ནམ་མཁར་འཕུར་བ། བོད་ཀྱི་ལྷ་འདྲེ་རྣམས་ཀྱི་གནས་དང་སྤྱོད་པ་མཁྱེན་པ།གདུལ་བྱའི་རྒྱུད་མཁྱེན་པ་སོགས་ཐ་མལ་པ་རྣམས་ཀྱིས་ཡ་མཚན་དུ་བྱེད་ཅིང་གྲུབ་པའི་རྟགས་སུ་མངོན་པ་ཚད་མེད་པ་ཡོད་པར་དེ་དུས་ཀྱི་སྐྱེ་བོ་རྣམས་ལ་ཡོངས་སུ་གྲགས་མོད་ཀྱི། སོ་སོ་ཡང་དག་རིག་པ་བཞི་ཐོབ་པའི་འཕགས་ཆེན་འདི་ལྟ་བུ་ལ་དེ་འདྲའི་མངོན་རྟགས་ཕྲ་མོ་བགྲང་བ་ཙམ་ཡ་མཚན་གྱི་གཏམ་དུ་མི་འགྱུར་བས་སྨྲོས་མ་དགོས་སོ། །བདག་ཉིད་ཆེན་པོ་འདི་བོད་གངས་ཅན་དུ་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ཆེད་དུ་རྟེན་སྔགས་པ་རྡོ་རྗེ་འཛིན་པ་ཆེན་པོའི་རྣམ་པར་བཞུགས་ཤིང་།དགུང་ལོ་བརྒྱ་དང་བཅུ་དགུར་བཞུགས་ཏེ་སྐུ་ལ་སྙུན་མེད་པར་གཤེགས། སྲས་བརྒྱུད་རྣམས་ཕྱི་དུས་བར་བྱོན་ཞིང་ཕུར་པའི་གྲུབ་པ་ཐོབ་པ་ཤ་སྟག་ཏུ་གྱུར། སློབ་བརྒྱུད་ནི་གོ་རུབ་ལོ་ཙཱ་བ། མར་པ་དོ་བ། འགོས་ལ་སོགས་པའི་ལོ་ཙཱ་བ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་སོགས་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་ཅིག་ཞ་མའི་མིང་པོ་རྗེ་དགོན་ཕུ་བ་སོགས་སྒོམ་ཆེན་རྣལ་འབྱོར་དབང་པོ་བརྒྱ་དང་བརྒྱད་ཅུ། ཡོལ་ལྕགས་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་། ཡང་ཁྱེད་བླ་མ་སོགས་གདུགས་ཐོགས་ལྔ་བརྒྱས་མཚོན་པའི་སློབ་ཚོགས་བྱུང་བར་བཤད། ཁྱད་པར་གསང་སྔགས་སྔ་འགྱུར་གྱི་ཆོས་བཀའ་པདྨ་འབྱུང་གནས། བི་མ་མི་ཏྲ། བཻ་རོ་ཙ་ན་སོགས་ཀྱི་གདམས་པ་ཐམས་ཅད་རོང་ཟོམ་ཆེན་པོ་ལ་འདུས་ཤིང་བཀའ་བབས་པས། ཉམས་ལེན་གྱི་གཙོ་བོ་སྔ་འགྱུར་པའི་ཆོས་ལ་མཛད། མ་གཤིན་ཕུར་པའི་བསྙེན་སྒྲུབ་མཐར་ཕྱིན། དེའི་མཐུས་བོད་ཡུལ་གྱི་སྡེ་བརྒྱད་ཀུན་ཀྱང་དབང་དུ་འདུས་ནས་སྲོག་སྙིང་ཕུལ། བོད་ཀྱི་ལྷ་འདྲེ་རྣམས་ཀྱི་སྲོག་སྙིང་དང་མཐུན་རྫས་སོགས་ཀྱི་གདམས་པ་སྣ་ཚོགས་མཛད། སྐུ་ཚེའི་མཇུག་ལ་ཉིད་ཀྱི་སྲས་མོ་ཡེ་ཤེས་མཁའ་འགྲོ་མ་མི་ཡི་བུ་མོའི་ཚུལ་འཛིན་པ་ལེགས་སྦྱར་གྱི་སྐད་འབའ་ཞིག་སྨྲ་བ་དེ་ལ་རོང་ཟོམ་པ་ཉིད་ཀྱིས་ལེགས་སྦྱར་ཁོ་ནའི་སྐད་ཀྱིས་ཆོས་མང་པོ་གསུང་། བུ་མོ་དེ་དགུང་ལོ་བཅུ་དྲུག་བཞེས་དུས་རྡོ་ཁྲི་རྒྱབ་ཡོལ་མར་རྗེ་ཉིད་བཞུགས་ནས་རྒྱུད་བཤད་གནང་བའི་ཚེ། བུ་མོ་དེ་དངོས་སུ་འཕུར་ནས་མཁའ་སྤྱོད་དུ་སོང་། གསང་མཚལ་ཐིགས་པ་ཞིག་ཆོས་ཁྲིའི་མདུན་དུ་ལྷུང་བ་ལས་སྨན་སེ་བའི་སྡོང་པོ་མེ་ཏོག་སྣ་ལྔ་འཆར་བ་ཞིག་མོས་པའི་རྟེན་དུ་བཞག་པ་དེའི་མེ་ཏོག་ལྔ་ཀ་མཐོང་བའི་མི་རྒན་གཉིས་ཙམ་སྣང་ཡང་ད་ལྟ་ནི་དཀར་སེར་གཉིས་ལས་གཞན་མི་སྣང་ཞེས། རོང་ཟོམ་པའི་རྟོགས་བརྗོད་ཡལ་འདབ་བཞི་པ་ཞེས་པ་དབུས་སྤར་དུ་འཁོད་པ་ལས་བཤད། མདོར་ན་རྗེ་འདི་ཉིད་ངེས་པར་འཕགས་ཆེན་གྱི་ས་ལ་བཞུགས་པའི་གང་ཟག་འགྲན་ཟླ་དང་བྲལ་བ་ཡིན་པས་འདིའི་མཁས་པ་དང་གྲུབ་པའི་རྣམ་ཐར་མཐའ་དག་ཕལ་བའི་བློས་དཔག་པར་མི་ནུས་མོད་ཀྱི། ཐུན་མོང་གི་ངོར་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བའི་མཁས་པའི་རྣམ་ཐར་རྩོད་མེད་ཡོངས་སུ་གྲགས་པའི་ཆ་ཤས་འདི་ཙམ་ཞིག་རྗེ་ཉིད་ཀྱི་དངོས་སློབ་ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་ གིས་བྲིས་པ་ལ་བརྟེན་ནས་འགོས་ལོ་ཆེན་པོའི་དེབ་སྔོན་དུ་བཀོད་པ་ལ་གཞི་བྱས།བོད་སྔ་རབས་པའི་མཁས་པ་དག་གི་གསུང་ལས་ཁོལ་བུར་བྱུང་བ་རེ་ཟུང་གིས་བརྒྱན་ཏེ་ཅུང་ཟད་བརྗོད་པ་ཡིན་ལ། དེ་ལྟར་མཁས་པའི་རྒྱལ་པོ་པཎྜི་ཏ་ཆེན་པོ་འདིའི་གསུང་རབ་ངོ་མཚར་ཅན་མང་དུ་བཞུགས་པ་ཕྱིས་སུ་དཔེ་རྒྱུན་དཀོན་པར་གྱུར་ན་ཡང་ཅི་རིགས་མཇལ་དུ་ཡོད་པ་འདི་ནི་རྒྱལ་སྲས་གཞན་ཕན་པའི་ཐུགས་བསྐྱེད་ལས་བྱུང་བ་ཡིན་ལ། དེ་ཡང་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་ཞེས་པ་མཁན་ཆེན་བོ་ངྷི་སཏྭ་དང་། ལོ་ཆེན་བཻ་རོ་ཙ་ནའི་ཐུགས་རྗེའི་རྣམ་འཕྲུལ་གཅིག་ཏུ་བསྡུས་པར་དམ་པའི་ལུང་གིས་ཟིན་པ་འདི་ཉིད་སྐུ་ཆུང་ངུའི་དུས་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་། གསར་རྙིང་ཡོངས་འཛིན་དུ་མ་བསྟེན་ནས་གསན་བསམ་རྒྱ་མཚོའི་མཐར་ཕྱིན། གསང་སྔགས་ལམ་གྱི་དྲོད་རྟགས་མངོན་དུ་གྱུར། ཁྱད་པར་བོད་ཡུལ་འདིའི་དུས་སྐབས་ཀྱི་རྒུད་པ་ཆེན་པོ་སེལ་བའི་གང་ཟག་ཁྱད་པར་ཅན་ཡིན་ཏེ་སྐུ་ན་ཆུང་ངུ་བྱིས་པ་རི་ལ་ཡན་པའི་སྐབས་ཞིག་ཏུ། བསམ་ཡས་མེ་འཇིགས་བཟློགས་ཚུལ་གྱི་ཁ་བྱང་ཕྱག་ཏུ་འབྱོར་ཀྱང་བཏང་སྙོམས་སུ་ལུས་པ།ཕྱིས་བསམ་ཡས་ལ་མེའི་འཇིགས་པ་བྱུང་བ་གསན་ནས་ཐུགས་འགྱོད་ཆེན་པོ་བྱས། ཡང་ལྷ་སར་ཆུས་འཇིགས་བཟློག་པའི་ལུང་བྱང་ཡོད་པ་བཞིན་དེ་དོན་སུ་ལའང་མ་གསུང་བར་སྦས་ཚུལ་གྱིས་ལྷ་ལྡན་དུ་ཕེབས་ཏེ་ཕྱག་རྡོར་དྲེགས་འདུལ་གྱི་སྐུ་མཚམས་སོགས་ལུང་བྱང་ལྟར་མ་ཡོལ་བར་བསྒྲུབ་པས་དེ་སྐབས་ལྷ་སར་ཆུ་གནོད་ཆེན་པོ་བྱུང་ཡང་བཟློག་པར་གྱུར་པ་སོགས་རྒྱལ་དབང་པདྨའི་ཕྲིན་ལས་ཀྱི་བྱེད་པོ་གཏེར་སྟོན་ཆེན་པོའི་སྐལ་བ་ཅན་ཡིན་ཞིང་། སྔ་མར་ཚངས་སྤྱོད་རྣམ་དག་གོས་དཀར་ལྕང་ལོའི་ཆ་བྱད་ཅན་དུ་བཞུགས་ཤིང་། ངེས་མེད་ཀྱི་གནས་སུ་སྒྲུབ་པའི་རྒྱལ་མཚན་འཛུགས་པའི་དགོངས་པ་མངའ་ལ། རྩ་རླུང་དང་བསྐྱེད་རྫོགས་ལ་ནུས་པ་ཐོན་པ་དང་བརྟུལ་ཞུགས་ཆེན་པོ་དང་ལྡན་པའི་རྣལ་འབྱོར་དབང་ཕྱུག་གི་ས་གནོན་ངེས་ཞིག་ཡིན་ན་ཡང་། རེས་གཅིག་སྔར་གྱི་ཇོ་འབྲོམ་ཡབ་སྲས་ཀྱི་དགོངས་བཞེད་ལྟར། རང་རང་སོ་སོའི་ཉམས་ལེན་ལ་གསང་སྔགས་ལས་ཟབ་པ་གང་ཡང་མེད་ཅིང་། གཅིག་པུར་དབེན་པར་བརྟེན་ན་གྲུབ་འབྲས་རེ་མངོན་དུ་འགྱུར་མོད་ཀྱི།བསྟན་འགྲོ་སྤྱི་ལ་མདོ་སྔགས་བཤད་སྒྲུབ་ཞིག་འཛུགས་པས་ཕན་པར་དགོངས་ཞིང་ལྷ་དང་བླ་མ་མཁའ་འགྲོའི་ཚོགས་ཀྱིས་བསྐུལ་བ་ལ་བརྟེན་ནས། རང་དོན་གལ་ཆུང་དུ་བཞག །བསྟན་དོན་ཁུར་དུ་བསྣམས་ཏེ།བསྟན་པ་སྤྱིའི་འཇུག་སྲོལ་གྱི་རིམ་པ་སྔར་ཆོས་རྒྱལ་ཆེན་པོས་བཀས་བཅད་པ་ལྟར་སྤྱོད་པ་མཁན་པོའི་ལུགས་དང་། ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་དང་། ཉམས་ལེན་པདྨ་དང་བི་མའི་ལུགས་ལྟར་གསང་སྔགས་ལ་བྱས་ན་སྔ་འགྱུར་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་དུས་ཀྱི་མཐར་ཡང་ཅུང་ཞིག་དར་རྒྱས་སུ་འགྱུར་སྙམ་པ་ཐུགས་ལ་བཞག་སྟེ། དབུ་རེག་ཞབས་རྗེན་ངུར་སྨྲིག་འཆང་བའི་བརྟུལ་ཞུགས་དང་དུ་བཞེས་ནས་འདུལ་བའི་གནང་བཀག་ལ་ཚུལ་བཞིན་དུ་བསླབ་པས་རང་བཞིན་ངང་གིས་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་འཕགས་པ་ཉེ་བ་འཁོར་དང་མཚུངས་པར་བསྔགས་འོས་པ། གང་ཟག་སུས་མཇལ་ཀྱང་ཐ་མལ་དུ་འཛིན་པའི་བློ་ལོག་སྟེ་འདི་ནི་འཕགས་པའི་གནས་བརྟན་བཅུ་དྲུག་གི་ནང་ནས་གཅིག་ཡིན་སྙམ་པ་ཕལ་ཆེར་ལ་བྱུང་ཞེས་གླེང་། གཞུང་ལུགས་རྣམས་ཀྱི་ཟབ་དོན་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་རླབས་ཆེ་བ་ཐོབ་པས་སྔ་འགྱུར་རིང་ལུགས་ཀྱི་ལྟ་གྲུབ་ཟབ་མོའི་ཁྱད་པར་འཛིན་པ་ལ་རྒོལ་བ་གང་གིས་ཀྱང་གླགས་མི་རྙེད་པའི་སྤོབས་པ་རྡོ་རྗེ་ལྟ་བུ་ཐོབ། ས་དགེ་སོགས་ཀྱི་དགེ་བཤེས་མཁས་པ་དུ་མ་དང་འབེལ་བའི་གཏམ་བྱས་པ་ཙམ་ནས་རྨད་དུ་བྱུང་བའི་མཁས་པ་ཆེན་པོར་ངེས་པ་རྙེད་དེ་ཞབས་ཀྱི་པདྨོ་གུས་པས་དང་དུ་ལེན་པ་བྱུང་། རྟག་ཏུ་བཤད་སྒྲུབ་ཀྱི་བྱ་བ་ལ་ཐུགས་གཞོལ་ཤིང་དབུས་གཙང་ཁམས་གསུམ་ཀུན་ཏུ་རྙིང་མའི་དཔེ་རྙིང་གི་བསྡུ་རྩོལ་མཛད་ཅིང་། འདུལ་བ་ཀ་རི་ཀ་ནས་དཔལ་ལྡན་གསང་བ་སྙིང་པོ་དང་། རྫོགས་པ་ཆེན་པོའི་བར་གྱི་མདོ་རྒྱུད་བསྟན་བཅོས་ཀྱི་བཤད་གྲྭ་རྒྱ་ཆེ་བ་དང་དེའི་ཆ་རྐྱེན་ཡིག་ཆ་སྤར་དུ་འགོད་པ་སོགས་ཀྱི་ཐུགས་ཁུར་བཞེས། རྡོ་གྲུབ་དབང་རིན་པོ་ཆེས་ལུང་བསྟན་པ་ལྟར་རུ་དམ་རྫོགས་ཆེན་གྱི་གནས་འདིར་ཕེབ་པ་དང་། སངས་རྒྱས་དངོས་བྱོན་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་ཀྱང་ཡེ་ཤེས་ཀྱི་གཟིགས་པས་དམ་པ་འདིའི་ཡོན་ཏན་གྱི་ཆེ་བ་བསྔགས་ཤིང་གནས་འདིར་བཞུགས་དགོས་པ་དང་བཤད་སྒྲུབ་ཀྱི་སྲོལ་ཀ་བཏོད་པའི་བཀའ་ལུང་གནང་བ་ལྟར། མདོ་སྔགས་བསྟན་བཅོས་ཀྱི་གཞུང་བཤད་ཅི་རིགས་དང་། བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས། བཀའ་མའི་སྒྲུབ་ཆོག་རྣམས་སྤར་དུ་བཀོད་པ་སོགས་ཀྱི་ཕྲིན་ལས་བསྐྱང་བས་རྙིང་བསྟན་གྱི་གསོས་ཆེན་པོར་གྱུར་ཅིང་། དེང་སང་ཕྱོགས་གང་ནའང་བྱམས་ཆོས་དང་དབུ་མ་སོགས་གཞུང་ལུགས་རྣམས་སྦྱང་བརྩོན་གྱི་སྲོལ་ཅི་རིགས་ཚུགས་པ་དང་། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་ཀྱང་རྙིང་ཕྱོགས་རྣམས་དང་། མདོ་ཁམས་འདིའི་གྲུབ་མཐའ་གཞན་པའི་དགོན་སྡེ་སྔར་དབྱར་གནས་སོགས་མེད་པ་རྣམས་སུ་ཡང་ངང་གིས་ཁྱབ་ཅིང་། བཀའ་འགྱུར་རོ་ཅོག་གི་ལུང་རྒྱུན་ཀྱང་ཇེ་བས་ཇེ་འཕེལ་དུ་ས་སྟེང་ཁྱབ་པར་བྱུང་བ་དམ་པ་མཆོག་འདིའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་ཁོ་ནས་བྱུང་ལ། མཁས་བཙུན་བཟང་པོའི་ཡོན་ཏན་ཕུལ་ཏུ་བྱུང་ཞིང་། སྔ་འགྱུར་བའི་རིང་ལུགས་བཤད་སྒྲུབ་ཀྱི་སྲོལ་རྨང་ནས་གསོ་བའི་ཐུགས་བསྐྱེད་རླབས་པོ་ཆེ་དང་ལྡན་པ་འདི་སྐུ་ཚེ་མཐར་ཕྱིན་པར་བཞུགས་ན་བསྟན་པའི་མངའ་ཐང་དབྱར་མཚོ་ལྟར་རྒྱས་པར་གོར་མ་ཆགས་ཀྱང་། དེ་ལྟ་བུ་འགྲོ་བའི་བསོད་ནམས་ཀྱིས་མི་ཐུབ་པ་དང་། རྗེ་ཉིད་རྟེན་སྔགས་པ་མཛད་ན་སྐུ་ཚེ་མཐར་ཕྱིན་དང་གསང་སྔགས་ཀྱི་ཕྲིན་ལས་ལ་ཕན་པ་འོང་བར་གཟིགས་ནས་དམ་པ་འགས་སྐུལ་ཀྱང་མ་གསན་པར།ཁོ་བོ་སྟོན་པ་མཆོག་དེའི་བརྟུལ་ཞུགས་ཀྱི་རྗེས་སུ་སློབ་པའི་རྟེན་འདི་ལས་མ་འགྱུར་བར་ཤི་ན་རང་དོན་དུ་འགྱོད་པ་གང་ཡང་མེད་ལ།གཞན་དོན་དུ་ནི་ཕྱོགས་གང་ནས་ཀྱང་བསྟན་པའི་བྱ་བ་འདིའི་འཕྲོ་མཐུད་དེ་བརྩོན་པ་མི་ལྷོད་པ་སྨོན་ལམ་གྱི་དབང་གིས་འོང་ཞེས་གསུངས་ཤིང་།སྐུ་འདའ་བའི་ནུབ་མོ་ཁོ་ནར་དེ་བཞིན་གཤེགས་པ་ལ་གནང་བ་ཞུས་ཏེ་སྐུ་ཆིངས་དཀྲོལ་ནས་དྲན་བཞིན་ཤེས་བཞིན་དུ་གཟིམ་པ་ལས་དུས་རྒྱུན་སྐུ་ཆིངས་མི་གྲོལ་ཞིང་ཉལ་སྙེས་འཕྲེས་པ་སོགས་ཀྱི་སྤྱོད་ལམ་འདུལ་བ་དང་མི་མཐུན་པའི་ཉེས་བྱས་ཕྲ་མོ་ཙམ་གྱི་ཀུན་སྤྱོད་ཀྱང་མི་མངའ་བ་ཡིན་ཞེས། སྔར་ཁ་བྱང་བབ་ཚུལ་དང་། གསུང་འཕྲོས་འདི་དག་རྗེ་ཉིད་ཀྱི་སྐུ་ཚེ་སྨད་ཀྱི་ཞབས་ཞུར་རྟག་ཏུ་སྡོད་པ་དགེ་བའི་བཤེས་གཉེན་པདྨ་བཟང་པོ་ལ་ནང་འཕྲོས་སུ་གནང་བ་ཙམ་ལས་གཞན་ཡོངས་གྲགས་སུ་མ་གྱུར་ཀྱང་། བླ་མ་དེ་ལས་བདག་གིས་དངོས་སུ་ཐོས་པ་ལྟར་འདིར་སྒྲོ་འདོགས་རྡུལ་ཙམ་དང་མ་འདྲེས་པར་བྲིས་པ་ཡིན་ནོ། །བདག་ཉིད་ཆེན་པོ་དེའི་དངོས་སློབ་ཀྱང་དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ་སོགས་བདག་ཉིད་ཆེན་པོ་དུ་མ་དང་། བསླབ་པ་གསུམ་གསེར་ལྟར་དག་པའི་མང་ཐོས་དགེ་བའི་བཤེས་གཉེན་ཤིན་ཏུ་མང་པོར་བྱུང་བ་འཕྲོས་དོན་དུ་སྨྲོས་ནས།སྐབས་ཀྱི་བརྗོད་བྱ་སྐུ་ཞབས་གཞན་ཕན་པ་དེ་ཉིད་ཀྱིས། གངས་ཅན་འདི་ན་འགྲན་ཟླ་དང་བྲལ་བ་རོང་ཟོམ་པཎྜི་ཏའི་གསུང་རབ་རྣམས་དབུས་གཙང་གི་ཕྱོགས་ཀུན་ཏུ་འབད་པ་སྣ་ཚོགས་ཀྱིས་བཙལ་ནས་རྙེད་པ་པོད་གཉིས་སུ་ལོང་བ་འདི་དག་སྤར་དུ་བཀོད་པར་མཛད་པའི་ཚེ།གསང་སྙིང་འགྲེལ་པ་ནི་རྗེ་དེའི་དངོས་སློབ་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་གླིང་སྤྲུལ་བའི་སྐུས་རམ་འདེགས་སུ་བསྒྲུབ་ཅིང་དེ་མིན་འཕྲོས་རྣམས་རྒྱལ་སྲས་གཞན་ཕན་པ་ཉིད་ཀྱིས་བསྐྲུན་པར་མཛད་མོད།སྙིགས་དུས་བསྟན་འགྲོ་སྤྱི་སྒེར་བསོད་ནམས་དམན་པའི་སྟབས་ཀྱིས་རྒྱལ་སྲས་གཞན་ཕན་པ་ཉིད་སྐུ་གཤེགས་ནས་མཛད་པ་འཕྲོ་ཅན་དུ་ལུས་པའི་སྤར་ཤིང་རྣམས་ཕལ་ཆེར་ཁ་བྱང་མ་བསྒྲིགས་པ་དང་། ནག་ཐུམ་བཅད་པ་དང་ཞུ་བཅོས་སོགས་མ་གྲུབ་པར་དེ་གར་ལུས་པ་ལ། སླད་ནས་སྐུ་ཞབས་གཞན་ཕན་པ་མཆོག་གི་སྤྲུལ་པའི་སྐུ་གཞན་ཕན་ཆོས་ཀྱི་སྣང་བ་ཉིད་ཀྱིས་སྐུ་ན་ཆུང་བའི་དུས་ནས་སྤར་ཤིང་ཞུ་བཅོས་སོགས་བགྱིད་འདུན་མཛད་ཀྱང་། སྟབས་ཀའི་དབང་གིས་ཕྲལ་དུ་མ་གྲུབ་ལ། ཕྱིས་སུ་ནི་ཁོང་ཉིད་ལོ་མང་པོར་བཅད་རྒྱ་དམ་པོས་བསྙེན་སྒྲུབ་ལ་གཞོལ་བའི་སྐབས་ཀྱིས་རེ་ཤིག་དེ་གར་ལུས་པ་ལ། ཁོ་བོ་མི་ཕམ་མིང་ཅན་པས་ཀྱང་སྔ་ནས་བསྟན་བཅོས་ཆེན་པོ་འདི་དག་གི་སྤར་གྱི་ཞུ་དག་རེ་བསྒྲུབ་འདུན་ཡོད་པ་དང་། གཞན་འགའ་ཟུང་གིས་བསྐུལ་མོད་ཀྱི། ནད་ཀྱིས་མི་ལྕོགས་པའི་ངང་དུ་ཅི་བྱ་མེད་པར་གྱུར་ཀྱང་། རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ལོའི་དབྱར་ཕྱོགས་ཀྱི་ཚེ། མཆོག་གསུམ་གྱི་ཐུགས་རྗེ་དང་དམ་པ་གོང་མ་རྣམས་ཀྱི་ལེགས་སྨོན་གྱི་མཐུས་སྐུ་ཞབས་སྤྲུལ་པའི་སྐུ་དང་གླེང་འཕྲོས་བྱུང་འཕྲལ་ཁོང་གིས་ཀྱང་ལེགས་སོའི་གསུང་དང་དགྱེས་པའི་གནང་སྐྱེས་བཅས་རིང་མོ་ནས་བརྣག་པ་འདི་བཞིན་ཁྱོད་ཀྱིས་སྒྲུབ་ན་ལེགས་ཚུལ་དང་། སྤར་གྱི་མ་ཕྱིའི་དཔེ་རྣམས་ཀྱང་སྐུ་ཞབས་གོང་མའི་ཕྱག་དཔེའི་ཁྲོད་དུ་ཉུལ་བས་རྙེད་ནས་གནང་བ་བཞིན། ཁོ་བོས་ཀྱང་དཔེ་བསྡུར་དང་ཚིག་དོན་ལ་རྟོག་ཞིབ་བཅུག་པས་མ་དཔེ་ཡང་ཅུང་དག་པ་ཞིག་ཏུ་འདུག་པས། ཚིག་འབྲུ་ཕྲན་བུ་ཉམས་པ་དང་། སྐབས་རེར་ཆད་པ་ཅུང་ཟད་བྱུང་སྙམ་པ་དང་། གཞུང་མཆན་འཛུད་མཚམས་བསྣོལ་བ་དང་། སྔགས་རྣམས་རྒྱུད་སོ་སོའི་དཔེ་དང་ཞིབ་བསྡུར་མ་གྲུབ་པས་རིང་ཆ་སོགས་ནོར་བ་ཕྲན་བུ་ལས། ཧ་ཅང་མི་གོ་བའི་ཡིག་སྐྱོན་ཆེན་པོ་རང་མི་སྣང་ཙམ་གྱི་ཞུས་དག་བགྱིས་ཏེ་ཕྱིན་ཆད་སྤར་བཏབ་ལོ་བ་ཉིད་དུ་གྲུབ་པ་འདི་ཡང་བསྟན་པའི་ཞབས་ཏོག་ཏུ་ཅུང་ཟད་འགྱུར་བར་སེམས་ཤིང་།དེང་སང་དུས་དབང་གིས་མི་རྣམས་ཤེས་རབ་ཞན་པའི་སྟབས་ཀྱིས།སྔ་འགྱུར་གྱི་བཀའ་དང་དགོངས་འགྲེལ་ཟབ་མོ་རྣམས་དང་། གཏེར་རྙིང་ཟོལ་མེད་བཅས་ཀྱི་གཞུང་གསེར་ཞུན་མ་ལྟ་བུ་རྒྱ་ཆེར་ཡོད་བཞིན་དུ་དེ་རྣམས་གལ་ཆུང་དུ་བཞག་ནས། མཁས་གྲུབ་ཀྱི་རྣམ་ཐར་ཡིད་ཆེས་སུ་རུང་བ་མི་སྣང་ཡང་། གྲོང་སྔགས་པ་ཕལ་མོ་ཆེ་གཏེར་སྟོན་དུ་བྱས་ཏེ་རྡོལ་ཆོས་པོ་ཏི་ཁ་གྲངས་མང་པོ། ཚིག་དོན་ཟབ་མོ་དང་མན་ངག་གི་གནད་ངོ་མཚར་བ་མ་དམིགས་ལ། སྒྲུབ་པའི་མངོན་རྟགས་ཀྱང་འདི་ཡིན་མེད་པའི་འདོན་ཆ་ཉབ་ཉོབ་དག་ལ། དེའི་རིགས་བརྒྱུད་པ་དག་གིས་རང་གི་ཕ་ཇོའི་ཆོས་ཞེས་དང་། གཞན་དག་གིས་ཀྱང་དེ་ལ་དུས་བབ་ཀྱི་ཟབ་ཆོས་ཞེས་མོས་པ་སོགས་ཀྱིས། སྔར་གྱི་ཆོས་རྙིང་རྣམས་ཀྱི་འགྲོ་དོན་སྒྲིབ་པ་མང་ཞིང་གཏེར་མ་ཡང་དག་དང་ལྟར་སྣང་དཔྱད་པར་དཀའ་བ་དར་བའི་དུས་ན་འདི་འདྲའི་ལེགས་བཤད་ཆེན་པོ་རྣམས་མཁོ་མཁན་ཉུང་མོད། གཞུང་འདི་དག་གི་ཚིག་བཞི་པ་གཅིག་གི་དོན་ཙམ་ཁོང་དུ་ཆུད་ནའང་དོན་ཆེན་པོ་མཚུངས་པ་མེད་པའི་ཕྱིར། འདི་འདྲའི་ཟབ་གནད་ཅན་གྱི་བསྟན་བཅོས་རྣམས་སྐུ་ཞབས་གོང་མས་བཙལ་ཞིང་སྤར་དུ་བཀོད་པ་ནི་བདག་ཅག་རྗེས་འཇུག་རྣམས་ལ་ཐུགས་བརྩེ་བའི་བཀའ་དྲིན་ཟླ་མེད་པ་ཡིན་པར་ཤེས་ནས་ལྟ་རྟོག་ཅི་ནུས་དགོས་པར་མངོན་ལ།སྔ་འགྱུར་པའི་རིང་ལུགས་འཛིན་པ་ལ་མཁས་གྲུབ་དུ་མ་བྱོན་མོད་ཀྱི། ཀུན་གྱི་ནང་ན་ཁྱད་པར་འཕགས་པ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཞེས་ཉི་ཟླ་ལྟར་གྲགས་པ་ཡིན་ཞིང་།བོད་སྔ་རབས་པ་ཕལ་མོ་ཆེས། སངས་རྒྱས་ལ་ཡེ་ཤེས་མི་འདོད་པ་ནི་རྒྱ་གར་ན་སློབ་དཔོན་ཟླ་གྲགས་དང་། བོད་ན་རོང་ཟོམ་ཆོས་ཀྱི་བཟང་པོའོ་ཞེས་རོང་ཟོམ་པའི་གསུང་འོལ་སྤྱི་ཙམ་ལ་བརྟེན་ནས་སློབ་དཔོན་འདིས་སངས་རྒྱས་ལ་ཡེ་ཤེས་གཏན་མི་བཞེད་པར་བཤད་པ་ནི་བདག་ཉིད་ཆེན་པོ་འདིའི་དགོངས་པའི་གཏིང་མ་རྙེད་པ་སྟེ། གང་གི་ཕྱིར་ན་སྤྱིར་འཕགས་ཡུལ་ན་སངས་རྒྱས་ཀྱི་ས་ལ་ཡེ་ཤེས་ཡོད་པར་བཞེད་པ་ནི་ཕལ་མོ་ཆེ་ཞིག་དང་། མི་བཞེད་པ་སློབ་དཔོན་དབུ་མའི་སེང་གེ་སོགས་ཀྱིས་རིགས་པ་དང་། ཇོ་བོ་ཆེན་པོས་ལུང་གི་སྒོ་ནས་བསྒྲུབ་པ་ལྟ་བུ་ཡོད་མོད་ཀྱི་དེ་དག་སོ་སོར་དགོངས་པའི་གནད་རེ་ཡོད་ལ། རོང་ཟོམ་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཐར་ཐུག་པར་རིགས་པས་དགག་པ་བརྗོད་པ་འདི་དག་ནི་གཞན་བྱུང་གི་ཡེ་ཤེས་དགག་པ་ཁོ་ན་ཡིན་ཏེ། གཞན་བྱུང་གི་ཡེ་ཤེས་ནི་རྒྱུ་ལས་སྐྱེས་པའི་འདུས་བྱས་ཀྱི་དངོས་པོ་གང་ཞིག་སློབ་པ་ནས་མི་སློབ་པའི་བར་དུ་རྒྱུན་མ་ཆད་པའི་གང་ཟག་གི་རྒྱུད་ཉི་ཚེ་བས་བསྡུས་པ་ཐེག་པ་ཐུན་མོངས་པའི་འདོད་པ་དེ་ལ་སུན་འབྱིན་གྱི་རིགས་པ་ཡང་དག་ལན་གྱིས་བཟློག་པར་མི་ནུས་པ་བསྟན་པ་འདིས། སངས་རྒྱས་ཀྱི་ཡེ་ཤེས་ནི་རང་བྱུང་འདུས་མ་བྱས་པ་གཞིར་གནས་ཀྱི་ཡེ་ཤེས་དེ་ཉིད་དག་པ་མཐར་ཐུག་དུ་གྱུར་པའི་དབྱིངས་སྒྲིབ་བྲལ་དེ་ལ་བཞེད་པས། དེ་ལྟར་ན་གང་ཟག་གི་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་འདུས་བྱས་ཅན་ཅི་ཡང་མི་མངའ་བར་བཞེད་མོད་ཀྱི་སློབ་དཔོན་འདིས། རང་བྱུང་གི་ཡེ་ཤེས་དང་། གདོད་ནས་འོད་གསལ་བའི་ཆོས་ཀྱི་དབྱིངས་དང་། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རྣམས་མིང་ཐ་དད་ཀྱང་ངོ་བོ་ཐ་མི་དད་པ་ཆོས་ཉིད་ཀྱི་ངོ་བོས་གཞི་ལ་ཡེ་ནས་ཡོད་པ་རྫོགས་པ་ཆེན་པོའི་གཞུང་འཛུགས་པ་ཡིན་པས་ན། ཡེ་ཤེས་འདུས་མ་བྱས་པ་དེ་ལ་གཞི་ལམ་འབྲས་བུའི་སྐབས་ཐམས་ཅད་དུ་འཕོ་འགྱུར་མེད་པའི་ཕྱིར། སློབ་ལམ་དུ་ཡོད་ལ་མི་སློབ་པའི་ཚེ་མེད་པའི་ཐ་སྙད་ཇི་ལྟར་བྱ་སྟེ་དེས་ན་ཡེ་ཤེས་གཏན་མེད་དུ་བཞེད་པ་མ་ཡིན་ནོ། །རྗེ་རོང་ཟོམ་ཉིད་ཀྱི་གསུངས་སངས་རྒྱས་ཀྱི་ས་ཆེན་མོ་ལས། གཞན་ཡང་བག་ཆགས་ཀྱི་མཚམས་སྦྱོར་བ་མ་ལུས་པ་ཡོངས་སུ་ཟད་པས། ཆོས་ཀྱི་དབྱིངས་མ་ལུས་པ་ཡོངས་སུ་དག་པར་གྱུར་པའི་དབང་ལས་ཀྱང་འབྱུང་སྟེ། རྫས་དང་ཞིང་དག་པའི་དབང་ལས་གཟུགས་བརྙན་འབྱུང་བ་ལྟ་བུའོ། །ཞེས་དང་། ཚོགས་བསགས་ཤིང་སྨོན་ལམ་བཏབ་པ་དང་། ཆོས་དབྱིངས་གློ་བུར་གྱི་དྲི་མ་མཐའ་དག་གིས་དག་པ་འདི་གཉིས་ནི་བདག་པོའི་རྐྱེན་ཡིན་ནོ། །ཞེས་དང་། སངས་རྒྱས་ཀྱི་ས་ནི་ཤིན་ཏུ་རྣམ་པར་དག་པའི་དབྱིངས་འབའ་ཞིག་གོ་ཞེས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དབང་ལས་ཀྱང་གཞན་ལ་སྣང་བའི་རྐྱེན་དུ་འགྱུར་བས། ཕྱོགས་གཅིག་ ལ་རྨོངས་པའང་མ་ཡིན་ཏེ། སྤྲོས་པ་དང་བྲལ་བའི་རྣམ་པར་དག་པར་གྱུར་པ་ཉིད་མ་ལུས་པར་མཁྱེན་པ་ཉིད་ཡིན་ནོ་ཞེས་དང་། ཐམས་ཅད་ཀྱང་ཆོས་དབྱིངས་རྣམ་པར་དག་པ་དང་། སྨོན་ལམ་གྱི་དབང་ངོ་། །ཡང་ན་དེ་དག་གི་སྟེང་དུ་ཡེ་ཤེས་ཆེན་པོའི་དབང་ལས་ཀྱང་གཟུགས་ཀྱི་སྐུ་མེ་ལོང་གི་གཟུགས་བརྙན་བཞིན་དུ་སྣང་བར་གསུངས་པ་དང་། འོན་ཀྱང་བསམ་གྱིས་མི་ཁྱབ་པའི་ཆོས་ཡིན་པས། ཡེ་ཤེས་རྣམ་པ་གཉིས་པོ་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངོན་པར་འདོད་པའི་གཞུང་འདི་ལ་ངེས་པར་སྐུར་བ་ཡང་མི་བྱ་སྟེ། སྔོན་གྱི་སློབ་དཔོན་གསང་བ་དང་། ཉི་མའི་འོད་འཕྲོ་ལ་སོགས་པས་འདི་ལྟར་བཞེད། ཅེས་དང་། ཤིན་ཏུ་འགལ་བ་ཆེ་བ་ཡེ་ཤེས་ཀྱི་རྒྱུད་ཚོར་བ་ཅན་དང་། སྐྱེས་པའི་གཟུགས་ཅན་དང་། གཞན་ཡང་བུད་མེད་ལ་ལོངས་མི་སྤྱོད་དོ་ཞེས་དང་། བུད་མེད་ལ་ལོངས་སྤྱོད་པའི་བདེ་བ་ཡོད་པ་སོགས་གདུལ་བྱ་ལ་སྣང་བ་ཙམ་མིན་པར་སངས་རྒྱས་ལ་རང་རྒྱུད་པར་མངའ་ན་ངེས་པར་སུན་ཕྱུང་དགོས་པར་གསུངས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། འདི་དག་སྤོང་བའི་གཟུ་བོ་མི་བྱེད་ཀྱི་ཞེས་དང་། རང་རྒྱུད་པའི་ཡེ་ཤེས་དངོས་དང་མཚན་མ་ཅན་དུ་འདོད་པ་རྣམས་ལ་བརྒལ་བ་རྣམས་བསྟན་ནས། རིགས་པས་གཞལ་ན་ཆེས་ཆེ་བ་ཉིད་དུ་གྱུར་པ་འདི་ལ་ང་རྒྱལ་གྱིས་བརྩད་པའི་དོན་མ་མཐོང་ངོ་། །ཞེས་གསུངས་པ་འདི་རྣམས་ཀྱིས་ཤེས་ཏེ། གང་གི་ཕྱིར་ན་རོང་ཟོམ་པ་ཆེན་པོས་ཆོས་ཀྱི་དབྱིངས་སྤྲོས་པ་ལས་འདས་པར་དངོས་སུ་བཞེད་པར་གསལ་གྱི། མེད་དགག་སྟོང་རྐྱང་ཕྱང་ཆད་དུ་ནམ་ཡང་མ་གསུངས་པས་གནད་འདི་ལ་ཐུག་སྟེ། མཁས་པའི་དབང་ཕྱུག་འདིའི་གསུང་ཐམས་ཅད་བདེན་གཉིས་དབྱེར་མེད་པའི་གནས་ལུགས་འབའ་ཞིག་སྒྲུབ་པའི་དོན་དུ་རིགས་པའི་རྣམ་གྲངས་སྣ་ཚོགས་གསལ་བར་བཀོད་པ་བསྙོན་དུ་མེད་པ་འདིས་གྲུབ་བོ། །དབྱིངས་ཟུང་འཇུག་མ་ཡིན་པར་མེད་པ་ཕྱོགས་གཅིག་ཏུ་བཞེད་ན།གཞི་དུས་ན་ཡང་སྣང་བ་སྣ་ཚོགས་འབྱུང་བ་མི་འཐད་ལ། ལམ་གཏན་ལ་འབེབ་དུས་སུ། སྤྲོས་པ་དང་བྲལ་བ་ཡང་མི་སྲིད་དེ། མེད་པའི་སྤྲོས་པ་དང་མ་བྲལ་བར་འགྱུར་ལ། འབྲས་དུས་སུ་མེད་དགག་འབའ་ཞིག་གི་ངང་དུ་བློ་རྒྱུན་ཆད་ན། ཆོས་ཀྱི་དབྱིངས་དག་པ་གཉིས་ལྡན་མ་ལུས་པར་མཁྱེན་པ་དང་ཐུགས་རྗེ་འབྱུང་བའི་རྒྱུ་ཡང་ཅི་ཞིག་ཡོད་དེ་རི་བོང་རྭ་མེད་བཞིན་ནོ། །དེས་ན་ཆོས་དབྱིངས་སྤྲོས་བྲལ་གྱི་དོན་མ་ཤེས་པར་མེད་དགག་ཙམ་ལ་ཆོས་དབྱིངས་སུ་བཟུང་བ་དག་གིས་རོང་ཟོམ་པའི་ལུགས་འདིས་སངས་རྒྱས་ཀྱི་ས་ན་ཡེ་ཤེས་གཏན་ནས་བཀག་གོ་སྙམ་དུ་རང་བློའི་དྲི་མ་བདག་ཉིད་ཆེན་པོའི་ལུགས་དྲི་མ་མེད་པ་ལ་བགོ་བར་ཟད་དོ། །མདོར་ན་གཞི་རིག་སྟོང་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་དབྱིངས་འདི་ནི་འཕོ་འགྱུར་དང་བྲལ་བ་ཡིན་ལ། དག་པ་གཉིས་ལྡན་གྱི་ཆོས་དབྱིངས་འགོག་བདེན་མཐར་ཐུག་མངོན་དུ་མཛད་པའི་སྐབས་ན་ཇི་ལྟ་བ་འབའ་ཞིག་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ལས་ཐ་དད་པར་ཡུལ་ཅན་གྱི་ཚུལ་དུ་ཡོད་པ་དང་། སྤྲོས་པ་སྣ་ཚོགས་པ་གཟིགས་པའི་ཡུལ་ཅན་གྱི་ཡེ་ཤེས་རང་རྒྱུད་པ་མངའ་བ་མཐར་ཐུག་དཔྱོད་པའི་རིགས་པས་མི་འགྲུབ་སྟེ། ཀླུ་སྒྲུབ་ཀྱིས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མི་འགག་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་གསུངས་པ་ལྟར། ད་ལྟ་གཞི་སེམས་ཅན་གྱི་དུས་ན་ཡང་། ཡུལ་དང་ཡུལ་ཅན་ལ་སོགས་པ་གཉིས་སུ་སྣང་ཡང་དེ་ལྟར་གྲུབ་པ་མེད་པར་ཆོས་ཀྱི་དབྱིངས་འབའ་ཞིག་གི་རང་བཞིན་དུ་གནས་པར་གཏན་ལ་ཕེབ་དགོས་ན། གློ་བུར་གྱི་བག་ཆགས་ཀྱི་བསླད་པ་མཐའ་དག་ཟད་པའི་སངས་རྒྱས་ཀྱི་ས་ན་ལྟ་ཅི་སྨོས། དེས་ན་ཆོས་ཀྱི་དབྱིངས་ཉིད་གཞི་ཇི་བཞིན་པ་མངོན་དུ་གྱུར་པ་ལས། གཞན་པའི་རྟེན་ཅན་རང་རྒྱུད་པའི་ཡེ་ཤེས་གང་ཡང་མེད་ཅེས་བསྒྲུབ་པ་ཡིན་ཏེ། དེས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཉིད་ཡེ་ཤེས་ཐམས་ཅད་ཀྱི་དངོས་གཞི་ཡིན་ཏེ། སངས་རྒྱས་རྣམས་དེ་ལས་མ་གཡོས་པའི་ཆ་ནས་ཇི་ལྟ་བ་མཁྱེན་པ་དང་། མ་གཡོས་བཞིན་དུ་ཆོས་ཀྱི་དབྱིངས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་རྣམ་རྟོག་མེད་བཞིན་འབད་མེད་ལྷུན་གྲུབ་ཏུ་མཁྱེན་པ་ནི་ཇི་སྙེད་པ་མཁྱེན་པ་ཡིན་ཏེ་དེའི་ཕྱིར་སྟོབས་བཅུ་དང་ལྡན་པའི་མཁྱེན་པའི་ཡེ་ཤེས་ཞེས་སམ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་མདོ་རྒྱུད་ཐམས་ཅད་ལས་གསུངས་པ་ཡིན་གྱི། ཆོས་དབྱིངས་རྣམ་དག་མངོན་དུ་གྱུར་པ་ལས་ལྷག་པའི་ཡེ་ཤེས་རང་རྒྱུད་པ་གང་ཡང་མི་དགོས་སོ། །དེའི་ཕྱིར་ནང་དབྱིངས་ཀ་དག་ཆེན་པོའི་སྦུབས་སུ་གཟུང་འཛིན་གྱི་དྲི་མ་བག་ཆགས་དང་བཅས་པའི་སྒྲིབ་པ་གཏན་མེད་དུ་སོང་བའི་མཉམ་བཞག་སྣང་མེད་ཀྱི་དབང་དུ་བྱས་ཏེ། རྫོགས་ཆེན་གྱི་གཞུང་རྣམས་སུ་ཡང་སྐུ་དང་ཡེ་ཤེས་སོགས་གཉིས་ཆོས་ཐམས་ཅད་མེད་པར་བཤད་པ་དེའི་དབང་དུ་བྱས་ཏེ་བླ་མ་རོང་བས་ཀྱང་མཐར་ཐུག་གི་ས་ལ་སྤྲོས་པ་མེད་ཚུལ་རིགས་པས་བསྒྲུབ་པ་རྩལ་དུ་བཏོན་པ་ཡིན་ཞེས་རྒྱལ་དབང་ཀློང་ཆེན་རབ་འབྱམས་ཀྱིས་གསུངས། བོད་སྟོན་ཕལ་མོ་ཆེས་སངས་རྒྱས་ལ་གཉིས་སུ་མེད་པའི་ཡེ་ཤེས་རྣམ་དག་འབའ་ཞིག་མངའ་བའི། མ་དག་པའི་སེམས་ཅན་གཟིགས་པ་སོགས་ཇི་སྙེད་པའི་ཡེ་ཤེས་སངས་རྒྱས་རང་སྣང་ལ་མི་མངའ་བར་བཞེད་མོད་ཀྱི། རོང་ཟོམ་པ་ཆེན་པོས་ནི་ཆོས་དབྱིངས་རྣམ་དག་འབའ་ཞིག་མ་གཏོགས་པའི་ཇི་ལྟ་བའམ་མི་རྟོག་པའི་ཡེ་ཤེས་ཀྱང་ཇི་ལྟར་ཁྱེད་ཅག་གིས་དག་པ་འཇིག་རྟེན་པའི་ཡེ་ཤེས་མི་མངའ་བར་བཞེད་པ་དེ་དང་འདྲ་བར་མགོ་མཉམ་པར་བསྒྲུབ་པ་འདིས། སངས་རྒྱས་ཀྱི་ས་ན་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་གཉིས་པོ་ཡོད་ན་ཡོད་མཉམ་མེད་ན་མེད་མཉམ་དུ་གྲུབ་པའི་ཕྱིར། སངས་རྒྱས་ཀྱི་ས་ནི་ཆོས་དབྱིངས་རྣམ་པར་དག་པ་ཙམ་དུ་གྲུབ་ཀྱང་ཆོས་དབྱིངས་དེ་ཉིད་ལ་ལྡོག་པས་ཕྱེ་ན་ཇི་་ལྟ་ཇི་སྙེད་མཁྱེན་པ་གཉིས་ཀ་ཡང་བསྒྲུབ་རུང་སྟེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལས་གཞན་དུ་གྱུར་པ་རྡུལ་ཙམ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱལ་དབང་པདྨ་སམ་བྷ་བའི་གསང་སྔགས་ལམ་རིམ་དུ།རྟེན་བཅས་རྟེན་མེད་ངོ་བོ་ཉིད་དོན་བྱེད། །ཅེས་མཐར་ཐུག་སངས་རྒྱས་ཀྱི་ས་ན། གཞན་དོན་འབྱུང་བ་ལ་རྟེན་ཡེ་ཤེས་རང་རྒྱུད་པ་འདོད་པ་སེམས་ཙམ་པ་སོགས་དང་། དེ་འདྲའི་རྟེན་མེད་ཀྱང་སྨོན་ལམ་གྱི་དབང་གིས་གཞན་དོན་འབྱུང་བ་དབུ་མ་པ་རྣམས་དང་། དེ་གཉིས་ཀའི་མཐར་མ་ལྷུང་བ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་རྩོལ་བ་མེད་པ་ངོ་བོ་ཉིད་ཀྱིས་གཞན་དོན་བྱེད་པ་རྫོགས་པ་ཆེན་པོ་སོགས་སྔགས་རྒྱུད་རྣམས་ཀྱི་དགོངས་པ་སྟེ། གསང་སྙིང་ལས།ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་ཀུན་གནས་མ་ལུས་སྣང་།།ཞེས་དང་། རྫོགས་ཆེན་གྱི་རྒྱུད་རྣམས་སུ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཞེས་གསུངས་པ་ལྟར། རོང་ཟོམ་པ་ཆེན་པོས་རྟེན་མེད་ཀྱང་སྨོན་ལམ་གྱི་དབང་གིས་ཇི་ལྟར་འཕངས་པ་ལྟར། ཞིང་དག་པ་དང་མ་དག་པ། སྐུ་ཚད་སྐུ་མདོག་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་། རང་རྒྱུད་ཀྱི་བསྡུས་པའི་རྟེན་རང་མཚན་པ་མེད་པར་བསྒྲུབ་ཀྱང་ཆོས་དབྱིངས་རྣམ་དག་ངོ་བོ་ཉིད་སྐུས་བྱིན་རླབས་ཀྱིས་དོན་བྱེད་པར་བསྒྲུབ་པས་མཐར་ངོ་བོ་ཉིད་ཀྱིས་དོན་བྱེད་པ་སྔགས་རྒྱུད་རྣམས་ཀྱི་དགོངས་པར་ལ་བཟླ་བ་ཡིན་ནོ། །ཧ་ཅང་སྤྲོས་པས་ཆོག་ཀྱང་མདོ་ཙམ་བསྟན་པ་ཡིན་ལ། འདི་ཙམ་ཞིག་མི་བརྗོད་ཀ་མེད་ཡིན་ཏེ། ཆོས་དབྱིངས་ཞེས་པ་སྟོང་རྐྱང་ཙམ་ལ་འཛིན་པ་མཐར་ཐུག་གི་དོན་ལ་ཕྱོགས་སུ་མ་ཕྱིན་པ་དག་གིས་བདག་ཉིད་ཆེན་པོ་འདིའི་གསུང་ཟབ་ཅིང་བརླིང་བ་ཐོས་ན་ཤིན་ཏུ་སྐྲག་ཅིང་མི་མོས་པའི་དོགས་པ་སེལ་བའི་ཕྱིར་ཡིན་ཏེ་གལ་ཏེ་ངེས་པར་སངས་རྒྱས་ལ་མཁྱེན་པ་གཉིས་པོ་མེད་ངེས་སུ་གོ་ན། རྣམ་པ་ཐམས་ཅད་མཁྱེན་པ་ནི་རི་བོང་གི་རྭའི་རྗེས་སུ་སོང་ནས་འབྲས་བུའི་མཆོག་ལ་བསྐུར་བ་འདེབས་པ་དང་། རྣམ་མཁྱེན་མེད་ན་གདུལ་བྱ་རྣམས་ལ་ལམ་མ་ནོར་བ་སྟོན་པའི་སངས་རྒྱས་མེད་ཅིང་། དེ་མེད་ན་ཆོས་དང་དགེ་འདུན་ཡང་ཡོད་པར་དཀའ་བའི་ཕྱིར་ཐེག་པ་ཆེན་པོའི་ལམ་དང་འབྲས་བུ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །དེས་ན་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་དབྱིངས་སྤྲོས་པ་བྲལ་བའི་དོན་གཏན་ལ་ཕེབ་ན་དེ་དག་གིས་དེ་བཞིན་གཤེགས་པའི་ཆོས་ཉིད་ཡེ་ཤེས་ཀྱི་སྐུ་ཤེས་རབ་ཀྱི་དབང་པོས་མངོན་དུ་བྱས་པ་ཡིན་ཏེ། མགོན་པོ་ཀླུས། དེ་བཞིན་གཤེགས་པ་སྤྲོས་འདས་ཤིང་། །ཟད་པ་མེད་ལ་སྤྲོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་ངོ་། །ཞེས་དང་། མདོ་ལས། གང་དག་ང་ལ་གཟུགས་སུ་མཐོང་།།སོགས་ཀྱི་ལུང་དོན་ལྟར།དེ་བཞིན་གཤེགས་པའི་རང་བཞིན་གཏན་ལ་འབེབ་པ་ལ་རོང་ཟོམ་པ་ཆེན་པོའི་གསུང་དང་མཚུངས་པ་གཞན་མེད་པ་ཡིན་ནོ། །དེས་ན་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ནི་ཐེག་པའི་རྒྱལ་པོ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་དགོངས་པ་བཞིན་དུ་མཐར་ཐུག་དགོངས་པ་དབྱེར་མེད་ཡིན་པ་ཤེས་པར་བྱའོ། །དེ་ལྟར་འཕྲོས་དོན་གལ་ཆེ་བ་ཅུང་ཟད་བརྗོད་ནས། གཞུང་གི་བཞུགས་བྱང་དཀར་ཆག་དངོས་ལ། དང་པོར་གླེགས་བམ་ཨ་པ་ལ།དཔལ་གསང་བ་སྙིང་པོའི་ཊཱི་ཀ་དཀོན་མཆོག་འགྲེལ་དུ་གྲགས་པ་ལྡེབ་ཉིས་བརྒྱ་བཞི་བཅུ་བཞུགས། སྤར་ཤིང་རྣམས་ཁ་བྱང་བསྒྲིག་ཅིང་ལྷན་ཅིག་ཡོད་ན་ལེགས་ཀྱང་འདི་སྐབས་གསང་འགྲེལ་ལོགས་སུ་ཡོད་པས་དཔེ་བདག་པའི་སྟབས་ཀས་ལྷན་ཅིག་མ་བཞག་ལ་ཞུས་དག་ཀྱང་ཞིབ་ཆ་མ་གྲུ་ཡང་འདི་ལ་སྔར་ནས་མ་དཔེ་སྤར་མ་སོགས་ཡོད་པས་དཔེ་ཅུང་དག་འོང་ངམ་སྙམ། འོན་ཀྱང་སྤར་བཏབ་མི་རྣམས་ཀྱིས་པོད་གཉིས་ཁ་ཚང་བར་བྱས་ན་ལེགས། རྒྱུད་ཀྱི་ཁོག་དབུབ་འབྲིང་པོའང་གསང་འགྲེལ་དང་ལྷན་དུ་སྤར་འཁོད་འདུག་ཀྱང་། ཁ་བྱང་བསྒྲིག་སྐབས་མ་མཐོང་བས་དཀར་ཆག་ཏུ་མ་ཐེབ་ཀྱང་། རྒྱུད་འགྲེལ་གྱི་ཀླད་དུ་བཞུགས་པར་བྱོས་ཤིག །རྒྱུད་ཀྱི་ཁོག་དབུབ་ཆུང་ངུ་ལྡེབ་གཅིག འཇམ་དཔལ་མཚན་བརྗོད་ཀྱི་སྤྱི་འགྲེལ་ལྡེབ་སོ་ལྔ། མན་ངག་ལྟ་ཕྲེང་གི་རྩ་བ་སློབ་དཔོན་པདྨས་མཛད་པ་ལྡེབ་བརྒྱད། དེའི་འགྲེལ་པ་རོང་ཟོམ་པ་ཆེན་པོས་མཛད་པ་ལྡེབ་ང་ལྔ། འདི་སྔར་གྱི་ཡིག་རྙིང་ལྟར་སྤར་འཁོད་པས་འ་མཐའ་དང་ད་དྲག་མ་བསྡུས་པ་གི་གུ་ཕྱིར་ལོག་སོགས་སུ་བྲིས་པ་ཉམས་མཚར་དུ་མ་བཅོས་པ་དེ་གར་བཞག །སྔགས་དོན་རྡོ་རྗེ་རབ་འབྱེད་ཀྱི་འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་དཀྱིལ་ཆོག་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ། རོང་ཟོམ་འགྱུར་ལྡེབ་བཅུ་བཞི། རྡོར་སེམས་སྒྱུ་དྲྭའི་ལུགས་ཀྱི་ལས་བཞིའི་སཱཙྪ་གདབ་ཆོག་རོང་ཟོམ་པས་མཛད་པ་ལྡེབ་བཅུ་དྲུག རྡོ་རྗེ་གཙུག་ཏོར་དང་ཚེ་དཔག་མེད་ལྷ་རྒྱུད་ཀྱི་སྒོ་ནས་མཆོད་རྟེན་གདབ་པ་རོང་ཟོམ་གསུང་ལྡེབ་བརྒྱད། རོང་ལུགས་གདུང་བསྲེག་གི་ཐོ་ཡིག་ལྡེབ་གཉིས། ཆེ་མཆོག་གི་སྒོམ་ཁོག་ལྡེབ་བཞི།ཞི་བ་འབྲིང་པོ་དང་སྣང་བ་དམ་པ་རྒྱན་གྱི་སྔགས་རྒྱ་དཔེ་ལ་གཏུགས་ནས་དག་པར་བྱས་པ་ལྡེབ་དགུ་བཅས་སྔ་དུམ་ལ་ལྡེབ་གྲངས་སུམ་བརྒྱ་དང་དགུ་བཅུ་གོ་གཉིས་བཞུགས། པོད་གཉིས་པ་ཨཱ་པ་ལ། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་བསྟན་བཅོས་དཔལ་རོང་ཟོམ་པཎྜི་ཏ་ཆེན་པོས་མཛད་པ་ལྡེབ་བརྒྱ་དང་ཞེ་བརྒྱད། དེ་བཞིན་དུ་གསང་སྔགས་ཀྱི་ཚུལ་གྱི་སྣང་བ་ལྷར་བསྒྲུབ་ཆེན་མོ་ལྡེབ་བཅུ་གཉིས། ལྟ་བའི་བརྗེད་བྱང་ཆེན་མོ་ལྡེབ་ཉེར་བཞི་དང་། དེ་འཕྲོས་གསུང་ཐོར་བུ་སྣ་ཚོགས་ཕྱོགས་བསྡུས་བཅས་ཁྱོན་ལྡེབ་བརྒྱ་དང་སོ་དྲུག་ལ་ལྡེབ་ཉེར་བཞི་པ་གོང་འོག་གཉིས་ཡོད། གསུང་ཐོར་བུ་བ་ལ་ནང་གསེས་སུ། གྲུབ་མཐའ་སོ་སོའི་བདེན་གཉིས་ཀྱི་འཇོག་ཚུལ། རྒྱུ་འབྲས་ཀྱི་ཐེག་པའི་བྱེ་བྲག་ཆེན་མོ།མཆོད་པ། བསྒྲལ་བ། གསང་སྔགས་ལམ་གྱི་མཚན་ཉིད། མདོ་སྔགས་ཀྱི་གྲུབ་མཐའ་མཐུན་མི་མཐུན་མདོར་བསྡུས་ཀྱི་བསྐྱུད་བྱང་། སྦྲུལ་ནག་པོའི་སྟོང་ཐུན། སངས་རྒྱས་ཀྱི་ས་ཆེན་པོ་ཞེས་གྲགས་པ། རྒྱུད་སྤྱིའི་དངོས་པོ་གསལ་བར་བྱེད་པའི་ཡི་གེ །དབང་གི་རབ་བྱེད། དམ་ཚིག་ཉེར་བརྒྱད་ཀྱི་གནང་བཀག་གི་ཡི་གེ །གསང་སྔགས་ཀྱི་བཟླས་བརྗོད་བྱ་ཐབས་ཀྱི་ཡན་ལག །རང་བྱུང་ཡེ་ཤེས་ཆེན་པོ་འབྲས་བུ་རོལ་པའི་དཀྱིལ་འཁོར་དུ་ལྟ་བའི་ཡི་གེ་རྣམས་སུ་ཡོད་དོ། །རབ་གནས་རྩ་བ་ཞེས་པ་ལྡེབ་གཉིས། རབ་གནས་བཤད་སྦྱར་ལྡེབ་སོ་ལྔ། རབ་གནས་ཆོ་ག་ལྡེབ་ཉེར་དྲུག་བཅས་སྔར་སྤར་དུ་བཀོད་ཟིན་དང་། དེ་སྟེང་གྲུབ་མཐའི་བརྗེད་བྱང་ཡིག་རྙིང་འ་མཐའ་ད་དྲག་སོགས་མ་བསྡུས་པ་ཞིག་འདུག་པ་དེང་སང་གི་བརྡ་དག་ལྟར་བཅོས་ནས། ཡིག་སྐྱོན་རྣམས་བསལ་བར་བྱས་པ་གསར་དུ་སྐུ་ཞབས་སྤྲུལ་པའི་སྐུས་སྤར་དུ་བསྒྲུབས་པ་ལྡེབ་སུམ་བཅུ་ཐམ་པ་བཅས་ཁྱོན་ཕྱི་དུམ་འདིར་ལྡེབ་གྲངས་སུམ་བརྒྱ་དང་དགུ་བཅུ་བཅས་བཞུགས་སོ། །ད་དུང་ཡང་མཁས་པའི་དབང་ཕྱུག་ཆེན་པོ་འདིའི་གསུང་ཆེ་ཕྲ་ཅི་རིགས་གང་ཟག་བློ་ལྡན་དག་གིས་བཙལ་ན་དབུས་གཙང་སོགས་སུ།སྔར་གྱི་ཡིག་རྙིང་རྣམས་ཀྱི་ཁྲོད་དུ་རྙེད་པར་སྲིད་ལ་རྙེད་ན་གོ་རིམ་ངེས་པ་མེད་པར་འདིའི་འཕྲོ་མཐུད་དེ་དབྱངས་བཅུ་དྲུག་གི་རིམ་པས་པོད་གྲངས་སུ་བསྒྲིག་པར་བྱ་བའི་རྟེན་འབྲེལ་འཕྲོ་ཅན་དུ་བྱས་པ་ཡིན་ནོ། །ཐེག་ཚུལ་ལ་ཡིག་རྙིང་གི་བརྡ་ལྟར་བྲིས་པ་ཆེས་མང་ཡང་ཅི་རིགས་བཀླག་བདེ་བའི་ཕྱིར་བཅོས་པར་བྱས། ད་དུང་ཡང་གསུང་རྣམས་རྙེད་སྲིད་ན་བརྡ་དག་སྐད་གསར་བཅད་དེང་སང་གི་ལུགས་ལྟར་བཅོས་ན་བཀླག་བདེ་བར་སྣང་། གཞན་ཡི་གེའི་བརྡ་དག་རེ་ཟུང་དག་ཡིག་ལྟར་བཅོས་རྒྱུ་འདུག་ཀྱང་དོན་གྱི་གོ་བ་ལ་མི་གནོད་པ་རྣམས་རང་སར་བཞག །ཚིག་ཕྲད་རེ་ཟུང་ཙམ་རེ་བསྣན་ན་གོ་བདེ་བར་ཕན་ཡང་མ་དཔེ་སོར་བཞག་ལྟར་མ་བཅོས་པར་བཞག་གོ །རོང་ཟོམ་པ་ཆེན་པོའི་གསུང་འདི་རྩོམ་གཤིས་རྒྱ་གཞུང་དང་འདྲ་ཞིང་། དོན་རྒྱ་གཞུང་ཆེན་པོ་རྣམས་མ་གཏོགས་ཕལ་གྱིས་དོ་ཟླ་མེད་པར་གྲུབ་པས་གསུང་རེ་ཟུང་བསྟན་འགྱུར་གྱི་ཁྲོད་དུ་ཡང་མཛད་བྱང་མ་ཕོག་པར་བཞུགས་པ་འདྲ་སྙམ།འདིའི་གསུང་ཆེ་ཕྲ་གང་ཡང་རིགས་པའི་རླབས་དང་ཚིག་གི་ནུས་པ་མཆོག་ཏུ་གྱུར་པས་དོན་གོ་རྒྱུ་གཞན་དང་མི་འདྲ་བ་ཡིན་པ་དེའི་ཕྱིར་གཅེས་སྤྲས་བྱ་བ་དང་། ནན་ཏན་གྱིས་བལྟ་ཞིང་དཔྱད་པ་གཅེས་སོ་ཞེས་བློ་ལྡན་ཀུན་ལ་གསོལ་བ་འདེབས་ཏེ། ཅི་ཡི་ཕྱིར་ན། རྒྱལ་ཚབ་མ་ཕམ་པའི་ཞལ་ནས། ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱི་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོག་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་འགྱུར་པའི་ཕྱིར་རོ། །སླར་ཡང་སྨྲས་པ། དམ་པ་རྣམས་ཀྱི་གཞན་ཕན་ཐུགས་བསྐྱེད་དང་། །མཁས་པ་རྣམས་ཀྱིས་ལེགས་པར་བཤད་པའི་གཞུང་། །བསྟན་འགྲོའི་ཕན་བདེ་སྤེལ་བའི་གསོས་མཆོག་སྟེ།།ཚུལ་འདིར་མོས་པར་མི་འགྱུར་བློ་ལྡན་སུ། །མེ་ཁྱེར་མར་མེ་རྒྱུ་སྐར་ཟླ་ཉི་བཞིན། །བློ་ཡི་ནུས་པས་མཁས་རྣམས་ཁྱད་འབྱེད་ཀྱང་། །མཁས་པའི་ནང་ན་མཁས་པ་ཕུལ་བྱུང་དུ། །གྲགས་པའི་གདུགས་དཀར་མངོན་མཐོ་རོང་ཟོམ་པའི། །རིགས་པའི་རལ་གྲིས་ཕ་རོལ་རྒོལ་བའི་དཔུང་། །གཞོམ་པའི་གསུང་རབ་སེང་གེའི་སྒྲ་ཆེན་པོ། །འདི་དང་མཚུངས་པ་གཞན་ན་མ་དམིགས་ཞེས། །བློ་གྲོས་མིག་ལྡན་ཀུན་གྱིས་མཚུངས་པར་བསྔགས། །ད་དུང་དུ་ཡང་མ་འོངས་བློ་ལྡན་རྣམས། །འདི་ཡི་གསུང་རབ་རིགས་པའི་དབལ་རྣོན་པོའི། །ལྕེ་བདུན་གར་གྱིས་འཁྱུག་པ་ལེགས་ལྟོས་དང་།།དེ་ནས་ངོ་མཚར་ཆོས་ཀྱི་ལྟད་མོ་མཐོང་། །དངོས་ཞེན་དྲྭ་བ་མ་ལུས་ཡོངས་གཅོད་པས། །དམན་པའི་ཡིད་ཅན་འཇིགས་པ་བསྐྱེད་པའི་དབྱིངས། །སྤྲོས་མེད་མཉམ་པ་ཉིད་ཀྱི་ཆོས་ཚུལ་ཉིད། །ཆོས་ཀྱི་བཟང་པོས་རིགས་པའི་ལམ་ནས་བསྟན། །དེ་ཕྱིར་ལེགས་བཤད་རིན་ཐང་མེད་པའི་གཏེར།།དུ་མར་འཕྲུལ་པའི་ཆོས་སྦྱིན་འདིར་འབྲེལ་བའི། །ལེགས་བྱས་ཉི་ཟླའི་འོད་ཟེར་རབ་འབར་བས། །ས་གསུམ་སྙིང་གི་མུན་པ་འཇོམས་གྱུར་ཅིག །ཐུབ་བསྟན་པདྨའི་དགའ་ཚལ་རབ་རྒྱས་ཤིང་། །སྐྱེ་དགུའི་བདེ་སྐྱིད་འབྲས་བཟང་གཡུར་དུ་ཟ། །ཐེག་མཆོག་བདུད་རྩིའི་འགྲོ་ཀུན་ལེགས་ཚིམ་ནས། །རྣམ་གྲོལ་མཆོག་གི་གོ་འཕང་འཐོབ་པར་ཤོག །ཅེས་དཀར་ཆག་མདོར་བསྡུས་འདི་ཉིད་རུ་དམ་ཡང་དབེན་དུ་མི་ཕམ་པས་ཤིང་འབྲུག་ལོའི་ཁྲུམས་སྟོད་ཟླ་བའི་ཚེས་ལྔ་ལ་རྫོགས་པར་བཀོད་པ་མངྒ་ལཾ།། །།