རིན་མེད་ཡིག་ཚང་མཉེན་ཆས།

ཡོང་ཁུངས་Wikipedia

རིན་མེད་ཡིག་ཚང་མཉེན་ཆས་སམ། LibreOffice ནི། ཡིག་ཚང་ཞིག་ལ་ཉེ་བར་མཁོ་བའི་ཆ་རྐྱེན་ཀུན་ཚང་གི་མཉེན་ཆས་ཚད་ལྡན་ཞིག་རེད། མཉེན་ཆས་འདི་ Microsoft Office དང་དོ་མཉམ་ནའང་། རིན་པ་སྤྲོད་མི་དགོས་པར་ཀུན་གྱིས་རིན་མེད་ཐོག་བེད་སྤྱོད་གནང་ཆོག །

རིན་མེད་ཡིག་ཚང་མཉེན་ཆས་ཀྱི་ཆ་ལག[རྩོམ་སྒྲིག]

  • Writer Document ནི། དཔེ་དེབ་བཟོ་བ་དང་། སྙན་ཐོ་འགོད་པ་དང་། གསར་ཤོག་སྒྲག་པ་དང་། ངོ་སྤྲད་དེབ་ཆུང་གི་བྱུས་འགོད་སོགས། མདོར་ན་ཡིག་ཆ་དང་འབྲེལ་བའི་སྣེ་མང་རྩོམ་སྒྲིག་གི་ལས་དོན་ལ་ཉེ་བར་མཁོ་བའི་ཆ་རྐྱེན་ཕུན་སུམ་ཚོགས་པའི་མཉེན་ཆས་ཤིག་རེད། འདིའི་ནང་ཁྱེད་ཀྱིས་སོ་སོའི་དགོས་མཁོ་ལ་དཔགས་པའི་པར་རིས་སྣ་ཚོགས་ནང་འཇུག་གནང་ཐུབ་ཅིང་། ཁྱེད་ཀྱིས་བྱུས་འགོད་ཟིན་པའི་ཡིག་ཆ་རྣམས་ HTML, XHTML, XML, PDF, EPUB, DOC, DOCX སོགས་ཡིག་ཆའི་རྣམ་གྲངས་སྣ་ཚོགས་ཀྱི་སྟེང་དུ་ཕྱིར་འདྲེན་དང་། ཉར་ཚགས་གནང་ཐུབ་ལ། གློག་འཕྲིན་དང་འབྲེལ་མཐུད་ཀྱིས་འཕྲིན་ཡིག་སོགས་སྐུར་བ་ལའང་ཧ་ཅང་སྟབས་བདེ་བའི་ཆ་རྐྱེན་ལྡན།
  • Calc Spreadsheet ནི། ཚད་མཐོའི་དབྱེ་ཞིབ་ཀྱི་ལས་དོན་དང་། ཚོང་ལས་དང་། དངུལ་རྩིས་དང་། གྲངས་རིག་དང་། རྩིས་རིག་སོགས་ཀྱི་ལས་ཀ་སྒྲུབ་པ་ལ་ཉེར་མཁོའི་ཆ་རྐྱེན་སྣེ་འཛོམས་ཅན་གྱི་མཉེན་ཆས་ཤིག་རེད། འདིའི་ནང་སྒྲིག་བཀོད་བྱས་པའི་ཡིག་ཆ་རྣམས་ XML, XLSX, CSV, PDF, XHTML, HTML སོགས་ཡིག་ཆའི་རྣམ་གྲངས་སྣ་ཚོགས་ཀྱི་སྟེང་སོ་སོའི་དགོས་མཁོ་ལྟར་ཕྱིར་འདྲེན་དང་ཉར་ཚགས་བྱེད་ཆོག །མཉེན་ཆས་འདིས་ Microsoft Excel དང་ Google Sheet དང་ Quattro སོགས་ཀྱི་ཚབ་བྱེད་ཐུབ་པས། ཚོང་ར་དང་། དངུལ་ཁང་དང་། སྨན་ཁང་དང་། སློབ་གྲྭ་དང་། ཞིབ་འཇུག་ཁང་དང་། དཔེ་མཛོད་ཁང་སོགས་ཀྱི་ཆེད་བེད་སྤྱོད་ཧང་ཅང་ཆེ།
  • Impress Presentation ནི། ཐུན་མོང་བརྒྱད་ལམ་གྱི་སྤྱན་འབུལ་རིགས་བཟོ་སྐྲུན་བྱེད་པ་ལ་ཉེ་བར་མཁོ་བའི་ལག་ཆ། ཡི་གེ་བཀོད་སྒྲིག་བྱེད་ཆས་དང་། འགུལ་རིས་བཟོ་ཆས་དང་། རི་མོ་འབྲི་བྱེད་སོགས། ཆ་རྐྱེན་ཕུན་སུམ་ཚོགས་པའི་མཉེན་ཆས་ཚད་ལྡན་ཞིག་རེད། འདིའི་ཐོག་ནས་ཁྱེད་ཀྱིས། ཡི་གེའི་རྣམ་པ་དང་། པར་རིས་དང་། སྒྲ་དང་། བརྙན་དུམ་བཅས་ཀྱི་བྱུས་འགོད་ལ་བརྟེན་ནས། སྒྲན་བརྙན་རིགས་ཀྱི་ཁྱད་ཆོས་སམ་ནུས་པ་ཚད་མཐོར་གཏོང་ཐུབ། ཆ་རྐྱེན་འདིའི་ཐོག་བཀོད་སྒྲིག་བྱས་པའི་ཡིག་ཆའི་རིགས་རྣམས་ Microsoft PowerPoint ཐོག་ཏུའང་སྒྱུར་བཅོས་དང་ཉར་ཚགས་བྱེད་ནུས་ལ། སོ་སོའི་དགོས་མཁོ་ལྟར་ Graphic Format སྣ་ཚོགས་ཀྱི་ཐོག་ཏུའང་ཉར་ཚགས་གནང་ཆོག
  • Draw ནི། ཝེཀ་ཊོར་ Vector རི་མོ་འབྲི་བྱེད་ཀྱི་ཆ་རྐྱེན་ཡོངས་སུ་ཚང་བའི་མཉེན་ཆས་ཤིག་རེད། འདིའི་ཐོག་དཔེ་རིས་དཀྱུས་མ་ཕྱོགས་ཚད་གཉིས་ལྡན་ནས་བཟུང་སྟེ། ཕྱོགས་ཚད་གསུམ་ལྡན་ 3D (Three Dimensions) བར་ཀྱི་ཚད་མཐོའི་དཔེ་རིས་སྣ་ཚོགས་འབྲི་ཐུབ་པ་མ་ཟད། PNG, GIF, JPEG, BMP, EMF, WMF, TIFF, SVG, HTML, XHTML, PDF བཅས་ཀྱི་རྣམ་པར་ཡོད་པའི་པར་རིས་རྣམས་བཟོ་བཅོས་ཀྱི་ཆེད་དུ་ནང་འདྲེན་དང་། ཉར་ཚགས་ཀྱི་ཆེད་དུ་ཕྱིར་འདྲེན་གཉིས་ཀ་བྱེད་ཐུབ་པས། སོ་སོའི་འདོད་མོས་ལྟར། དཔེ་དེབ་དང་། དྲ་རྒྱ་དང་། མཉེན་ཆས་དང་། ལས་རྟགས་སོགས་ལ་ཉེ་བར་མཁོ་བའི་རི་མོ་སྣ་ཚོགས་བཟོ་སྐྲུན་བྱེད་པ་ལ་ཧ་ཅང་གིས་ཕན་ཐོགས་ཆེ།
  • Math ནི། རྩིས་ཀྱི་སྦྱོར་ཐབས་སམ་མཚུངས་རྩིས་རྩོམ་སྒྲིག་གི་མཉེན་ཆས་ཤིག་རེད། འདིའི་ཐོག་ནས་ཚད་ལྡན་ཡིག་གཟུགས་ཀྱི་ཚན་པའི་ནང་ན་མེད་པའི་རྩིས་རིག་གི་མཚོན་རྟགས་དང་ཡི་གེའི་རིགས་ཡོད་པའི་མཚུངས་རྩིས་དཀའ་རྙོག་ཅན་རྣམས་བཟོ་ཐུབ། སྤྱིར་བཏང་མཉེན་ཆས་འདི་ Writer དང་ Impress སོགས་ཀྱི་ཡིག་ཆའི་ཐོག་རྩིས་ཀྱི་སྦྱོར་ཐབས་བཟོ་བ་ལ་བེད་སྤྱོད་གཏོང་གིན་ཡོད་རུང་། འདིས་རང་རྐྱ་འཕེར་བའི་ལག་ཆའི་ཐོག་ནས་ཀྱང་ལས་དོན་སྒྲུབ་ནུས། འདིའི་ནང་བཟོས་པའི་རྩིས་ཀྱི་སྦྱོར་ཐབས་རྣམས། དྲ་ཤོག་དང་རིན་མེད་ཡིག་ཚང་མཉེན་ཆས་ནང་མ་བཟོས་པའི་ཡིག་ཆ་གཞན་དག་གི་ཆེད་དུ། ཚད་ལྡན་རྩིས་ཀྱི་རྟགས་སྐད་ (MathML) ཀྱི་རྣམ་པར་ཉར་ཚགས་གནང་ཐུབ།
  • Base Database ནི། ཉིན་ལྟར་གཞི་གྲངས་ཡིག་མཛོད་ཀྱི་ལས་ཀར་མཁོ་བའི་ལག་ཆའི་རིགས་མཁོ་སྤྲོད་བྱས་པའི་མཉེན་ཆས་ཤིག་རེད། གྲགས་ཆེ་བའི་འབྲེལ་ལྡན་གཞི་གྲངས་ཡིག་མཛོད་ཀྱི་དོ་དམ་མཉེན་ཆས་གཞན་ལྟར། འདིས་ཀྱང་སྒེའུ་སྒྲོམ་དང་། སྙན་ཐོ་དང་། འདྲི་རྩད་དང་། རེའུ་མིག་དང་། མཐོང་རིས་དང་། འབྲེལ་མཐུད་བཅས་བཟོ་ཐུབ་པར་མ་ཟད། མཉེན་ཆས་འདིས་དཔེའུ་རིས་ཐོག་ནས་དཔྱད་ཞིབ་དང་། འབྲེལ་ལམ་རྩོམ་སྒྲིག་བྱེད་ཐུབ་པ་ལྟ་བུའི་ཆ་རྐྱེན་གསར་པ་མང་པོ་ཞིག་ཀྱང་མཁོ་སྤྲོད་བྱེད། འདིའི་ནང་ HSQLDB དང་ Firebird གཉིས་པོའི་ཆ་རྐྱེན་མཉམ་སྦྲེལ་བྱས་ཡོད་ལ། གཞན་ཡང་ dBASE, PostgreSQL, Microsoft Access, MySQL, Oracle དང་། ཡང་ན་ ODBC འམ་ JDBC གང་ཡང་བེད་སྤྱོད་གཏོང་ཐུབ། འདིས་ ANSI-92 SQL ཆེད་དུའང་རོགས་སྐྱོར་གྱི་ཆ་རྐྱེན་མཁོ་སྤྲོད་བྱེད།

བོད་ཡིག་ཞུ་དག་གི་ཆ་རྐྱེན།[རྩོམ་སྒྲིག]

རིན་མེད་ཡིག་ཚང་མཉེན་ཆས་ཐོག་བོད་ཡིག་ཞུ་དག་གི་ཆེད་ (Extension) རྒྱ་སྐྱེད་མཉེན་ཆས་ཀྱི་ཆ་རྐྱེན་མཁོ་སྤྲོད་ཞུས་ཡོད། མཉེན་ཆས་འདི་རིན་མེད་ཡིག་ཚང་མཉེན་ཆས་ཀྱི་གཞུང་འབྲེལ་དྲྭ་ཚིགས་ཐོག་ནས་ཕབ་ལེན་གནང་སྟེ་སྒྲིག་འཇུག་བྱེད་དགོས།

རིན་མེད་ཡིག་ཚང་མཉེན་ཆས་དང་འབྲེལ་བའི་བོད་ཀྱི་སྐད་ཡིག་ལས་འཆར་ཁག[རྩོམ་སྒྲིག]

  • མཉེན་ཆས་ཡོངས་རྫོགས་བོད་སྐད་དུ་སྒྱུར་བའི་ལས་འཆར།
  • ལམ་སྟོན་དཔེ་དེབ་བོད་སྐད་དུ་སྒྱུར་བའི་ལས་འཆར།
  • བོད་སྐད་ཞུ་དག་མཉེན་ཆས་རྒྱ་སྐྱེད་ཀྱི་ལས་འཆར།

ལས་འཆར་འདི་རིགས་ལ་དང་བླངས་ཀྱིས་མཉམ་ཞུགས་གནང་དགོས་པ་གལ་ཆེ།

རིན་མེད་ཡིག་ཚང་མཉེན་ཆས་དང་འབྲེལ་ཡོད་དྲྭ་ཚིགས་ཁག[རྩོམ་སྒྲིག]