རི་བོ་ཆེ་དགོན་པ་

ཡོང་ཁུངས་Wikipedia

རི་བོ་ཆེ་དགོན་པ་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་དུ་རྗེ་བཙུན་སངས་རྒྱས་དབོན་གྲགས་པ་དཔལ་འོད་ཟེར་བཟང་པོས་ཕྱག་བཏབ་ཅིང་། སྒྲུབ་བརྒྱུད་སྟག་ལུང་པའི་ཀྱི་ཆོས་རྒྱུད་བཙུགས་ནས་ད་བར་དུ་བགྲང་བྱ་བདུན་བརྒྱ་ལྷག་ཙམ་ཏག་ཏག་འགོར་ཡོད། ལོ་རྒྱུས་དེའི་རིང་ལ་དགོན་པ་འདི་ཉིད་བསྟན་དོན་གཉིས་ཀྱི་ཐོག་ནས་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་བྱུང་མྱོང་ཞིང་། ཉམས་གུད་ཀྱང་གང་ལ་གང་འཚམས་ཤིག་བྱུང་བ་བཤད་ཅི་དགོས། ད་དུང་ཉམས་གུད་ཀྱི་རྡུལ་འཚུབ་བར་ནས་གསེར་འོད་ཕྱི་རུ་སྤྲོས་ནས་ད་ལྟའི་མིག་གི་དགའ་སྟོན་དུ་གྱུར་པའི་གཙུག་ལག་ཁྲ་འཁྱིལ་མ་འདི་ཕ་མེས་ཡང་མེས་ཚོས་ང་ཚོར་སྤྲད་པའི་གཟི་འོད་ཅིག་དང་སྙིང་སྟོབས་ཀྱིས་ཟོར་ཁ་ནས་རྡོལ་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཀྱང་ཡིན། དེའི་ཕྱིར་རྗེ་བཙུན་སངས་རྒྱས་དབོན་གྱིས་ཕྱག་བཏབ་ཅིང་ཆོས་སྐུ་ཨོ་རྒྱན་མགོན་པོས་གཙུག་ལག་ཁང་བཞེངས་པ་ནས་ད་བར་དུ་དགེ་འདུན་གྱི་སྡེ་དར་རྒྱས་ཕུན་སུམ་ཚོགས་ཤིང་ཆོས་ལུགས་ཀྱིས་དད་ལྡན་ཚོས་འདོད་བློ་བསྐང་ཐུབ་པ་དང་། དད་ལྡན་ཚོས་ཀྱང་དད་རྫས་ཕུལ་བའི་སྟོབས་འགྱུར་ལ་བརྟེན་ཏེ་ད་ལྟ་བོད་ཕྱི་ནང་གཉིས་ནས་མཐོང་དཀོན་པའི་བེ་རིས་ཀྱི་ཚུགས་ཀ་ཅུང་ཡོད་ཀྱང་དེ་ལས་མི་འདྲ་བའི་གསེར་ཐང་དང་ལི་སྐུ་ཐུབ་པ་ཆུ་གཟིགས་མ། གསེར་སྐུ་ལས་བཟོས་པའི་རྟེན་གཙོ་ཐུབ་དབང་ལྷུན་པོ་བཅས་གནའ་རྫས་གྲངས་ཀྱིས་མི་ལངས་ཤིང་རིན་གོང་གཞལ་དུ་མེད་པའི་རིན་པོ་ཆེ་རིགས་དེ་ཚོ་ད་བར་དུ་དད་ལྡན་ཚོའི་མགོན་དུ་གྱུར་ཅིང་བདག་གཉེར་ཚོའི་སེམས་ཁུར་གྱི་ཀློང་ན་བཞུགས་ཡོད། ད་དུང་དེ་ལས་མི་ཚད་གསེར་རྐྱང་ལས་གྲུབ་པའི་སྐལ་བཟང་པོ་ཏི་བརྒྱ་ཕྲག་འགའ་དང་གསེར་རྐྱང་ལས་བྲིས་པའི་བཀའ་འགྱུར་དང་། མདོ་བརྒྱད་སྟོང་པ་བཅུ་ཚར་ཁ་ཤས་ཤིག་གནས་འདི་ན་མཇལ་རྒྱུ་ཡོད་པ་མ་ཚད་ད་དུང་སྟོན་པའི་སྐྱེ་རབས་རྣམ་ཐར་དང་འབྲེལ་བའི་ཐང་ག་དང་ཡི་གེ། སྟག་ལུང་ཆོས་རྗེ་ཚོའི་མཛད་རྣམས་དང་འབྲེལ་བའི་ཐང་ག་དང་ཡི་གེ སྟག་ལུང་སྡོམ་གསུམ་དང་གཞུང་ཆེན་ཁག་བཅས་ཀྱི་པར་ཤིང་། ད་དུང་གདོན་མའི་ཆོས་ལུགས་ཀྱི་ཡིག་རིགས་བཅས་བགྲངས་ཀྱང་ཟད་མཐའ་དཀའ་བའི་གནའ་རྫས་དེ་ཚོ་མ་འོངས་མི་རིགས་ཀྱི་ལོས་རྒྱུས་མཐོང་བའི་དན་རྟགས་ཤིག་ལ་གྱུར་ཡོད། ད་ལྟའི་ཆར་སྐྱབས་མགོན་རྗེ་འཕགས་ཞབས་གསུམ་ལས་རྗེ་ཞབས་གཉིས་མེད་ཀྱང་ཞལ་བཞུགས་ཀྱི་སྐྱབས་མགོན་འཕགས་མཆོག་རིན་པོ་ཆེ་མཆོག་དང་རྗེས་སྲས་རིན་པོ་ཆེ་མཆོག་དང་ཞབས་སྲས་རིན་པོ་ཆེ་མཆོག་རྣམ་པ་གསུམ་གྱིས་སྐུ་ངལ་དང་ནུས་ཤུགས་གཅིག་སྒྲིལ་ལ་བརྟེན་ཏེ་སྟག་ལུང་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དེ་ཉིད་མི་ཉམས་རྒྱུན་བསྐྱངས་གནང་བ་འདི་དག་ཁོང་རྣམ་པའི་མཛད་འཕྲིན་གྱི་ཉི་འོད་བླ་ན་མེད་པ་ཞིག་ཕྱི་རུ་འཕྲོས་པ་རེད། ང་ཚོས་ཀྱང་ཁོང་རྣམ་པའི་མཛད་འཕྲིན་རླབས་པོ་ཆེའི་ཉི་འོད་ལ་ཐལ་མོ་འདེབས་བཞིན་མ་འོངས་ལོ་རྒྱུས་ཀྱི་ལྡེ་མིག་དེ་ཕྱི་རབས་གཞོན་ནུ་རྣམས་དང་ལྷག་པར་དུ་ཆོས་བརྒྱུད་དེའི་རིགས་ཀྱི་ལོ་རྒྱུས་ལ་མིག་གིས་བལྟས་ཏེ་འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་ཆོས་བརྒྱུད་ལོ་རྒྱུས་བཅས་མི་ཉམས་གོང་འཕེལ་འོག་ནས་ཕྱི་རབས་པའི་ལག་ཏུ་སྤྲད་འཐོབ་དགོས་པ་ནི་ང་ཚོའི་འོས་འགན་མ་ནོར་བ་ཉག་གཅིག་ཡིན་ནོ།། ཡང་དེ་ལས་ལྡོག་ཏེ་གཟི་འོད་ཀྱིས་ཕྱུག་པའི་དགོན་པ་འདི་དག་ཚེ་འདས་སྐོར་ཞིག་གི་ཤི་རྒྱུ་བསྡུ་ས་དང་ཕག་གསོ་སའི་ར་སྐོར་བཞིན་གྲྭ་རྒན་ཁ་ཤས་ཁ་ལྟོ་གསོ་སའི་ཡུལ་ཁྱད་པར་བ་ཞིག་དང་ཕྱོགས་རིས་ཀྱིས་གྲུབ་པའི་དམག་ས་ཞིག་ལ་དུས་ནམ་ཡང་བསྒྱུར་མི་རུང་ལ་འགྱུར་ཡང་མི་སྲིད་པའི་སྤོབས་པ་དེ་ང་ཚོ་ནས་དབུ་བཟུང་སྟེ་ཞབས་སུ་འཁོད་པར་བྱ་རྒྱུ་ནི་ཁྱོད་དང་ང་། ང་དང་ཁོ་མདོར་ན་ཕ་ཡུལ་གྱི་སྐྱ་སེར་རིས་སུ་མ་མཆིས་པའི་ཕོ་མོ་རྒན་དར་གཞོན་གསུམ་གྱི་མགོ་ཐོག་ཏུ་གནས་ཡོད་པ་ཚང་མས་མཁྱེན་དགོས་སོ།།