རབ་བྱུང་བརྩི་ཚུལ་

ཡོང་ཁུངས་Wikipedia

1 རབ་བྱུང་གི་ལོ་མགོ་ནི། ལོ་རྒན་དྲུག་ཅུའི་ཐོག་མ་མེ་མོ་ཡོས་ཏེ། སྤྱི་ལོ 1027 ལོར་མགོ་ཚུགས་པ་ཡིན། རབ་བྱུང་གཅིག་ལ་ལོ་དྲུག་ཅུ་ཡོད་པ་དང་། གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་བརྩི་སྲོལ་བཏོད། དཔེར་ན། རབ་བྱུང་དང་པོའི་མེ་ཡོས་ཏེ། སྤྱི་ལོ 1027 ནས་ལོ་དྲུག་ཅུ་ཕྱིན་རྗེས་སུ། མེ་ཕོ་སྟག་སྟེ་སྤྱི་ལོ 1086 བར་ལ་རབ་བྱུང་གཅིག་ཟེར་བ་ལྟ་བུའོ།།

2 སྤྱི་ལོ་དང་དུས་རབས་ལོ་རབས།

ད་ལྟ་འཛམ་གླིང་སྤྱིའི་བརྩི་གཞིར་གྱུར་བའི་སྤྱི་ལོ་ནི། ཡེ་ཤུའི་སྟོན་པ་མ་ཤུ་ཀ་འཁྲུངས་ལོ་ནས་བརྩིས་པ་ཡིན་ལ། དེ་ནས་བཟུང་སྤྱི་ལོ་དང་དུས་རབས་བརྩི་སྲོལ་གྱི་མགོ་ཚུགས་པ་ཡིན། དེ་ཡང་། ལོ་བརྒྱ་རེ་འཁོར་ན་དུས་རབས་གཅིག་དང་། ལོ་བཅུ་ལོངས་ན་ལོ་རབས་གཅིག་ཟེར་རོ།།

3 སྤྱི་ལོ་རབ་བྱུང་ལ་སྦྱོར་ཚུལ། ངེས་པའི་སྤྱི་ལོར་དུས་མིག་ཕྱོགས 1026 ཀྱིས་སྦྱངས།།ལྷག་མའི་གྲངས་ལ་མཁའ་རོས 60 བགོས་པའི་ཚེ།།ལྷག་མ་ཡོད་པར་ཐོབ་ནོར་གཟུགས 1 དེ་བསྣན།། རབ་བྱུང་བགྲང་བྱ་དང་བཅས་གསལ་བར་འཆར།། ཞེས་པ་ལྟར། དཔེར་ན། སྤྱི་ལོ 2017 ལོ་འདི། རབ་བྱུང་དང་བགྲང་བྱ་གང་དུ་ཁེལ་ཡོད་པར་བརྩི་ན། 2017 - 1026 ÷ 60 = 16 . 31 འདི་ལྟར་ལྷག་གྲངས་ཡོད་ཚེ། ཐོབ་ནོར 16 གི་སྟེང 1 བསྣན་ཚེ་རབ་བྱུང 17 པ་དང་། བགོས་ལྷག 31 ནི་རབ་བྱུང་དེའི་བགྲང་བྱའི་གྲངས་ཀ་ཡིན་པ་ལྟ་བུའོ།།

4 རབ་བྱུང་སྤྱི་ལོ་དང་སྦྱོར་ཚུལ། ངེས་པའི་རབ་བྱུང་ལས་ནི་གཟུགས 1 །། འཕྲི་བའི་ལྷག་མར་མཁའ་རོས 60 བསྒྱུར།། ཐོབ་ནོར་བགྲང་བྱ་དུས་མིག་ཕྱོགས 1026 །། བསྣན་ན་བརྩི་བྱའི་སྤྱི་ལོ་ངེས།། ཞེས་པ་ལྟར། དཔེར་ན། རབ་བྱུང 17 པའི་བགྲང་བྱ 31 ནི། 17 - 1 × 60 + 31 + 1026 = 2017 སྤྱི་ལོ་ཡིན་པ་ལྟར་རོ།།

5 སྤྱི་ལོ་དུས་རབས་ལ་སྦྱོར་ཚུལ། སྤྱི་ལོ 1 _ 99 བར་དུས་རབས་གཅིག་དང་། སྤྱི་ལོ 100 _199 བར་དུས་རབས་གཉིས་པ་སོགས་རིགས་བསྒྲེས་ན་རྟོགས་སླ་ལ། དཔེར་ན། སྤྱི་ལོ 2017 ནི་དུས་རབས་གང་ལ་ཁེལ་ཡོད་ཅེ་ན། དཔེར་ན། ད་ལྟའི་སྤྱི་ལོ 2017 ÷ 100 = 20 དང་བརྒྱ་ཆའི 17 དུ་ཁེལ་ལ། དེས་ན། དུས་རབས་རིལ་བོ 20 ལ 1 བསྣན་ན 21 དེ། ངོ་ཐོག་དུས་རབས་ཡིན་པས། ད་ལོ། དུས་རབས 21 པའི་ལོ་རབས 10 བའི་སྟེང་ལོ་གྲངས 7 སོང་ཡོད་པ་ལྟ་བུ་ཡིན།

6 སྤྱི་ལོ་ལོ་རབས་ལ་སྦྱོར་ཚུལ། གོང་ལྟར་ལོ 1_10 བར་ལ་ལོ་རབས་གཅིག་ཟེར་བ་ལྟར། ལོ་བཅུ་ཁ་རེ་ལོངས་ཚེ་ལོ་རབས་གོང་མར་འཕེལ་བ་ཤེས་སླ། དཔེར་ན། སྤྱི་ལོ 2017 ལོ་ནི་དུས་རབས་ཉེར་གཅིག་པའི་ལོ་རབས་བཅུ་བ་ཡིན་པ་ལྟ་བུའོ། །