རང་གཞན་དག་སྣང་ལ་བསྐུལ་བའི་གཏམ་

ཡོང་ཁུངས་Wikipedia

རང་གཞན་དག་སྣང་ལ་བསྐུལ་བའི་གཏམ་ལེགས་ཚོགས་བྱེ་བའི་འབྱུང་གནས།

ཆུང་ངུའི་དུས་ནས་ཤེས་རིག་ཡི་གེ་ལ།། ཤིན་ཏུ་སྤྲོ་བས་རྒྱུན་དུ་འདྲིས་པར་བྱ།། དེ་ཡང་ང་རྒྱལ་གཞི་རུ་མི་འགྱུར་ཞིང་།། ལེགས་ཚོགས་ཀུན་གྱི་རྩ་བར་བསླབ་པར་བྱ།།

སྤྱིར་ན་དབུལ་ཕྱུག་ལེགས་ཉེས་བདེ་སྡུག་ཀུན།། བསོད་ནམས་བསོད་ནམས་མིན་ལས་འབྱུང་བས་ན།། སྡུག་ཡུས་འདྲེན་པའི་ཡུལ་གཞན་མི་འཚོལ་བར།། འཁྲུགས་པ་མེད་པར་དང་དུ་ལེན་པར་མཛོད།།

སྐྱེས་པ་བུད་མེད་སྐྱེ་འབྲས་མཛེས་མི་མཛེས།། གཟུགས་བྱད་རིང་ཐུང་སྤྱང་གྲུང་འཛོམས་མིན་དང་།། བསམ་པའི་འཁྱེར་སོ་ཡུལ་དུས་གནས་སྐབས་སོགས།། ཀུན་ཀྱང་མི་མཚུངས་ཤིན་ཏུ་ཐ་དད་པས།། རྒྱུ་འབྲས་བསླུ་བ་མེད་པའི་ངང་ཚུལ་སྟོན།།

ཞེ་མི་སྙོམས་པར་ཕན་ཚུན་བསྡུར་བ་སོགས།། ཆོས་དང་འཇིག་རྟེན་གང་གིས་གཞལ་ན་ཡང་།། སུས་ཀྱང་མ་བྱིན་སྡུག་གི་ཁུར་པོ་དེ།། རང་གིས་རང་ལ་སྤྲད་པར་གདོན་མི་ཟ།།

ཀུན་ལ་སྙོམས་པའི་བློ་འདི་འཆད་བདེ་ཡང་།། རང་གི་ལག་ཏུ་བསྟར་དུས་དཀའ་བར་སྣང་།།

ཆོས་གོས་བསྣམས་ཏེ་ཆོས་མིན་བྱེད་པ་དང་།། ཁྲིམས་འཛིན་ཡིན་སྐད་རྒྱལ་ཁྲིམས་བཤིག་པ་སོགས།། ཚུལ་མིན་བྱ་བཞག་རྣམ་པ་སྣ་ཚོགས་ཤིག། ཁྲ་ཆུང་མིག་གི་ལམ་དུ་རྒྱུ་བའི་ཚེ།། ཡི་ཆད་ཁོང་འཁྲུགས་བཞིན་ཚུགས་ཁད་ཀྱིས་འགྱུར།། སྟབས་གཅིག་མངོན་པའི་ང་རྒྱལ་ངང་གིས་སྐྱེ།།

དེ་དང་དེ་འདྲ་ང་དང་ཁྱོད་ལ་ཡང་།། སྔོན་དང་ད་ལྟར་བྱུང་དང་འབྱུང་བཞིན་ཡོད།། ཞིབ་ཏུ་བསམ་ཚེ་གཞན་གྱི་རྒྱུ་འབྲས་གང་།། རང་གི་སྡུག་གི་སྣོན་མར་བླངས་བ་ཡིན།། ཅིས་ཀྱང་དོན་མེད་གཏིང་ནས་ཡིད་ཕྱུང་སྟེ།། དག་པའི་སྣང་བ་ཁོ་ནས་འཚོ་བར་མཛོད།།

ཕྱོགས་འཛིན་རིས་ཆད་བློ་ཡི་དྲི་མས་བཏང་།། ཀུན་ཁྱབ་མཁའ་འདྲ་རྡུལ་བྲལ་མེ་ལོང་སྟེ།། དེ་འདྲའི་བློ་ཅན་གང་གི་མདུན་ས་རུ།། རྒྱུ་འབྲས་བླངས་དོར་ངང་གིས་དྭངས་སྙིགས་འབྱེད།།

ཡ་རབས་མཁས་མཛངས་ལྡན་པའི་སྐྱེས་བུ་དེར།། ཆེད་དུ་འཆད་དང་འབེལ་གཏམ་སྙན་པོ་སོགས།། ཤིན་ཏུ་ཕེར་བའི་ཚིག་དག་མེད་ཀྱང་དགའ།། བརྡ་ལན་ཙམ་དང་འགྲོ་འདུག་སྤྱོད་ལམ་སོགས།། ལུས་ངག་བྱ་བ་ཆུང་ངུ་ཙམ་གྱིས་ཀྱང་།། ཆོས་དང་ཆོས་མིན་བསླབ་བྱ་དམར་འབྱིན་སྟོན།།

རྒྱལ་ཁབ་གཅིག་གི་སྟོབས་འབྱོར་མངའ་ཐང་དང་།། མི་འུ་དེ་ཡི་རིམ་བཞིན་ལག་ཆགས་ཚུལ།། ཆུང་ནས་ཆེ་དང་དར་ནས་རྒུད་པ་སོགས།། ཀུན་ནས་མཚུངས་ཕྱིར་སྡུག་ཡུས་མ་ཆེ་ཞེས།། སླར་ཡང་མདོ་དོན་ཚུལ་དུ་བསྐུལ་བ་ཡིན།།

ཕ་མ་བཟའ་ཟླ་བུ་དང་ཚ་བོ་དང་།། མཛའ་གྲོགས་ཕུ་ནུ་སྡེ་གྲོང་ཡུལ་རིས་ཀུན།། ལས་མཐུན་གཅིག་གིས་གྲུབ་པའི་འཇིག་རྟེན་ཏེ།། དགའ་དང་སྤྲོ་དང་གུས་པས་ཅིས་མི་གྲོགས།།

སྲིད་པ་རྒན་པོ་དག་གི་གཏམ་ཇི་བཞིན།། ཁ་མིག་ཡར་ལྟ་སྐུད་པ་ཡར་འཁེལ་མཛོད།། དག་པའི་སྣང་བ་ཅན་གྱི་སྐྱེས་བུ་དེར།། རིགས་མཐུན་ཕུན་ཚོགས་མཐའ་དག་ངང་གིས་འབྱོར།།

མ་རབས་ཅོལ་ཆུང་ལས་ངན་སྐྱེ་བོ་ལ།། ནང་གི་དེ་ཉིད་ཕྱི་རུ་ཤར་བ་བཞིན།། རྐྱེན་ངན་ཆག་སྒོ་ཀུན་ཀྱང་བསྟུད་མར་འབྱུང་།། དེ་ལྟར་ཤེས་ནས་ཕྱོགས་དུས་གང་དུ་ཡང་།། བློ་མིག་གཙང་བ་ཞིག་ནི་གནད་དུ་ཆེ།།

དེས་ནི་ལུས་བདེ་སེམས་སྐྱིད་གཞིར་བཞག་སྟེང་།། འབྱོར་ཕྱུག་གཡང་གི་ར་བ་བརྟན་པ་དང་།། དམ་པའི་ལྷ་ཆོས་རྩ་བའང་ཚུགས་པ་ཡིན།། སྙིང་གཏམ་ལགས་ཕྱིར་ཐུགས་ཀྱི་དཀྱིལ་དུ་སྟིམས།།

དེ་ལྟར་དོན་འགྲུབ་རྣམ་པར་རྒྱལ་བ་དང་།། སྔགས་སྐྱེས་བདུད་འཇོམས་ལ་སོགས་ཉེ་མི་འགས།། སྙན་ཚིག་དགོས་ཞེས་སྔ་ཕྱིར་བསྐུལ་བའི་ངོར།། མི་འཁྱམས་འཆལ་པོ་གུ་རུ་ཚེ་དབང་གིས།། རྒྱ་ནག་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ཞིག་ཏུ།། ཡིད་ལ་གང་ཤར་སེམས་ལ་བསམ་ཞོར་དུ།། དྲན་པའི་ཚིག་དོན་ཡི་གེའི་རིས་སུ་ཕབས།།