Jump to content

ར་རྒྱ་དགོན།

ཡོང་ཁུངས་Wikipedia

    རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ནི། ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་ནམ་རྒྱལ་མཚན་འོད་ཟེར (1726-1803)མཆོག་གིས་ཕྱག་བཏབ་པ་ཡིན། དགོན་འདི་ཕྱག་འདེབས་པ་བོ་དང་འདེབས་པའི་གནས་སོགས་བཀའ་གདམས་ཕ་ཆོས་བུ་ཆོས་གཉིས་ལས་ལུང་གིས་གསལ་བོར་ཟིན་པ་མ་ཟད། པཎ་ཆེན་བློ་བཟང་བསྟན་པའི་ཉི་མ་མཆོག་གིས་ཀྱང་རྒྱལ་བའི་གདན་ས་རྭ་སྒྲེང་དང་མཚུངས་པའི་བསྟོད་བསྔགས་ཀྱི་མེ་ཏོག་གཏོར། དགོན་འདི་ནི་མདོ་སྨད་སྲིད་པའི་ལྷ་ཆེན་རྨ་རྒྱལ་སྦོམ་རའི་ཤར་ཕྱོགས་དང་། རྨ་ཀླུང་དལ་འབབ་རིང་མོ་གཡས་སུ་འཁྱིལ་བའི་བྱང་ཕྱོགས། རྨ་གཉན་ཁྱུང་མགོན་ཡར་སེང་དུ་གྲགས་པའི་འདབས་རོལ། སའི་དགེ་བཅུ་ཚང་ཞིང་འཕགས་པའི་གནས་བརྟན་ཆེན་པོ་བ་ཀུ་ལ་དང་། དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་རྭ་རྒྱ་བཀྲ་ཤིས་ལྗོངས་ཞེས་པར་རབ་བྱུང་བཅུ་གསུམ་པའི་ས་མོ་གླང་(སྤྱི་ལོ1769)ལོར་ཕྱག་བཏབ་ཅིང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་ལེན་ལྟར་ཆོས་འཆད་ཉན་གྱི་གཞི་བཙུགས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་།          དེ་ནས་ཨ་རིག་དགེ་བཤེས་ཆེན་མོས་དགོན་པ་པཎ་ཆེན་རིན་པོ་ཆེར་ཕུལ་བར་ཁོང་གིས་ཞལ་བཞེས་མཛད་ཅིང་བཀའ་ཤོག་ཞིབ་རྒྱས་དང་ཨེརྟི་ནི་མེ་རྒན་མཁན་པོའི་མཚན་གྱི་ཆོ་ལོ་གནང་ཞིང་དགོན་པ་བདག་སྐྱོང་གནང་བར་ཞལ་བཀོད་ལེགས་པོར་བསྩལ། དགོན་འདིའི་ཐོས་བསམ་གྱི་གཞིར་གྱུར་བའི་ཡིག་ཆ་ནི། བསྡུས་གཞུང་དང་། བློ་རྟགས་རྣམ་འགྲེལ། དབུ་ཕར་འདུལ་མཛོད། གསེར་ཕྲེང་། འཇུག་ཊཱིཀ་དགོངས་པ་རབ་གསལ། འདུལ་ཊཱིཀ་རིན་ཆེན་ཕྲེང་བ། མཛོད་ཊཱིཀ་ཐར་ལམ་གསལ་བྱེད། ཐལ་ཕྲེང་སྤྱི་དོན་གང་ཡིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཡིག་ཆ་སོར་གནས་དང་། རྒྱལ་བ་ཡབ་སྲས་ཀྱི་བཀའ་རྩོམ་སྔ་ཕྱིའི་ཞལ་བཞེས་ཀྱི་རྒྱུན་ལྟར་བྱེད། ལོ་རེའི་ནང་དུ་གླིང་བསྲེའི་དཀའ་བཅུ་དང་། རྡོ་གཅལ་དང་། སྨོན་ལམ་རམས་འབྱམས་པའི་མིང་བཏགས་གང་ཡིན་གྱི་བཤད་པ་དམ་བཅའ་སོགས་ཐམས་ཅད་སེར་བྱེས་ནང་ལྟར་གྱི་དེབ་ཡིག་སོར་གནས་བྱེད། དེ་མིན་ལམ་རིམ་འཛིན་གྲྭ་དང་སྔགས་རིམ་འཛིན་གྲྭ་སོགས་ཀྱང་གསར་འཛུགས་དང་ ལམ་སྔགས་གཉིས་སྒྲུབ་པ་མཉམ་ལེན་བྱེད་པའི་བཀའ་རམས་འབྱམས་དགེ་བའི་བཤེས་གཉེན་ཡང་མང་དུ་བྱོན། གཞན་ཡང་བདུན་པའི་རིག་གྲྭ་དང་དགུན་ཆོས་ཆེན་མོའི་རྩོད་རྒྱུགས་སོགས་ཀྱི་སྐབས་སུ་གཞུང་ལུགས་རྒྱ་མཚོའི་དགོངས་དོན་དངོས་སྟོབས་རིགས་པས་འབྱེད་པ་ལ་རྣམ་དཔྱོད་ཀྱི་ཁོ་ལག་མཆོག་ཏུ་ཡངས་པ་དག་གིས། ཕས་རྒོལ་ཟིལ་གྱིས་གནོན་པའི་སྔོན་མེད་ལུང་རིགས་ཀྱི་རུ་མཚོན་མཁའ་ལ་བསྒྲེངས་ཏེ། ལོག་པར་སྨྲ་བ་མཐའ་དག་སྤ་བཀོང་བར་བྱེད་པ་དང་། མཚན་ཉིད་རྩོད་གྲྭའི་མེ་ཏོག་གི་འདབ་སྟོང་ཅིག་གྱུར་དུ་བཞད་པར་མཛད་པ་སོགས་མཁས་པའི་བྱ་བ་རྣམ་གསུམ་གྱི་འོད་སྟོང་ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་འཕྲོ་བར་བྱེད་དོ།།          རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་བྱི (སྤྱི་ལོ1793 ) ལོར་ཨ་རིག་དགེ་བཤེས་ཆེན་མོས་སྐྱབས་རྗེ་ཤིང་བཟའ་པཎྜི་ཏ་མཆོག་ལ་དགོན་པའི་གདན་ས་གཏད་དེ་ཁོང་ཉིད་བྱ་བཏང་གི་ཚུལ་གྱིས་མདོ་སྨད་ཀྱི་དགོན་སྡེ་ཕལ་ཆེ་བ་དང་། དབེན་པའི་རི་ཁྲོད། གནས་བྱིན་ཅན་རྣམས་ལ་ཕེབས་ཏེ་སྐལ་ལྡན་གྱི་སློབ་བུ་བགྲང་ལས་འདས་པར་གང་ལ་གང་འདོད་ཀྱི་ཆོས་ཀྱི་སྦྱིན་པ་ལེགས་པར་བསྩལ་ཞིང་སྒྲུབ་པ་མཉམ་ལེན་རྩེ་གཅིག་ཏུ་གནང་སྟེ་མཐར་རབ་བྱུང་བཅུ་གསུམ་པའི་ཆུ་ཕག (སྤྱི་ལོ1803 )་ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཤིང་། སྐུ་ཞི་བར་གཤེགས་ཁར་ཤིང་བཟའ་པཎྜི་ཏ་ལ་ངའི་ཕུང་བོ་འདི་ཙོག་ཙོག་བྱས་ནས་མ་འཇོག་གསོན་པའི་ཚེ་གང་བོ་ལ་འཇིག་རྟེན་ཆོས་བརྒྱད་བྱས་པའི་མི་ཆོག་ན། ཤི་ཚེ་རོ་ལ་ཡང་འཇིག་རྟེན་ཆོས་བརྒྱད་བྱེད་དུ་བཅུག་ནས་ཅི་བྱེད་ཅེས་གསུངས་པ་དང་། ཡང་ང་ལ་སྤྲུལ་སྐུ་མི་ཡོང་། ཡོང་ན་ལྷག་པར་དུས་སྐབས་འདི་ལ་མི་ཡོང་། འཐབ་རྩོད་འཁྲུགས་ལོིང་འདིའི་ནང་དུ་མི་ཡོང་། ཞེས་གསུངས་པར་སྤྲུལ་སྐུ་འཁྲུལ་མེད་ཅིག་འབྱོན་པར་ནན་ཞུ་ཡང་ཡང་ཞུས་པར། འོ་ངའི་སྤྲུལ་སྐུ་ཡིན་པའི་རྟགས་ཡང་དག་ཅིག་དགོས་ན་དེ་ལ་བཤད་རྒྱུ་ཡོད། ངེད་རང་གི་བློ་ན་རྗེའི་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་བྱང་བོར་སྐྱོར་རྒྱུ་ཡོད། དེ་བསླབ་མ་དགོས་པར་ཤེས་མཁན་གྱི་བྱིས་པ་ཞིག་བྱུང་ན་ངའི་སྤྲུལ་སྐུ་བྱས་ཆོག དེར་མ་ཟད། རྒྱན་གྱི་དར་ཊཱིཀ་དང་། རྣམ་བཤད་སྙིང་བོའི་རྒྱན། མཛོད་ཀྱི་དགེ་ཊཱིཀ ཐར་ལམ་གསལ་བྱེད། རྗེའི་རྩ་འཇུག་གི་ཊཱིཀ་ཆེན་གཉིས་སོགས་ཀྱང་བློ་ན་ཡོད། དེ་མ་བསླབ་པར་འདོན་རྒྱུ་ཡོད་ན་ངའི་སྤྲུལ་སྐུ་ཡིན་པའི་རྟགས་ཡིན་ཞེས་སོགས་སྲིད་ན་རྙེད་པར་དཀའ་བའི་བཀའ་སློབ་རིན་ཐང་བྲལ་བ་མང་དུ་གནང་ །ཨ་རིག་དགེ་བཤེས་ཆེན་མོས་གདན་ས་ཤིང་བཟའ་པཎྜི་ཏ་ལ་གནང་བ་ནས་ཤིང་བཟའ་སྐུ་ཕྲེང་རིམ་བྱོན་གྱིས་དགོན་པ་བདག་སྐྱོང་གནང་བ་ཡིན། དེ་ཡང་འཇམ་མགོན་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་ནི་ཨ་རིག་མགོན་ཤུལ་དུ་སྐུ་འཁྲུངས། ཨ་རིག་དགེ་བཤེས་ཆེན་མོས་རྭ་རྒྱ་དགོན་པ་གསར་འཛུགས་གནང་སྐབས་ཕྱག་རོགས་སུ་ཁྲིད་དེ་རྗེས་སུ་དགོན་པ་གཏོད་པར་རྟེན་འབྲེལ་འགྲིགས། དགེ་བཤེས་ཆེན་མོས་བདག་སྐྱོང་ལ་བརྟེན་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གཞུང་བཀའ་པོད་ལྔ་ལ་སྦྱང་བརྩོན་ལྷོད་མེད་གནང་སྟེ་དགེ་བཤེས་ལྷ་རམས་ཨང་དང་བོའི་མཚན་གནས་ཐོབ་པར་གཞུང་ས་མཆོག་ནས་དངོས་པོའི་བདག་རྐྱེན་དང་གཟེངས་བསྟོད་དངོས་པོ་རྣམས་སྔར་རྒྱུན་བཞིན་གནང་བར་མཛད། དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས་ཏེ་གསང་སྔགས་རྒྱུད་སྡེ་བཞི་སོགས་ལ་སྦྱང་བ་གཤིས་ཕྱིན་པ་མཛད་པར་མ་ཟད་དབང་ལུང་མན་ངག་ཐམས་ཅད་ཀྱི་བདུད་རྩིས་ཐུགས་རྒྱུད་ལེགས་པར་གཏམས་པར་མཛད་དེ་ཕྱིར་རང་དགོན་དུ་ཆིབས་བསྒྱུར་སྐྱོང་བར་མཛད་པ་ན། ཨ་རིག་དགེ་བཤེས་ཆེན་མོས་མདོ་ཕྱོགས་ཀྱི་རྩོད་པ་སློབ་གཉེར་བྱེད་ཚུལ་སེར་བྱེས་གྲྭ་ཚང་ལྟར་བཙུགས་ཡོད་ཀྱང་། སྔགས་ཀྱི་བཤད་སྒྲུབ་བྱེད་པའི་སྡེ་ཞིག་སྔར་མ་བཙུགས་པ་ནི་ཁོ་བོའི་བགོ་སྐལ་དུ་བཞག་པར་དགོངས་ཏེ་གཟའ་སྐར་ཚེས་གྲངས་ཕུན་སུམ་ཚོགས་པའི་ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་དཔལ་གསང་བ་འདུས་པའི་ལྷ་གྲངས་དང་མཉམ་པའི་རྒྱུད་པ་རྣམས་ཇོ་བོ་ཤྰཀྱ་མུ་ནེའི་མདུན་དཔལ་གསང་བ་འདུས་པའི་ཆོ་ག་བདག་མདུན་བུམ་གསུམ་བདག་འཇུག་དང་བཅས། རྩ་རྒྱུད་ཀྱི་ལེའུ་གང་འགྲོ་ཞིག་བཅས་རྒྱུད་སྨད་རང་གི་ཕྱག་ལེན་གནང་སྟེ། རྒྱུད་སྨད་པ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་རྒྱུད་གྲྭ་ཞིག་རང་དགོན་དུ་གསར་འཛུགས་གནང་། དེ་ནས་བདེ་གསང་འཇིགས་གསུམ་རེས་མོས་ཀྱིས་གསུང་གྱིན་དགོན་པར་བསླེབས་ཉིན་བདེ་མཆོག་འདོན་པའི་རེས་མོ་དང་ཁེལ་སོང་བས་རྟེན་འབྲེལ་འགྲིགས་སོང་གསུངས་ནས་ཐུགས་མཉེས་མཛད། ཁོང་གིས་དགོན་པ་འདིར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གསར་འཛུགས་དང་རྒྱུད་སྡེ་བཞིའི་འཆད་ཉན་ཡང་རིམ་གྱིས་སྤེལ་བ་སོགས་སྐུ་དྲིན་གཞལ་མཐའ་བྲལ། མདོར་ན་ཁོང་གིས་དགོན་འདིའི་བསླབ་པ་སློབ་གཉེར་དང་། སྒྲིག་ཀུན་སྤྱོད་སོགས་ལ་ཕྱག་རྗེས་མང་དུ་གནང་མོད་ཁོང་གི་རྣམ་ཐར་རྒྱས་པ་ཟུར་ན་གསལ་བས་དེ་ཙམ་མོ།།          འཇམ་མགོན་ཤིང་བཟའ་པཎྜི་ཏའི་སྐུ་ཕྲེང་རིམ་བྱོན་ནི་ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས། ཤིང་བཟའ་འཇམ་པའི་དབྱངས་བློ་བཟང་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོ། ཤིང་བཟའ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། ཤིང་བཟའ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་(སེར་བྱེས་དགེ་བཤེས)སོགས་ཤིང་བཟའ་རིན་པོ་ཆེའི་སྐུ་ཡི་ཕྲེང་བ་རིམ་བྱོན་གྱིས་དགོན་འདིའི་ཆོས་སྲིད་ལུགས་གཉིས་ལེགས་པར་བསྐྱངས་ཏེ་རྫོགས་ལྡན་གསར་བའི་དུས་ལ་ཅོ་འདྲི་བ་ལྟར་གནང་།གཞན་ཡང་སྒྲུབ་རྒྱུད་བསྟན་པའི་མངའ་བདག་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ། རྭ་རྒྱའི་བཀའ་བཅུའི་དགེ་འདུན་ཤེས་རབ། ཕྱག་མཛོད་བྱམས་པ་གསུང་རབ་སོགས་རིགས་སྨྲ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་བའི་བླ་སྤྲུལ་དགེ་བའི་བཤེས་གཉེན་བརྒྱ་ཕྲག་མང་བོའི་ཐུགས་བཅུད་སྨོན་ལམ་ལ་བརྟེན་ནས་དགོན་འདི་དར་རྒྱས་ཕུན་སུམ་ཚོགས་པ་བྱུང་ཞིང་། ཁྱད་པར་དུ་ཕྱག་མཛོད་བྱམས་པ་གསུང་རབ་གཙོས་གནས་ལྔ་རིག་པའི་གཞུང་ལ་མངའ་བརྙེས་པའི་སྐྱེས་བུ་འགྲན་ཟླ་དང་བྲལ་བ་མང་བོ་བྱུང་། ཕྱག་མཛོད་བྱམས་པ་གསུང་རབ་མཆོག་གི་བརྩམས་གནང་མཛད་པའི་རྩིས་གཞུང་རིགས་ལྡན་སྙིང་གི་ཐིག་ལེ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་འཛམ་བུ་གླིང་དུ་མིང་གྲགས་ཆེ་ཞིང་གཞན་ལ་ངོམ་དུ་རུང་བ་མང་བོ་བཞུགས་པ་སོགས་མདོ་སྨད་སའི་ལྟེ་བར་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་བར་གཞན་དྲང་མི་འཇོག་པའི་ཕྱག་རྗེས་རྨད་དུ་བྱུང་བ་བཞག་ཡོད།          དགོན་སྡེ་འདིར་རིག་གསར་ཡར་སྔོན་དུ་དགེ་འདུན་པ་སུམ་སྟོང་ལྷག་བཞུགས་ཡོད་ཅིང་དེང་གི་དུས་སུའང་དགེ་འདུན་པ་བརྒྱད་བརྒྱ་ཡས་མས་བཞུགས། དགོན་ལག་ཀྱང་ཤར་འོད་དགོན་དང་། སྙན་མོ་དགོན། གསེར་ལག་དགོན། བེ་ཧུ་བེ་ཅང་སོགས་ཆོས་སྡེ་ཆེ་ཆུང་བཞི་བཅུ་ལྷག་ཡོད། མཆོད་གཞིས་སུ་གཏོགས་པའི་ལྷ་སྡེར་སྔོན་ཨ་རིག་ཚོ་དགུ་སྟེ་རྨ་ཆེན་གངས་རིའི་གཡས་གཡོན་དང་། མདུན་རྒྱབ་ཏུ་གནས་པ་དག་གཙོ་བྱས་བོད་སོག་གི་སྡེ་ཧ་ཅང་ཆེ། དེང་གི་དུས་སུའང་རྨ་ཉིན་གྱི་མགར་རྩེ་ཚོ་བ་བཅོ་བརྒྱད། སེ་བད་ཇང་གསུམ། རྨ་སྲིབ་ཀྱི་མཐའ་འདུག་ཚོ་བ་བཞི། རྟ་བོ་དམེ་ཚང་། གངས་རི་ཡུལ་ཚོ། གཡོན་གཞིས། སོགས་རུ་སྡེ་ཁྲི་ཕྲག་བརྒལ་བ་ཡོད། 8
རབ་བྱུང་བཅུ་གསུམ་པའི་ས་གླང (སྤྱི་ལོ1769 ) ལོའི་ཟླ་དགུ་བའི་ལྷ་བབས་དུས་ཆེན་དང་བསྟུན་ནས་ཐོག་མར་ཆོས་ཐོག་ཚུགས་པ་ཡིན་ལ། ཟླ་དགུ་བའི་ཚེས་བཅུ་བཞི་ནས་ཟླ་བཅུ་བའི་ཚེས་བཅུ་བཞིའི་བར་སྟོན་ཆོས་ཆེན་མོ། བཅུ་གཅིག་པའི་ཚེས་བཅུ་དྲུག་ནས་བཅུ་གཉིས་པའི་ཚེས་བཅུ་དྲུག་གི་བར་དགུན་ཆོས་ཆེན་མོ། ཟླ་དང་བོའི་ཚེས་བཅུ་དྲུག་ནས་གཉིས་པའི་ཚེས་བཅུ་དྲུག་གི་བར་དཔྱིད་ཆོས་དང་བོ། གསུམ་པའི་ཚེས་བརྒྱད་ནས་བཞི་བའི་ཚེས་བརྒྱད་ཀྱི་བར་དཔྱིད་ཆོས་གཉིས་པ། བཞི་བའི་ཚེས་བཅུ་བདུན་ནས་ལྔ་བའི་ཚེས་གཅིག་གི་བར་དཔྱིད་ཆོས་གསུམ་པ། ལྔ་བའི་བཅུ་བཞི་ནས་དྲུག་པའི་བཅུ་བཞིའི་བར་དབྱར་ཆོས་ཆེན་མོ། བདུན་པའི་ཚེས་བཅུ་བདུན་ནས་བརྒྱད་པའི་ཚེས་གཅིག་གི་བར་སྟོན་ཆོས་དང་བོ། བརྒྱད་པའི་ཚེས་བརྒྱད་ནས་དགུ་བའི་ཚེས་བརྒྱད་ཀྱི་བར་སྟོན་ཆོས་གཉིས་པ། ཟླ་ཤོལ་ཡོད་ཚེ་ཡར་ངོ་མར་ངོའི་བཅོ་ལྔའི་ཆོས་ཐོག་རེ་ངེས་པར་འཛིན་བཞིན་ཡོད།རབ་བྱུང་བཅུ་གསུམ་པའི་མེ་སྟག (སྤྱི་ལོ1806 ) ལོ་ནས་བརྩམས་ཏེ་ལོ་རེ་བཞིན་ནག་པ་ཟླ་བའི་ཚེས་མགོ་ནས་ས་ཐིག་ཆོག་ག་རང་རང་གི་གཞུང་ལྟར་བསྒྲུབས་ཏེ། དུས་འཁོར། བདེ་གསང་འཇིགས་གསུམ། འཁོར་ཆེན། ཀྱེེ་རྡོར། བཀའ་གདམས་ཐིག་ལེ་བཅུ་དྲུག གདུགས་དཀར། རྡོར་དབྱངས། ཀུན་རིག རྣམ་སྣང་མངོན་བྱང་། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། མི་འཁྲུགས་པ། ཚེ་ཆོག འཇིགས་བྱེད་དཔའ་གཅིག སྨན་ཆོག རྟ་མགྲིན་ཡང་གསང་བཅས་ཀྱི་དཀྱིལ་འཁོར་ཆེན་པོ་བཅུ་དྲུག་གི་སྒྲུབ་མཆོད་རྡུལ་མཚོན་ལ་བརྟེན་པ་ཚེས་བརྒྱད་ནས་བཅུ་བཞིའི་བར་བསྒྲུབས་ནས་བཅོ་ལྔའི་ཉིན་རང་རང་གི་ཁ་སྐོང་སྦྱིན་སྲེག་མཛད་ཅིང་། ཡང་གསང་ལ་སྒྲུབ་མཆོད་དང་འབྲེལ་བའི་བསྐང་བསྐུལ་གཏོར་བཟློག་དབང་གིས་སྦྱིན་སྲེག་དང་བཅས་བསྒྲུབས་ལ། དགུ་བའི་ནང་དུའང་རས་བྲིས་ལ་བསྟེན་པའི་སྒྲུབ་མཆོད་བདག་འཇུག་གཏོར་བཟློག་དང་བཅས་སྦྱིན་སྲེག་མེད་པ་མ་གཏོགས་སྔར་བཞིན་བསྒྲུབས། རྡུལ་མཚོན་ལ་བརྟེན་པའི་དཀྱིལ་འཁོར་བཅུ་དྲུག་གི་ཆོག་ག་དང་ཆོ་གའི་ཕྱག་ལེན་ཕྲ་མོ་ཙམ་ཡང་མ་ཉམས་པར་དུས་ད་ལྟའི་བར་དུ་རྒྱུན་བསྐྱངས་དང་སྐྱོངས་བཞིན་པ་ནི་དགོན་སྡེ་འདི་ཉིད་ཀྱི་ཁྱད་ཆོས་ཉག་གཅིག་ཀྱང་ཡིན་ནོ༎          དགོན་སྡེ་འདིར་མཚན་ཉིད་གྲྭ་ཚང་དང་། རྒྱུད་གྲྭ་གསང་སྔགས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་། དུས་གྲྭ་རིག་ལྡན་ནོར་བུའི་གླིང་། སྨན་གྲྭ་གཞན་ཕན་ནོར་བུའི་གླིང་། རྟ་མགྲིན་ཁང་བཅས་ཡོད་ཅིང་། རྒྱུད་གྲྭ་གསང་སྔགས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིས་སྔགས་རྒྱུད་སྡེ་བཞིར་འཆད་ཉན་གཙོ་བོ་གནང་བཞིན་ཡོད་པ་མ་ཟད། ད་ལྟ་ཡང་དགོན་སྡེ་མང་བོ་དང་མཉམ་དུ་སྔགས་ཀྱི་བགྲོ་གླེང་ལ་ཕེབས་བཞིན་ཡོད། དུས་གྲྭ་རིག་ལྡན་ནོར་བུའི་གླིང་གིས་གྲྭ་ཚང་རང་གི་འདོན་ཆོག་གཙོ་བོར་གནང་བའི་ཞོར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་རྒྱལ་ཟླ་བཟང་ལ་དངོས་སུ་གསུངས་པའི་ཟབ་ཆོས་བླ་ན་མེད་པ་ཕྱི་དུས་ཀྱི་འཁོར་ལོའི་རི་མོའི་ལམ་ནས་སྦྱངས་ཏེ་ནང་དུས་ཀྱི་འཁོར་ལོ་དབུགས་ཀྱི་རྒྱུ་ཚུལ་སོགས་གཏན་ལ་ཕབ། གཞན་དུས་ཀྱི་འཁོར་ལོ་བསྐྱེད་རྫོགས་ཀྱི་རྣམ་གཞག་གཏན་ལ་འབེབ་བྱེད་ངོ་མཚར་བ་རྒྱུད་སྡེ་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་མངའ་བ་སྐར་རྩིས་རིག་པ་སྔོན་ལྟར་སྦྱང་བརྩོན་བྱས་ཏེ་གྲུབ་འབྲས་རྨད་དུ་བྱུང་བ་འབྱུང་དང་འབྱུང་བཞིན་མཆིས་སོ།།
སྨན་གྲྭ་གཞན་ཕན་ནོར་བུའི་གླིང་གིས་གྲྭ་ཚང་རང་གི་འདོན་ཆོག་གཙོ་བོར་གནང་བའི་ཞོར་དུ་གསོ་རིག་རྒྱུད་བཞིའི་འཆད་ཉན་ཤིན་ཏུ་དར་ཡོད། དུས་རབས་འདིར་ཡང་གསོ་དཔྱད་མན་ངག་གི་སྒོ་ནས་སྐྱེ་འགྲོ་ནད་ཀྱི་སྡུག་བསྔལ་གྱིས་མནར་བའི་ཟུག་རྔུ་དྲུངས་ནས་འབྱིན་སླད་ཆེད་གཉེར་སྨན་ཁང་གསར་འཛུགས་དང་གསོ་བྱེད་སྨན་གྱི་ཆེད་མཁས་མང་བོ་གདན་འདྲེན་བྱས་ཏེ་གསོ་དཔྱད་སྨན་གྱི་མན་ངག་དར་སྤེལ་དང་ནད་ཀྱིས་མནར་བའི་འགྲོ་བ་དག་གི་སྡུག་བསྔལ་སེལ་བཞིན་མཆིས།རྟེན་དང་བརྟེན་པའི་སྐོར་ལ་དུས་གསུམ་སངས་རྒྱས་གཙོས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་བགྲང་ལས་འདས་པ་དང་། རྒྱ་བོད་མཁས་གྲུབ་དམ་པ་དག་གི་སྐུ་བརྙན་རྒྱུ་གསེར་ཟངས་དང་སྨན་འདམ། ཙན་དན་དང་ཨ་ག་རུ་ལ་སོགས་པའི་བཞེངས་པའི་སྲིད་ན་རྙེད་པར་དཀའ་བའི་རྟེན་མཆོག་གྲངས་ཀྱིས་མི་ལང་བ་བཞུགས་ཤིང་། རྗེ་ཡབ་སྲས་གསུམ་དང་། རྗེ་བཙུན་པའི་གསུང་འབུམ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། གཞན་ཡང་འདོན་ཆའི་སྐོར་སོགས་ཀྱི་དཔར་ཤིང་རིན་ཐང་གཞལ་དཀའ་བ་ཅི་མང་བཞུགས། ལྷག་པར་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དཔར་ཤིང་ནི་རྒྱལ་ཁབ་ཕྱི་ནང་ཀུན་ན་ཤིན་ཏུ་ཐོབ་པར་དཀའ་བའི་རྭ་རྒྱའི་བཀའ་འགྱུར་ཞེས་སྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་པ་འདི་ལེགས་སོ༎         ཐམ་ག་དང་བཀའ་ཤོག་སྐོར་ལ། རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་ (སྤྱི་ལོ1772) ལོར་པཎ་ཆེན་རིན་པོ་ཆེ་ནས་ཨ་རིག་དགེ་བཤེས་ཆེན་མོར་གནང་བའི་ཨེརྟི་ནི་མེ་རྒན་མཁན་པོའི་བཀའ་ཤོག རབ་བྱུང་བཅུ་གསུམ་པའི་ཤིང་ལུག་ (སྤྱི་ལོ1775 ) ལོར་གོང་མ་ཆེན་ལུང་གིས་གནང་བའི་མཚན་ལེགས་གླིང་ཞེས་པའི་རྒྱ་བོད་སོག་གསུམ་གྱི་ཡི་གེ་ཤན་སྦྱར་བྱས་པའི་གསེར་བྲིས་སྒོ་བྱང་། རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ་ (སྤྱི་ལོ1773 ) ལོར་ལྕང་སྐྱ་རོལ་བའི་རྡོ་རྗེས་གནང་བའི་ཨེརྟི་ནི་མེ་རྒན་མཁན་པོའི་བཀའ་ཤོག རབ་བྱུང་བཅུ་གསུམ་པའི་མེ་མོ་ལུག་གི་ལོར་ཤིང་(སྤྱི་ལོ1787 ) ལོར་ཤིང་བཟའ་པཎྜི་ཏར་བོད་གཞུང་ས་མཆོག་ནས་གནང་བའི་པཎྜི་ཏའི་བཀའ་ཤོག རབ་བྱུང་བཅུ་དྲུག་པའི་ས་ཁྱི ་(སྤྱི་ལོ1958 ) ལོར་ཨ་ཀ་མཆོག་སྤྲུལ་རིན་པོ་ཆེར་བོད་གཞུང་ས་མཆོག་ནས་གནང་བའི་བླ་མ་འབྲིང་ཤོས་ཀྱི་ཐམ་ག་དང་བཀའ་ཤོག ཇེ་ཚང་དགེ་བཤེས་ལ་བོད་གཞུང་ས་མཆོག་ནས་གནང་བའི་གདུགས་རྟ་དར་བཅུ་གསུམ་གྱི་ཐོབ་ཡོད་པའི་བཀའ་ཤོག་དང་། གཞན་ཡང་དགེ་བཤེས་དང་བླ་དཔོན་གྱི་ཐོབ་ཡོད་པའི་བཀའ་ཤོག་དང་ཐམ་ག་གྲངས་མང་བྱུང་།འོན་ཀྱང་དུས་སྙིགས་མའི་རང་མཚང་ཕྱིར་མངོན་ཏེ་གནམ་ས་བླ་འོག་བརྗེས་འདྲའི་དུས་འགྱུར་དྲག་པོའི་ཁྲོད་དགོན་སྡེ་འདིའི་རྟེན་དང་བརྟེན་པ་དང་བཅས་པ་འབྱུང་བཞིའི་ལྟོ་བར་འཐིམ་ཞིང་། བླ་མ་དང་དགེ་བའི་བཤེས་གཉེན་དྲག་རིམ་ཡོད་ཚད་དང་། དགེ་འདུན་པ་སྟོང་ཕྲག་ལྷག་འཛིན་བཟུང་གིས་བཙོན་དུ་ཁྱེར་བ་རེ་གཉིས་ལས་ཕྱིར་འོངས་མ་བྱུང་། སྤྱི་ལོ་1964 ལོར་ཆོས་ལུགས་སླར་གསོའི་ཁ་གཡང་གིས་བསླུས་ཏེ་སྦས་སྐོང་བྱས་ཡོད་པའི་རྟེན་གསུམ་དང་སྡོམ་ལྡན་དགེ་སློང་དག་སླར་ཡང་རྩ་གཏོར་དུ་བཏང་བས་དགོན་ཤུལ་གྱང་ཆག་སྐྱ་བོས་ཁེངས་པར་བྱས་ཤིང་རྟེན་རྩ་ཆེན་སྣ་གཅིག་ཀྱང་ལྷག་ལུས་མེད་པར་བྱས།རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་(སྤྱི་ལོ1980)ཆོས་ལུགས་དད་མོས་སྲིད་ཇུས་འགྱུར་ལྡོག་གིས་ཡང་བསྐྱར་ཆོས་སྒོ་ཕྱེ་སྐབས་ཤུལ་ལྷག་བླ་གྲྭ་ཞེ་བདུན་ལས་མ་བྱུང་། དེ་དག་ནི་སྐུ་ཕྱོགས་རྒྱལ་བ་ཚང་དང་། སྐུ་ཕྱོགས་རྒྱལ་ལི་ཚང་། ཨ་ལག་ཙང་གི་ཚང་། ཨ་ལག་སྨན་ཤུལ་ཚང་། ཨ་ལག་གཙོ་རི་ཚང་གཙོས་སྙིགས་དུས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མཁན་འོད་ཟེར་བཟང་བོ། མཁན་བཟོད་པ་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་མོ་ཨ་ལེ་བློ་བཟང་ཆོས་འཛིན། དགེ་བའི་བཤེས་གཉེན་ཆེན་མོ་བློ་གྲོས་བཟང་བོ། སློབ་དཔོན་བསྟན་སྐྱོང་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་དག་གི་སྐུ་དྲིན་བདག་རྐྱེན་ལ་བརྟེན་ནས་ཕྱི་ནང་གི་རྟེན་གསུམ་བརྟེན་པ་དང་བཅས་པ་གསར་བཞེངས་དང་། འདོན་ཕྱག་ལེན། སྒྲིག་ཀུན་སྤྱོད། གཞུང་བཀའ་པོད་ལྔའི་འཆད་ཉན་སོགས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་སྔར་སྲོལ་ཉམས་མེད་གོང་འཕེལ་དུ་བཏང་བ་ནི་སྲིད་མཐར་ཡང་གཞལ་བར་དཀའ་བའི་་བཀའ་དྲིན་ཉག་གཅིག་ཏུ་འཁུམས་སོ༎            སྤྱི་ལོ 1995 ལོར་སྨྲ་བའི་དབང་ཕྱུག་དམ་པ་སེར་བྱེས་དགེ་བཤེས་༧རྗེ་ངག་དབང་ཟླ་གྲགས་རིན་པོ་ཆེ་གདན་དྲངས་ཏེ་རང་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་དང་། གཙང་དགོན་དོན་འགྲུབ་རབ་བརྟན་གླིང་། རོང་བོ་དགོན་བདེ་ཆེན་ཆོས་འཁོར་གླིང་བཅས་དགོན་པ་གསུམ་གྱི་བླ་མ་དགེ་བཤེས་གཙོ་གྲས་དག་མཉམ་དུ་འཛོམས་ཏེ་རྟ་མགྲིན་ཡང་གསང་མདུན་ནས་མཚན་དཀྲུགས་པས། མདོ་སྨད་འཇང་དགུན་ཆོས་ཆེན་མོ་འཚོགས་པའི་ཐོག་མ་ རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་ལེགས་པའི་བརྟགས་པ་བྱུང་བ་ལ་བརྟེན་ནས་དགོན་འདིར་མདོ་སྨད་འཇང་དགུན་ཆོས་ཆེན་མོ་འཚོགས་པའི་སྲོལ་ཐོག་མ་བཙུགས་ཏེ་བགྲང་བྱ་ཉི་ཤུ་ལྷག་གི་རིང་མདོ་སྨད་ལྷོ་བྱང་གི་ཆོས་སྡེ་ཆེ་ཆུང་མང་བོ་མཉམ་འདུས་ཀྱིས་རྒྱལ་བའི་གསུང་རབ་ལ་ཐོས་བརྩོན་གྱི་བརྡར་ཤ་གཅོད་པའི་སྲོལ་བཟང་ཆེས་ཆེར་དར་བ་མ་ཟད་མདོ་ཁམས་སྟོད་སྨད་བར་གསུམ་གྱི་ཆོས་སྡེ་ཆེ་ཕྲ་ཀུན་ལ་ཤུགས་རྐྱེན་མི་དམན་པ་ཐེབས་ཏེ་ད་སྐབས་ཡུལ་གྲུ་སོ་སོར་འཇང་དགུན་ཆོས་ཆེན་མོའི་སྲོལ་དར་ཁྱབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པ་འདི་ལགས་སོ།།
          སྤྱི་ལོ་2012 ལོར་ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་བཞི་བ་རང་དགོན་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་བསྡུས་ཤིང་སེར་བྱེས་ལྷ་རམས་པ་ལྷོ་བ་བློ་བཟང་འབྲུག་གྲགས་དང་། སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་གཉིས་རྟེན་འབྲེལ་གྱིས་དམ་བཅར་བཞུགས་ཤིང་ཕྱོགས་མཐའ་ཀུན་ནས་ཕེབས་པའི་རིགས་སྨྲ་འགས་བགྲོ་གླེང་སྲིད་ན་འགྲན་ཟླ་དང་བྲལ་བ་གནང་བ་མ་ཟད། ཟབ་དོན་དབུ་མ་ཆེན་མོའི་ཚིག་དོན་ལ་བགྲོ་གླེང་དང་ཐུབ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཐད་ལེགས་བཤད་ཆོས་ཀྱི་ཆར་བ་ལྷུག་པོར་བསྩལ།
          ཉིས་སྟོང་བཅུ་གཉིས་ནས་གཞོན་སྐྱེས་སློབ་གཉེར་བ་རྣམས་ལ་དམིགས་ཏེ་གནའ་དེང་ཟུང་འབྲེལ་སྒོས་སློབ་གཉེར་བྱེད་ཚུལ་རྨད་དུ་བྱུང་བ་ལག་ལེན་ལ་བསྟར་ཏེ་གང་འཚམ་གྲུབ་འབྲས་མི་དམན་པ་བྱུང་ཡོད། ལྷག་པར་གཙུག་ལག་སློབ་གཉེར་ཁང་ཆེན་མོ་བཞེངས་གྲུབ་བྱུང་བ་དང་ལྷན་དུ་གཞུང་ལུགས་རམས་འབྱམས་སྨྲ་བའི་སེར་བྱེས་ལྷ་རམས་པ་ཆེན་མོ་ལྷོ་བ་བློ་བཟང་འབྲུག་གྲགས་མཆོག་ལོ་རེར་གདན་འདྲེན་བྱས་ནས་མདོ་སྔགས་ལེགས་བཤད་ཀྱི་ལྗགས་བཤད་མང་དུ་གནང་།
དུས་རབས་ཉེར་གཅིག་པའི་ཤེས་རིག་གསར་དུ་དར་སྐབས་འདིར། རང་དགོན་གྱི་མཁན་ཟུར་དགེ་བཤེས་རྣམ་པས་དཀའ་ཚེགས་མང་བོ་བརྒྱུད་དེ་རྨ་ཉིན་སྲིབ་ཀྱི་ལྷ་སྡེ་སོ་སོར་ནང་ཆོས་ངོ་སྤྲོད་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱས་པ་དང་། དགོན་གཞུང་ནས་ཀྱང་ལོ་རེ་བཞིན་ལྷ་སྡེ་སོ་སོ་ནས་ནང་ཆོས་སློབ་གཉེར་ལ་གྲུབ་འབྲས་འབུར་དུ་ཐོན་པ་མང་བོ་འདམས་ཏེ་གཟེངས་བསྟོད་དང་བསྔགས་བརྗོད་བྱས་ཤིང་དད་ལྡན་མང་ཚོགས་མཐའ་ཡས་པར་ནང་ཆོས་ཀྱི་གོ་རྟོགས་སྔར་ལས་ཡར་རྒྱས་ཡོང་བར་བསྐུལ་འདེད་བྱས།གཞན་ཡང་རང་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་བོད་ཀྱི་སློབ་གསོ་བ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་སྤྱི་ལོ1994ལོར་གསར་འཛུགས་མཛད་ཅིང་བོད་མདོ་དབུས་ཁམས་གསུམ་ཀུན་ན་མཚན་སྙན་གྱི་བ་དན་དཀར་བོ་ཕྱོགས་བཅུར་གཡོ་བ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དབུ་མའི་བགྲོ་གླེང་དུ་ཕེབས་པའི་དགེ་བའི་བཤེས་གཉེན་ཐམས་ཅད་གདན་དྲངས་ཏེ་བགྲོ་གླེང་དང་གཟིགས་སྐོར་གནང་བར་མ་ཟད་མི་རིགས་སློབ་གསོའི་ཐད་བཀའ་སློབ་ཟབ་མོ་གནང་།སྤྱི་ལོ་2014 ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙུགས་ཏེ་ལོ་འཁོར་ཉི་ཤུ་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་བསྡུས་ཤིང་། མཛད་སྒོའི་སྟེང་མདོ་དབུས་ཁམས་གསུམ་གྱི་བླ་སྤྲུལ། དགེ་བཤེས། སློབ་ཆེན་དག་གི་སློབ་དཔོན་ཆེན་མོ། སྤྱི་ཚོགས་སྟེང་གི་མཁས་བའི་དབང་བོ་སོགས་མཉམ་དུ་འཛོམས་ཏེ་ཐོན་མིའི་སློབ་གསོའི་སྐོར་ལ་བགྲོ་གླེང་དང་གསུང་བཤད་གྱ་ནོམ་པ་གནང་།
        མདོར་ན་ཆོས་སྡེ་ཆེན་པོ་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ཞེས་མཚན་སྙན་སྲིད་པ་གསུམ་ན་གཡོ་བ་འདིར། གཞུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་པའི་དགེ་སློང་འདུལ་བ་འཛིན་པ་གསེར་རིའི་ཕྲེང་བ་ལྟར་བྱོན་ནས། སྐལ་ལྡན་གྱི་གདུལ་བྱ་ལ་གང་ལ་གང་འཚམས་ཀྱིས་དམ་ཆོས་བདུད་རྩིའི་སྒོ་མོ་ཡངས་པོར་ཕྱེས་ཏེ། རིས་སུ་མ་ཆད་པའི་འགྲོ་བ་ཡོངས་ལ་ཕན་བདེའི་ལམ་བཟང་གསལ་བོར་བསྟན་ནས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཡར་ངོས་ཟླ་ལྟར་འཕེལ་བཞིན་པ་འདི་ལགས་སོ།།འདི་ནི་མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་སྔོན་གྱི་བྱུང་བ་རྒྱ་མཚོ་ལྟ་བུ་ལས་མཚམས་སྦྱོར་ཙམ་དུ་བཀོད་པའོ༎

[རྩོམ་སྒྲིག]

ཆོས་ལུགས།

[རྩོམ་སྒྲིག]

བོད་བརྒྱུད་ནང་པའི་གྲུབ་མཐའ་ཆེན་པོ་བཞིའི་ནང་ཚུན་དགེ་ལུགས་པ་རེད།

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

མདོ་སྨད་འབྱུང་དང་། རྭ་རྒྱའི་གདན་རབས་སོགས།

མི་སྣ།

[རྩོམ་སྒྲིག]

ཨ་རིག་དགེ་བཤེས་ཆེན་མོ།

[རྩོམ་སྒྲིག]

༧ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས།

སྐུ་འབུམ་སངས་རྒྱས་རྒྱ་མཚོ།

     ངེས་པ་དོན་གྱི་མཁས་བཙུན་བཟང་གསུམ་འཛོམས་པའི་ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི།  མདོ་སྨད་ཨ་རིག་ཁྱེབ་ཀྱི་སར་ཡབ་མ་ཁྱེ་འཕགས་པ་སྐྱབས་དང་།  ཡུམ་ཨ་སྐྱིད་བཟང་བོ་ཅོག་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་རྟ༼ ཕྱི་ལོ༡༧༢༦ ༽ལོར་སྐུ་འཁྲུངས།  ཆུང་ངུའི་དུས་ནས་མི་གཤིས་དང་ཤེས་རབ་བཟང་པོས་མཁས་གྲུབ་ཆེན་པོ་རྒྱ་ལི་སྤྲུལ་སྐུ་བློ་བཟང་བསྟན་དར་གྱིས་ཡབ་ཡུམ་གཉིས་ལས་བསླངས་ཏེ་རྒྱ་ལི་ཚང་གིས་བུ་ཆུང་འདི་སྤྱན་གྱི་འབྲས་བུ་བཞིན་དུ་ཡུན་རིང་བསྐྱངས།  དགེ་བཤེས་ཁོང་ཉིད་དགུང་ལོ་ཆུང་ངུའི་སྐབས་སུ་རྣམ་གཡེང་རྩེད་འཇོ་སོགས་རིང་དུ་དོར་ནས་ཆོ་ག་ཆོས་སྤྱོད་ཀྱི་རིགས་མཐའ་དག་ལ་འཛིན་སྐྱོར་རྒྱུན་དུ་གནང་བས་ན་མཉམ་ཆོས་གྲོགས་ཀུན་ལས་ཁྱད་དུ་འཕགས་པར་གྱུར།  དགེ་བཤེས་ཁོང་ཉིད་དགུང་ལོ་བཅུ་བདུན་པ་ཆུ་ཁྱི༼ ཕྱི་ལོ༡༧༤༢ ༽ལོར་མཁས་གྲུབ་ཆེན་པོ་རྒྱ་ལི་ཚང་གིས་མཐུན་རྐྱེན་དང་བཀས་བསྐུལ་ཏེ་བོད་དབུས་གཙང་དུ་སློབ་གཉེར་བྱེད་པར་མངགས།  སེ་ར་ཐེག་ཆེན་གླིང་གི་བྱེས་གྲྭ་ཚང་དུ་ཚོགས་ཞུགས་གནང་།  མཁས་མང་སེར་བྱེས་གྲྭ་ཚང་དུ་ལོ་བཅུ་གསུམ་རིང་ལ་སློབ་གཉེར་རྡོ་རུས་ཐུག་པ་ལྟ་བུ་གནང་ཞིང་དཀའ་སྤྱད་ཤུགས་དྲག་གིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན།  
   སློབ་གཉེར་གནང་སྐབས་རྣམ་བཤད་སྙིང་བོའི་རྒྱན་དང་མཛོད་ཊཱིཀ་ཐར་ལམ་གསལ་བྱེད་དང་། རྗེ་བཙུན་པའི་སྤྱི་དོན།  མཐའ་དཔྱོད་སོགས་ཕལ་ཆེར་ཐུགས་འཛིན་མཛད།  མཁས་པ་དུ་མའི་སྤྱན་སྔར་བྱམས་ཆོས་ལྔ་དང་དབུ་མ་རིགས་ཚོགས་དྲུག  ཚད་མ་སྡེ་བདུན།  འདུལ་བ།  མངོན་པ་སོགས་རྒྱ་བོད་ཀྱི་གཞུང་ཆེན་དུ་མའི་ཚིག་དོན་ལ་ཕྲ་ཞིབ་བློ་གྲོས་ཀྱིས་འབད་པས་ཡུན་རིང་སྦྱངས།  དགེ་བཤེས་གྲགས་ཅན་དུ་མས་ཀྱང་གཞུང་གི་དཀའ་གནད་འགའ་ཞིག་འཆད་དཀའ་བ་དང་། ཆོས་གྲྭར་རྩོད་དཀའ་བ་འགར་དགེ་བཤེས་ཁོང་གིས་མཁྱེན་རབ་རལ་གྲི་རྣོན་པོ་མཁའ་ལ་གདེངས་པ་ཙམ་གྱིས་དཀའ་གནད་ཀྱི་མདུད་པ་མཐའ་དག་ཅིག་ཅར་གྲོལ་བར་མཛད། སྐབས་དེར་དགེ་བཤེས་ཁོང་གི་མཚན་སྙན་འབྲུག་སྒྲའི་སྒྲ་དབྱངས་དབུས་གཙང་ཡུལ་དུ་ཁྱབ་པས་མཁས་པ་དང་དགེ་བཤེས་གཞན་གྱི་སྙན་གྲགས་ཀྱི་གོ་འགོག་པར་བྱས་ཡོད་ཀྱང་། དགེ་བཤེས་ཁོང་གིས་རྟག་ཏུ་དམན་ས་དང་ཞི་དུལ་གྱི་སྤྱོད་པ་ལྷུར་བླངས་པས་མཆོག་དམན་ཀུན་གྱི་བསྟོད་བསྔགས་དང་ཕྱག་བྱ་བའི་འོས་སུ་གྱུར།  གྲྭ་ཚང་རང་གི་ཡིག་ཆ་ཙམ་གྱིས་ཡིད་མ་ཚིམ་པར་མངོན་རྟོགས་རྒྱན་གྱི་དར་ཊཱིཀ་དང་།  མངོན་པ་མཛོད་ཀྱི་དགེ་ཊཱིཀ་གཉིས་ཐུགས་ལ་བྱང་བར་བཟུང་སྟེ་སྐྱོར་སྦྱངས་རྒྱུན་དུ་མཛད། བཀའ་པོད་ལྔའི་སྦྱངས་པ་མཐར་ཕྱིན་ཏེ་ལྷ་རམས་དམ་བཅའི་མཚན་བཏགས་གཏད།  ལྷ་རམས་དམ་བཅའི་ཉིན་དང་པོར་ཀླུ་འབུམ་དགེ་བཤེས་བློ་བཟང་དར་རྒྱས་ཀྱིས་བགྲོ་གླེང་བཏང་བས་གྲངས་ཅན་པའི་ལུགས་ལ་ཨ་རིག་ལུང་བར་རྩ་མི་སྐྱེ་ཞེས་ཁས་བླངས་ཀྱང་ཚིག་འཁྲིར་བརྩིས་ཏེ་འགང་ཆུང་བར་བྱེད། འོན་ཀྱང་བདག་སྐྱེས་འགོག་ཚུལ་ལས་བརྩམས་པའི་རྟེན་འབྲེལ་གྱི་འཇོག་མཚམས་ཡིན་པས་དཔྱད་བྱ་སྣང་།  ཉིན་གཉིས་པར་གཞུང་བརྒྱ་སྨྲ་བའི་ཁྱུ་མཆོག་ཐང་རིང་བ་རྒྱ་སེང་གེ་སོགས་མཛོད་འདུལ་གྱི་དགེ་བཤེས་གཞོན་པ་མང་པོ་ལངས་པས་མཛོད་ནས་འཛིན་མཚམས་ལ་ནང་འགལ་འགའ་ཞིག་བྱུང་ཡང་སྤྱིར་སློབ་གཉེར་བ་གྲགས་ཅན་ཡིན་པས་ཤོར་གྲས་སུ་མེད་པར་དམ་བཅའ་ཨང་དང་པོ་བྱུང་།  དེ་ནས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ནས་སྔགས་ལ་སྦྱངས།  དགེ་བཤེས་ཁོང་གིས་སེར་བྱེས་གྲྭ་ཚང་དང་རྒྱུད་སྨད་གྲྭ་ཚང་སོགས་སུ་ཟླ་མེད་བཤེས་གཉེན་དམ་པ་བདུན་ཙམ་བསྟེན་ནས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ངོམས་མེད་བཞེས། སྐབས་དེར་རྒྱལ་བ་གཉིས་པའི་གདུང་འཚོབ་དམ་པ་ཕུར་བུ་ལྕོག་ངག་དབང་བྱམས་པ་རིན་པོ་ཆེའི་ཞབས་པད་བསྟེན་ནས་ཕུར་ལྕོག་རི་ཁྲོད་དུ་ལོ་དྲུག་གི་རིང་ལ་ཟབ་ཆོས་གསན་པ་དང་། སྒོམ་སྒྲུབ་ཀྱི་ཞོར་དུ་རྗེ་ཙོང་ཁ་པའི་མདོ་སྔགས་ཀྱི་ལམ་རིམ་གཉིས་ཐུགས་འཛིན་གནང་སྟེ་སྐུ་འདའ་ཁའི་བར་དུ་ཞལ་འདོན་མཛད། ཕུར་ལྕོག་བྱམས་པ་རིན་པོ་ཆེའི་མདུན་ནས་ཁོང་གིས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་།  བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་།  ཀུན་རིག་གི་དབང་།  རྡོ་རྗེ་སེམས་དཔའ་ལྷ་བཅུ་བདུན་གྱི་དབང་།  འཇམ་དབྱངས་དཀར་པོ་ལྷ་ལྔའི་དབང་།  གདུགས་དཀར་ལྷ་མང་གི་དབང་སོགས་གསན།  དགེ་བཤེས་ཁོང་གིས་ཕུར་ལྕོག་བླ་མ་བྱམས་པ་རིན་པོ་ཆེར་རྟག་ཏུ་ངུ་ཡིས་འཕགས་པ་ཆོས་འཕགས་བསྟེན་པ་ལྟར་བླ་མ་བྱམས་པ་རིན་པོ་ཆེ་མཆོག་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་མཛད་པས་དགེ་བཤེས་ཁོང་ཉིད་ཕུར་ལྕོག་བླ་མའི་སྲས་ཀྱི་ཐུ་བོར་གྱུར།  རི་ཁྲོད་དེར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་རྒྱལ་བའི་དགོངས་པ་ལྟར་ཉམས་མྱོང་གི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས།  སྐབས་དེར་བླ་མ་བྱམས་པ་རིན་པོ་ཆེས་འཁོར་སློབ་རྒྱུ་སྐར་དབུས་ན་དགེ་བཤེས་ཁོང་ཉིད་སྐྱེས་མཆོག་ཟླ་བ་ལྟ་བུར་དགོངས་ནས་རང་གི་རྒྱལ་ཚབ་ཏུ་དབང་བསྐུར། རྒྱལ་སྲས་རྡོ་རྗེ་འཆང་བསྙེན་རྫོགས་སྒྲུབ་སྐབས་དགེ་བཤེས་ཁོང་གིས་ལས་སློབ་ཀྱང་གནང་། དགེ་བཤེས་ཁོང་གིས་ལོ་དྲུག་གི་རིང་ལ་བླ་མའི་རྒྱལ་ཚབ་མཛད་དེ་ཡོངས་འཛིན་ངག་དབང་ཆོས་གྲགས་སོགས་ལ་བཀའ་འགྱུར་གྱི་ལུང་ཕུལ་བ་སོགས་འཆད་སྤེལ་རྒྱ་ཆེར་གནང་།  
 པཎ་ཆེན་རིན་པོ་ཆེ་བླ་མའི་གཙོ་བོ་ཡིན་པ་ལ་དུས་འཁོར་གྱི་དབང་གསན་སྐབས་ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པ་འབུལ་བའི་དམ་བཅའ་མཛད་པ་བཞིན་ཕྱིས་སུ་རྭ་རྒྱ་དགོན་པ་ཡང་ཕུལ།  དགེ་སློང་གི་སྡོམ་པ་ཡང་པཎ་ཆེན་ཐམས་ཅད་མཁྱེན་པར་ཞུས་སམ་སྙམ། རྒྱལ་དབང་བསྐལ་བཟང་རྒྱ་མཚོར་ཆོས་འབྲེལ་གསན།  ཁྲི་ཆེན་ངག་དབང་མཆོག་ལྡན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་མཇལ་ཁ་ལན་གཅིག་ཞུས།  ལྕང་སྐྱ་རོལ་བའི་རྡོ་རྗེ་ལས་བཀའ་ཆོས་མང་པོ་གསན།  དབང་གནང་ན་དགེ་བཤེས་འདྲ་མང་དུས་དབང་བརྡ་སྤྲོད་ཙམ་མཛད།  གཞན་པའི་དུས་ཆ་གསུམ་གཅིག་གི་ཐུགས་བྲེལ་ལས་མི་སྣང་།  སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་ཅེས་གསུངས།  གཞན་སྔགས་ཆེན་འཇམ་དབྱངས་ཆོས་འཕེལ་ཚང་གི་མདུན་ནས་རྡོ་རྗེ་སེམས་དཔའི་དབང་སོགས་གསན་བཞེས་གནང་ཞིང་།  ལྕང་ར་ངག་དབང་འཕྲིན་ལས་ཀྱི་མདུན་ནས་དགེ་བཤེས་ཁོང་གིས་མགོན་པོ་སྙིང་ཞུགས་ཀྱི་ཁྲིད་གསན།  པཎ་ཆེན་རིན་པོ་ཆེའི་བཀས་རང་ཡུལ་དུ་དགོན་པ་འདེབས་པར་བསྐུལ་བ་བཞིན་མདོ་སྨད་དུ་འབྱོན་ཁར་སྒོ་ལའི་ནང་དུ་ཀློང་བརྡོལ་བླ་མ་ཕེབས་ཏེ་ཕན་ཚུན་ཕྱག་ནས་བཟུང་སྟེ་ཐུགས་སྨོན་གནང་། ཕ་ཡུལ་གྱི་གཉེན་ཉེ་ཡུལ་མི་རྣམས་ཀྱིས་མདོ་སྨད་དུ་སྤྱན་འདྲེན་པའི་ཕོ་ཉ་བཏང་བར་བརྟེན་མདོ་སྨད་དུ་ཕེབས།  
  རང་ཡུལ་དུ་བྱོན་ནས་མཚོ་སྔོན་བོད་སོག་གི་བླ་དཔོན་སེར་སྐྱ་ཆེ་ཕྲ་མང་པོས་དགེ་བཤེས་ཁོང་ཉིད་བླ་མར་བསྟེན་ཞིང་སྤྱི་བོར་བཀུར།  བླ་དཔོན་སེར་སྐྱ་མང་པོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དུ་འགྲོ་དོན་རྒྱ་ཆེར་མཛད།  ཨ་རིག་དགེ་བཤེས་ཁོང་ཉིད་འབལ་མདོ་ན་བཞུགས་སྐབས་སུ་ཤིང་བཟའ་སྤྲུལ་སྐུ་ཚང་ཐོག་མར་མཇལ་བར་ཕེབས་ཏེ།  ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་འཇིགས་བྱེད་དང་ཀུན་རིག  གསང་འདུས་སོགས་ཀྱི་དབང་ཆེན་དེར་བཞུགས་སེར་སྐྱ་ཡོངས་ལ་བསྩལ།  དགུང་ལོ་ཞེ་བཞི་བ་ས་གླང༼ ཕྱི་ལོ༡༧༦༩ ༽ལོར་རྭ་རྒྱ་དགོན་བཀྲ་ཤིས་འབྱུང་གནས་བཏབ།  དགེ་བཤེས་ཁོང་གིས་རྭ་རྒྱ་དགོན་པ་པཎ་ཆེན་རིན་པོ་ཆེར་ཕུལ་བར་ཨེར་ཏི་ནི་མེར་གན་མཁན་པོའི་ཆོ་ལོ་དང་། མཚན་ཉིད་ཚུགས་དགོས་ཀྱི་བཀའ་ཕེབས་བཞིན་སེར་བྱེས་ལྟར་གྱི་འཆད་ཉན་བཙུགས།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཁྲི་རྒན་དུས་ཀྱི་གྲྭ་རྒྱུན་ཡི་ངོགས་བླ་མ་ཀུན་བཟང་ཁྲིར་བསྐོས་ཏེ་བརྩི་བཞག་གཏོང་དུ་བཅུག  ལོ་ཤས་ནས་ས་གནོད་ཆེ་བ་ལ་སྟོང་ཆེའི་མཁར་ནག་བོན་པོས་ས་འདུལ་བྱས། དང་པོར་གྲྭ་ཚོགས་བཞི་བརྒྱ་ཙམ་འདུས་པ་ཨ་རིག་དང་སོག་པོའི་རུ་འཐོར་བས་བརྒྱ་མ་ལོངས་ཙམ་ལ་བབས།   
    རྗེ་ཉིད་འབྲོག་ཁྲོད་ཕེབས་བཞུད་ཀྱི་སར་ཐུད་གང་བྱུང་མཉམ་བརྫི་བྱས་པའི་ཐུད་གདར་གཉིས་རེ་མཛོ་ཁལ་བྱས་ཏེ་གྲྭ་མང་ལ་བགོས།  ཇ་མར་ནས་གསུམ་གྱི་ཕོག་བུད། ཕྱིང་བ་དང་རས་ཁ་གང་རྙེད་ཀྱིས་གྲྭ་བ་རང་རང་གི་ལུས་ཚད་དང་བསྟུན་ཕྱིང་འགག་བཟོས།  གཟན་ཤམ།  ཞྭ་ཟླམ།  ཐ་ན་འཚེམ་སྐུད་ཡན་ཆད་དགེ་བཤེས་ཉིད་ནས་གནང་། རྐང་བྲོ་ཙམ་གྱི་གྲྭ་བ་གཞན་དུ་འགྲོ་ན་ངས་བཙེམས་པའི་གྱོན་པ་ཞོག་ལ་སོང་། གཉོམ་ཆུང་སྡོད་མཁན་རེ་བྱུང་ན་དགོས་གསུངས།  འདི་ལས་དགའ་བྱས་ན་ངས་ཐུབ་ཀྱང་ཧ་ཅང་བརྒྱག་ན་གྲྭ་བ་འདི་ལ་དྲན་རྒྱུ་མང་། རན་ཙམ་ཡིན།  གླ་བ་མི་ཚོ་རི་རྫད་ཙམ་གྱི་དཔེ་ལྟར་ངས་གསོ།  མཚན་ཉིད་ཟེར་རྒྱུ་དེ་མི་མང་པོས་རྩོད་དགོས་པ་ཞིག་རེད།  རྩོད་པ་དཀའ།  རྗེའི་བསྟན་པ་དང་མཇལ་བ་ལ་བག་ཆགས་ཅི་ཐེབས་གྱིས། སྐྱོར་སྦྱངས་ལ་རེམ་གསུངས་པས་ལོ་གཅིག་ལ་རྣམ་བཤད་སྙིང་བོའི་རྒྱན་སྐྱོར་མཁན་ཉེར་ལྔ་དང་།  གཞན་ལེགས་བཤད་སྙིང་བོ།  རྗེ་བཙུན་པའི་ཕར་ཕྱིན་སོགས་སྐྱོར་མཁན་མང་ཞེས་ཨ་རིག་གསུང་རབ་ཚང་གིས་གསུངས་ཟེར། དགེ་བཤེས་ཁོང་གིས་ཐུགས་བཀོད་གནང་སྟེ་གཙང་ཁང་དང་འདུ་ཁང་། ཆོས་གྲྭ་སོགས་གསར་བཞེངས་མཛད། གྲྭ་མང་ལ་རྒྱུན་དུ་ཐུགས་མཐུན་ཁྲིམས་གཙང་དང་བསླབ་གསུམ་ཉམས་ལེན་ལ་གཞོལ་བའི་ངོས་ནས་གཞུང་ཆེན་རྣམ་བཞི་ལ་ཐོས་བསམ་བྱེད་དགོས་པའི་བསླབ་སྟོན་གནང་ནས་མཚན་ཉིད་ཀྱི་བཤད་གྲྭ་འཕེལ་རྒྱས་སུ་བཏང་།  
    རྒྱུད་པ་དང་དུས་འཁོར་སོགས་འཛུགས་པའི་སྟ་གོན་ཡང་མཛད། ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་སོགས་མང་དུ་བཞེངས་ནས་དགོན་པ་ལོ་ཉེར་བཞི་འམ་ཉེར་ལྔའི་བར་དུ་བསྐྱངས།  མཁས་དབང་གཙང་བ་སྤྲུལ་སྐུ་བསྟན་པ་རྒྱ་མཚོ་མཆོག་གིས་གཙོ་མཛད་དེ་གཞིས་བྱེས་ཀྱི་གསན་མཁན་མང་པོར་དབང་ལུང་མན་ངག་རིགས་མང་དུ་བསྩལ་ཅིང་གཙང་བ་སྤྲུལ་སྐུའི་གདན་ས་གཙང་དགོན་དོན་གྲུབ་རབ་བརྟན་གླིང་དུ་ཞབས་སོར་བཀོད་ནས་དགོན་པའི་འཛིན་སྐྱོང་མཐའ་དག་ཁུར་དུ་བཞེས། དགེ་བཤེས་ཁོང་གིས་རྒྱུན་དུ་དཔལ་གསང་བ་འདུས་པའི་རིམ་གཉིས་གཙོར་བཏོན་ནས་ཐུགས་དམ་ཟབ་མོའི་ཉིན་མཚན་འདའ་བར་མཛད་ཅིང་འཚོ་བའི་ཞལ་ཏ་ཙམ་ཡང་རང་གིས་བསྒྲུབས། སྔར་ཐུགས་ལ་བཟུང་བའི་མདོ་སྔགས་ལམ་རིམ་གཉིས་ཀྱི་སྟེང་བྱང་ཆུབ་གཞུང་ལམ་དང་།  དངོས་གྲུབ་སྙེ་མ་གཉིས་ཐུགས་ལ་བཟུང་ནས་མཛད་པ་ཐ་མའི་བར་དུ་ཞལ་འདོན་ཆགས་མེད་མཛད།  
     དགུང་ལོ་ལྔ་བཅུ་བ་ཤིང་ལུག༼ ཕྱི་ལོ༡༧༧༥ ༽ལོར་རྭ་རྒྱ་དགོན་དུ་གཡེར་གཤོང་དགེ་འདུན་ཟླ་གྲགས་སོགས་གཞིས་བྱེས་ཀྱི་ཆོས་ཉན་མཁན་མང་པོར་ལམ་གཙོ་རྣམ་གསུམ་གྱི་མཆན་འགྲེལ་དང་དགོངས་འགྲེལ་ལུང་རིགས་གཏེར་མཛོད། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི་འགྲེལ་བ་ལེགས་བཤད་སྙིང་བོ། ལམ་རིམ་དམར་ཁྲིད་མྱུར་ལམ། བཀའ་གདམས་ཕ་ཆོས་བུ་ཆོས།  བེའུ་བུམ་སྔོན་པོའི་འགྲེལ་བ། ཐོག་མའི་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད།  དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག  རྟོགས་བརྗོད་མདུན་ལེགས་མའི་འགྲེལ་བ་སོགས་གསུང་ཆོས་མང་དུ་བསྩལ།  དགུང་ལོ་ང་ལྔ་བ་ལྕགས་བྱི༼ ཕྱི་ལོ༡༧༨༠ ༽ལོར་སྐལ་ལྡན་གདུལ་བྱ་མང་པོའི་ཆེད་དུ་སོག་ཕྱོགས་སུ་ཕེབས།  དེ་ནས་ཕྱིར་ཕེབས་ནས་གཡེར་གཤོང་དགེ་འདུན་ཟླ་གྲགས་སོགས་ལ་བླ་མ་མཆོད་པའི་ཁྲིད་དང་སྨན་ཆོག་ཡིད་བཞིན་དབང་རྒྱལ་སོགས་ཀྱི་ལུང་གནང་།  སྐབས་ཤིག་རོང་བོ་ཤར་སྤྲུལ་བའི་སྐུ་དགེ་འདུན་འཕྲིན་ལས་རབ་རྒྱས་པས་རེབ་གོང་རོང་བོར་གདན་དྲངས་ཏེ་རིགས་ཀྱི་ཅོད་པན་དུ་བཀུར།  ཤར་སྤྲུལ་སྐུས་གཙོས་བླ་གྲྭ་མང་པོར་དབང་ལུང་རྗེས་གནང་སོགས་ཆོས་བཀའ་མང་དུ་གནང་།  རེབ་གོང་ཕྱོགས་ཀྱི་དད་ལྡན་མང་པོའི་འགྲོ་དོན་རྒྱ་ཆེར་མཛད། 
     དགུང་ལོ་ང་བདུན་པ་ཆུ་སྟག༼ ཕྱི་ལོ༡༧༨༢ ༽ལོའི་དབོ་ཟླ་བའི་ཚེས་བཅུ་གཅིག་ཉིན་རྭ་རྒྱ་དགོན་དུ་གཞིས་བྱེས་ཀྱི་གསན་མཁན་ཆེས་མང་པོར་རྗེ་ཙོང་ཁ་པའི་གསུང་འབུམ་གྱི་ལུང་ཡོད་དོ་ཅོག་དང་།  པོ་ཏོ་བ་ཆེན་པོའི་གདམས་ངག་གནམ་ཐིག་དང་།  དཔེ་ཆོས་རིན་ཆེན་སྤུངས་པའི་རྩ་འགྲེལ།  བློ་སྦྱོང་དོན་བདུན་མའི་རྩ་འགྲེལ།  བློ་སྦྱོང་རྨ་བྱ་དུག་འཇོམས་སོགས་བློ་སྦྱོང་གི་སྐོར་དང་།  གོང་ས་ལྔ་བའི་ཡི་དམ་སྒྲུབ་སྐོར།  དགེ་བཤེས་ཁོང་ཉིད་ཉིད་ཀྱིས་བརྩམས་པའི་ཀུན་རིག་གི་བསྙེན་ཡིག་སོགས་ཟབ་རྒྱས་ཀྱི་འཁོར་ལོ་ཟླ་བ་གསུམ་ལྷག་གི་བར་དུ་རྒྱ་ཆེར་བསྐོར་བར་མཛད།  དགུང་ལོ་དྲུག་ཅུ་བ་ཤིང་སྦྲུལ༼ ཕྱི་ལོ༡༧༨༥ ༽ལོར་རྭ་རྒྱ་དགོན་དུ་གཞིས་བྱེས་ཀྱི་ཆོས་གསན་མཁན་མང་པོར་མདོ་སྡེ་མཛངས་བླུན་དང་།  བྱམས་པའི་ཞུས་པའི་མདོ།  བྱམས་པས་ལུང་བསྟན་པའི་མདོ།  ཀུན་ཏུ་རྒྱུ་སེན་རིང་གི་ཞུས་པའི་མདོ།  མི་ལའི་རྣམ་ཐར།  བསྐལ་བཟང་རྒྱན་འཕྲེང་།  བསྟོད་སྤྲིན་རྒྱ་མཚོའི་འགྲེལ་བ།  རྟེན་འབྲེལ་བསྟོད་པའི་འགྲེལ་བ་སོགས་ཀྱི་ལུང་། མཁས་གྲུབ་ཆིག་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་གྱི་བཤད་ཁྲིད་སོགས་གནང་།  དགུང་ལོ་རེ་གཉིས་པ་མེ་ལུག༼ ཕྱི་ལོ༡༧༨༧ ༽ལོའི་དཔྱིད་ཀར་གཡེར་གཤོང་དགོན་པར་ཕྱག་ཕེབས།  གཡེར་གཤོང་དགེ་འདུན་ཟླ་གྲགས་ཀྱིས་གཙོས་གསན་མཁན་མང་པོར་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་གྱི་ལུང་དང་།  རྗེ་ཕུར་ལྕོག་ངག་དབང་བྱམས་པའི་གསུང་འབུམ་གྱི་ལུང་།  ལམ་རིམ་བདེ་ལམ་གྱི་ཁྲིད་ཆོས་ཐུན་བདུན་མ།  བདེ་མཆོག་ལཱུ་ཨི་བའི་དབང་ཆེན།  རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་ཆེན།  སྙིང་བོ་དོན་གསུམ་གྱི་ཁྲིད།  བློ་སྦྱོང་དོན་བདུན་མའི་བཤད་ལུང་བཅས་ཟླ་བ་གཉིས་ལྷག་གི་རིང་ལ་མདོ་སྔགས་ཆོས་ཀྱི་ཆར་ཆེན་དགུང་ནས་ཕབས།  སྐབས་དེར་དགེ་བཤེས་ཉིད་ཀྱིས་སེར་སྐྱ་ཕོ་མོ་ཁྲི་ཕྲག་བརྒལ་བ་ཚོགས་པའི་ཁྱིམ་པ་རྣམས་ལ་སྡིག་སྤོང་དགེ་སྒྲུབ་ལས་བརྩམས་པའི་གསུང་བཤད་དང་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་ཁྲིམས་འབོགས་པ་སོགས་གནང་།  རྭ་རྒྱ་དགོན་དུ་དགེ་བཤེས་ཁོང་གིས་མདོ་སྡེ་བསྐལ་བཟང་དང་དཔང་སྐོང་ཕྱག་རྒྱ་བ།  གཟའ་ཡུམ།  རྡོ་རྗེ་གཅོད་པ།  བློ་སྦྱོང་ཆིག་ལབ་རིང་མོ།  བརྒྱ་རྩའི་ལུང་སོགས་གནང་།  རྗེ་གསེར་ཁང་པ་དགུང་ལོ་བཅུ་གསུམ་ཡས་མས་སུ་རྭ་རྒྱ་དགོན་དུ་དགེ་བཤེས་ཁོང་གི་མདུན་ནས་རྣམ་བཤད་སྙིང་བོའི་རྒྱན་དང་།  བྱང་ཆུབ་ལམ་རིམ་ཆེན་མོ།  མདོ་ཏིང་ངེ་འཛིན་གྱི་རྒྱལ་བོ་རྣམས་ཀྱི་ལུང་དང་།  རྡོ་རྗེ་འཇིགས་བྱེད་ཀྱི་དབང་སོགས་གསན་བཞེས་གནང་། 
    དགེ་བཤེས་ཁོང་ཉིད་རི་ཁྲོད་དུ་ཕེབས་ཁར་གྲྭ་མང་ལ་རྣམ་རྒྱལ་མ་དང་སྒྲོལ་མའི་ལུང་གནང་སྐབས།  སྒྲོལ་མ་འདི་ང་ལ་ཨ་མས་བསླབས་པ་ཡིན་དག་རྒྱུ་མེད།  འོན་ཀྱང་།  ངེད་ཀྱི་ངག་སྒྲོས་མ་བྱས་ཁྱེད་ཚོའི་འདི་བཞིན་འདོན་མི་དགོས་གསུངས།  དེའི་མཇུག་ཏུ་ངེད་ཀྱི་དགོན་པ་འདིར་གྲྭ་བ་མང་པོ་མི་དགོས། སོ་སོ་སྐྱེ་བོ་མང་ན་མི་བཟང་།  འདུ་ཁང་འདིར་སངས་རྒྱས་སྟོང་སྐུ་ཡང་བྲིས་ཡོད།  སངས་རྒྱས་སྟོང་བོ་དེ་དག་མང་ཇ་བཟང་ན་ཡང་འཛུམ་མེ་རེ་ངན་ན་ཡང་འཛུམ་མེ་བཞུགས་ཡོད་གསུངས།  གཞན་ཡང་སྐུ་སྐྱེ་ཟེར་བ་འདི་སྲོལ་བཟང་པོ་མིན་ཚུལ་དང་།  མཁས་བཙུན་བཟང་གསུམ་གྱི་ནང་ནས་ང་ལ་གཅིག་གདམ་དུ་བཅུག་ན་བཙུན་པ་འདེམས་ཞེས་གྲྭ་མང་ལ་ཚོགས་གཏམ་མང་དུ་གནང་བ་མ་ཟད།  ཕྱི་སྐོར་ཞིག་ལ་བྱོན་དུས།  དགོན་པའི་མཐའ་ན་ཡོད་པའི་རུས་པ་ཐམས་ཅད་བཏུས།  ཐུ་བ་གང་ཁྱེར་ཡོང་ནས་འདུ་ཁང་གི་སྒོར་སྤུངས་ཏེ།  གྲྭ་བ་རྣམས་བོས་ཏེ་འདི་ལ་ལྟོས་ཨང་ལས་ངན་པོ་ངས་དགོན་པ་འདི་ཅི་ལ་བཏབ་བཞག་པ་རེད།  མ་བཏབ་ན་ཨང་།  དེང་ཕྱིན་ཆད་ཁྱེད་ཚོས་བན་རྒན་བླ་མ་ཞིག་ལ་བརྩི་ན་འདི་འདྲ་མ་བྱེད་གསུངས་པས།  དེ་ནས་བཟུང་དགོན་པའི་མཐའ་ཚོ་གཙང་སིང་ངེར་གནས་སྐད།  སྐབས་ཤིག་ལ་ཨ་རིག་དགེ་བཤེས་ཆེན་མོས་ཤིང་བཟའ་སྤྲུལ་སྐུ་ཚང་ཕྱག་ཕྱིར་ཁྲིད་ནས་ཁྲི་ཀ་དང་།  ཨ་ཆུང་གནམ་རྫོང་།  བྲག་བྱ་ཁྱུང་།  སྐུ་འབུམ།  ཟི་ལིང་སོགས་སུ་ཕེབས།  ཟི་ལིང་དུ་མཁས་པ་མི་གསུམ་གྱི་བཞུགས་གནས་མཁར་ནང་གི་གྲྭ་ཚང་བཞི་སོ་སོའི་རྟེན་སོགས་མཇལ་ནས་ཟི་ལིང་མཁར་ལ་སྐོར་བ་ལན་མང་མཛད། དེ་ནས་རིམ་གྱིས་བྱམས་པ་འབུམ་གླིང་དང་།  རི་བོ་དན་ཏིག  ཡང་ཏིག  མཛོ་མོ་མཁར།  ཀ་ཅུའི་མཆོད་རྟེན་དཀར་པོ།  ཨ་འགང་རྟ་མགྲིན་རང་བྱོན།  ལོ་ཀྱྰ་ཏུན་སོགས་ལ་མཇལ་སྐོར་དུ་ཕེབས།  ཕྱིར་ལམ་ཙོང་ཉིན་ཕྱོགས་ཀྱི་དགོན་སྡེ་གསེར་ཁོག་བཙན་པོ་དགོན།  དགོན་ལུང་།  ཆུ་བཟང་།  དམར་གཙང་བྲག  བ་ཝོན་ཐུགས་རྗེ་ཆེན་པོ།  ཤ་བར་འོད་དཔག་མེད།  བྲ་སྟི་སྒྲོལ་མ་རང་བྱོན།  སྟོང་སྐོར་དགོན་པ།  སྒོ་མེ་བར་ཝོན་སོགས་བརྒྱུད་ནས་རྭ་རྒྱ་བཀྲ་ཤིས་འབྱུང་གནས་སུ་ཕེབས།  ཐེངས་ཤིག  ཁོང་རེབ་གོང་རྫོང་དཀར་དགོན་དུ་ཕེབས་ནས་རྗེ་མ་ཎི་བ་བློ་བཟང་མཁས་མཆོག་ཚང་དང་ལྷན་དུ་ཆོས་ཀྱི་གསུང་གླེང་མང་དུ་མཛད།  རྣམ་པ་གཉིས་སྔར་ནས་ཐུགས་ཡིད་གཅིག་འདྲེས་དང་འབྲེལ་འདྲིས་ཤིན་ཏུ་ཟབ་པའི་ཁར་ཕན་ཚུན་ཡོན་ཏན་མཛད་སྤྱོད་ལ་དད་གུས་བླ་ལྷག་ཏུ་འཕེལ། ཨ་རིག་དགེ་བཤེས་ཆེན་མོ་ཚང་གིས་རྗེ་མ་ཎི་བ་བློ་བཟང་མཁས་མཆོག་ཚང་གི་ཡོན་ཏན་རང་བཞིན་བརྗོད་པ།  
     ཕུན་ཚོགས་ཚེ་དང་ཡེ་ཤེས་མཆོག་སྩོལ་བའི། ཞེས་པའི་ཞབས་བརྟན་གསོལ་འདེབས་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་ཀྱང་བརྩམས།  རྗེ་མ་ཎི་བ་བློ་བཟང་མཁས་མཆོག་ཚང་གིས་ཨ་རིག་དགེ་བཤེས་ཆེན་མོ་ཚང་ལ་ན་བཟའ་སྤུས་ལེགས་ཆ་ཚང་ཞིག་ཕུལ་ཏེ།  ཕྱིང་སེར་དང་སྣམ་སྦྱར་གྱོན་ནས་འཚང་རྒྱ་ན་ངེད་ཅག་སངས་རྒྱས་དགོས།  ད་རེབ་ན་བཟའ་འདི་རྣམས་བཞེས་དགོས་ཞུས་པར།  ཨ་རིག་དགེ་བཤེས་ཚང་གིས་ན་བཟའ་རྣམས་སྐུ་ལ་མནའ་ནས་རྫོང་དཀར་དགོན་པའི་རྟེན་རྣམས་ལ་ཞིབ་མཇལ་གནང་སྐབས་འབྱུང་འགྱུར་གྱི་ལུང་བསྟན་ཡང་གསུངས།  དགུང་ལོ་རེ་བདུན་པ་ཆུ་བྱི༼ ཕྱི་ལོ༡༧༩༢ ༽ལོར་ལ་མོ་བདེ་ཆེན་ཆོས་གླིང་གི་མཁན་ཁྲིར་བཞུགས་བཞིན་པའི་སྐབས། དགེ་བཤེས་ཁོང་གིས་བསྟན་འགྲོའི་ཕན་བདེ་འབའ་ཞིག་ཐུགས་ལ་དགོངས་ནས་སྦྲ་ནག་ཁག་གསུམ་གྱིས་གཙོས་ཕྱོགས་ཀྱི་ཇག་རྐུན་རྣམས་ཀྱི་བྱ་སྤྱོད་ངན་པ་ཇེ་ལོད་དུ་སོང་ན་ཡུལ་ཕྱོགས་ཀུན་ལ་གནོད་ཚབས་ཆེ་བར་དགོངས་ནས། དགེ་བཤེས་ཁོང་དང་ཕྱོགས་ཀྱི་བླ་མ་མང་པོས་དགོངས་པ་གཅིག་དྲིལ་གྱིས་རྐུན་ཁྲིམས་སྡོམ་ཞེས་གསུང་བསྐུལ་མཛད་པ་བཞིན། 
     ལ་མོ་བློ་བཟང་ཕན་བདེའི་དབང་ཕྱུག་མཁས་བཙུན་རྒྱ་མཚོ་དང་ཤར་སྤྲུལ་སྐུ་དགེ་འདུན་འཕྲིན་ལས་རབ་རྒྱས་སོགས་ཀྱིས་གཙོས་ཕྱོགས་ཀྱི་བླ་མ་མང་པོ་ལྷན་ཅིག་ཏུ་འཛོམས་ཏེ་ཇག་མི་ཆེ་ཆུང་ཀུན་ལ། ཁྱེད་ཚོས་བྱ་ངན་སྤྱོད་ངན་འདི་དག་གི་འཕྲོ་བཅད་ན་ལེགས་ཚུལ་གྱི་བསླབ་བྱ་ནན་ཏན་དུ་བསྩལ་བས་ཡུལ་གྲུ་དུ་མ་བདེ་འཇགས་ལ་བཀོད།  དེའི་སྐབས་སུ་དགེ་བཤེས་ཁོང་གིས་དེར་འདུས་ཚོགས་ཡོངས་ལ་མདོ་སྡུད་པ་དང་།  སྐྱབས་འགྲོའི་ཁྲིད་སོགས་བསྩལ། དགེ་བཤེས་ཁོང་ཉིད་དགུང་ལོ་རེ་བརྒྱད་པ་ཆུ་གླང༼ ཕྱི་ལོ༡༧༩༣ ༽ལོར་གཡེར་གཤོང་དགེ་འདུན་ཟླ་གྲགས་མཆོག་གིས་གཡེར་གཤོང་དགོན་པར་གདན་དྲངས། བླ་གྲྭ་འདུས་ཚོགས་ཡོངས་ལ་ལམ་སྒྲོན་གྱི་རྣམ་བཤད་ཕུལ་བྱུང་བཞད་པའི་དགའ་སྟོན། དགེ་བཤེས་ཁོང་གི་གསུང་རྒྱུན་ལམ་རིམ་ཟིན་བྲིས།  འཇམ་དཔལ་ཞིང་བཀོད་ཀྱི་མདོ།  ལམ་རིམ་བསྡུས་དོན།  གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ཀྱི་རྗེས་གནང་སོགས་གནང་།  དགོན་གནས་དེར་ཆུ་སྟོད་ཟླ་བའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་འཇམ་དབྱངས་ཀྱི་སྐུ་བརྙན་གསེར་ཟངས་ཀྱིས་བཞེངས་ཡོད་པ་ལ་རབ་གནས་གནང་།  
     དགུང་ལོ་དོན་གཉིས་པ་མེ་སྦྲུལ༼ ཕྱི་ལོ༡༧༩༧ ༽ལོར་སྟོང་སྐོར་དགོན་དུ་བཞུགས་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དབལ་མང་པནྚི་ཏ་དཀོན་མཆོག་རྒྱལ་མཚན་པ་དང་མཇལ་འཛོམས་གནང་།  ཉིན་དུ་མར་ལམ་རིམ་གཙོ་བོར་གྱུར་བའི་མདོ་སྔགས་དང་།  སྔོན་བྱུང་གི་ལོ་རྒྱུས།  ཆོས་སྲིད་ཀྱི་གསུང་གླེང་སོགས་ཕན་ཚུན་བྲག་ཐོག་ནས་ཆུ་འཇོ་བ་ལྟ་བུ་གནང་རེས་མཛད་པས་ཁོང་རྣམ་གཉིས་ཐུགས་བློ་ཁེངས་པ་བྱུང་།  ཞེས་དང་།  དགུང་ལོ་དོན་གསུམ་པ་ས་རྟ༼ ཕྱི་ལོ༡༧༩༨  ༽ལོར་ཡང་དབལ་མང་པནྚི་ཏ་དཀོན་མཆོག་རྒྱལ་མཚན་པ་དབུས་ནས་ཕྱིར་ཕེབས་སྐབས་སྟོང་སྐོར་དགོན་དུ་ཨ་རིག་དགེ་བཤེས་ཆེན་མོ་དང་མཇལ་འཛོམས་མཛད།  སྔར་བཞིན་གང་ཅིའི་གསུང་གླེང་འཕེལ་ཞིང་།  ཕེབས་ཁར་མཐེ་བོང་གེར་ཏེ།  ཁྱོད་ཀྱི་ཐུགས་རིག་ལ་ང་མགུ་བ་ཡིན།  ཆོས་ཤིག་བྱ་ཨེ་དགོངས།  དགོངས་ན་བཀྲ་ཤིས་འཁྱིལ་ནས་མ་བཞུགས།  ཕ་ཡུལ་བློས་མ་བཏང་བའི་ཆོས་པ་མེད།  རྨ་ཆུའི་ཚུར་ཁ་འདིར་ཕེབས། ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་ཐུགས་འཛིན་མཛོད།  འདིའི་ཚིག་རེ་རེ་དང་གཞན་པོ་ཏི་རེའི་ནུས་པ་མི་འདྲ།  དུས་ཕྱིས་ངས་གང་བཤད་གཞན་གྱིས་བློ་ལ་འབབ་ཀི་མེད།  འཇིག་རྟེན་ཅིག་བྱེད་ཨེ་དགོངས།  དགོངས་ན།  ཁྱེད་བཀྲ་ཤིས་འཁྱིལ་བ་ཚང་གི་རྐང་ལག་གི་རྡིག་སྒྲ་ལ་འགྲན་ཟླ་མེད།  དེའི་སྟེང་དུ་དགོས་པ་ཅིག་ཡོད།  གང་ཡིན་ཟེར་ན་ལས་རྒྱུ་འབྲས་ཡིན།  ལྷ་སྡེ་ཁག་གསུམ་ལ་ཇག་ཁྲིམས་རྐུས་ཁྲིམས་ཤིག་དང་།  དགོན་པ་ལ་ནག་ཆང་རྐུས་གསུམ་གྱི་འགྲིག་ལམ་དམ་པོ་ཞིག་འོང་ན་དེས་མི་ཆོག་རྒྱུ་མེད། ང་ཨ་རིག་དགེ་བཤེས་ཕྱིང་སེར་ཅན་གྱི་གདམས་ངག་གི་སྙིང་བོ་ཡིན་ནོ་གསུངས་བ་ཐུགས་ལ་འཇགས་ཞེས་དབལ་མང་ཚང་གི་རྣམ་ཐར་དུ་གསུང་འདུག   དགུང་ལོ་དོན་གསུམ་པ་ས་རྟ༼ ཕྱི་ལོ༡༧༩༨ ༽ལོར་གཅན་ཚའི་ཐང་དུ་ཕེབས།  ཕྱོགས་ཀྱི་ཆོས་ཉན་མཁན་མང་པོར་དགའ་ལྡན་ལྷ་བརྒྱ་མ་དང་།  ལམ་གཙོ།  ཡོན་ཏན་གཞིར་གྱུར་མ།  རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་སྒྲུབ་ཐབས་ཀྱི་ལུང་།  ཚེ་དཔག་མེད་ཀྱི་རྗེས་གནང་།  རྣམ་འཇོམས་བྱབས་ཁྲུས་སོགས་གནང་།  ད་དུང་ལོ་འདིར་དགེ་བཤེས་ཁོང་ཉིད་སྐུ་འབུམ་དུ་ཕེབས།  བླ་གྲྭ་འདུས་ཚོགས་ཡོངས་ལ་ལམ་རིམ་ཆེན་མོའི་བཤད་ལུང་སོགས་ཆོས་རྒྱུན་མང་པོ་གནང་།  དགོན་པར་ཆུ་ཅུང་ཟད་དཀོན་པས་ལུང་བསྟན་ཞུས་པར་བྲེལ་བ་མི་དགོས།  སྡོང་རའི་རྔ་མ་ན་རང་འཐག་བསྐོར་དུས་ཡོང་གསུངས།  ནན་ཞུས་བྱས་པས་མདུན་རིའི་རྐེད་པའི་རྩེར་ས་བརྟག་གནང་བ་བཞིན་ཀླུ་དབང་རྒྱལ་བོ་སྟེ་ཀླུ་མ་དྲོས་པའི་ལྷ་ཁང་བཞེངས།  དགེ་བཤེས་ཁོང་བྱ་ཁྱུང་བྲག་ཏུ་ཕེབས་ནས་གསན་མཁན་མང་པོར་ལམ་རིམ་ཆེན་མོའི་བཤད་ལུང་དང་།  གསང་འདུས་སོགས་ཆོས་བཀའ་ཅི་རིགས་བསྩལ།  
    དགེ་བཤེས་ཚང་དགུང་ལོ་དོན་ལྔ་བ་ལྕགས་སྤྲེལ༼ ཕྱི་ལོ༡༨༠༠ ༽ལོར་གཡེར་གཤོང་དགེ་འདུན་ཟླ་གྲགས་ཀྱིས་གཡེར་གཤོང་བསམ་གཏན་གླིང་དུ་གདན་དྲངས།  གཡེར་གཤོང་དགེ་འདུན་ཟླ་གྲགས་ཀྱིས་གཙོས།   མཁན་ཆེན་སྤྲུལ་སྐུ་ཚང་།  སྟག་གེ་སྤྲུལ་སྐུ།  བྲག་དཀར་ཞབས་དྲུང་སོགས་ཕྱོགས་ནས་བྱོན་པ་དང་།  གཞིས་ཀྱི་དགེ་འདུན་པ་མང་པོར།  བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་དང་།  ཐིག་ལེ་བཅུ་དྲུག་གི་དབང་ཆོག་དངུལ་དཀར་མེ་ལོང་ཟླ་བ་སྒྲོན་མེའི་དབུ་ནས་ཆོས་ཐུན་གཅིག  ཇོ་བོའི་བསྟོད་པ་སུམ་ཅུ་བ་སོགས་ཀྱི་ལུང་།  དགོན་པའི་རིམ་གྲོར་དྲུག་ཅུ་བའི་གཏོར་བཟློག་དང་།  ཚོམས་ཆེན་གྱི་རྟེན་གསར་རྙིང་རྣམས་ལ་རབ་གནས་མདོར་བསྡུས་ཀྱི་སྤྱན་དམིགས་ཀྱང་གནང་།  དགེ་བཤེས་ཁོང་ཉིད་ལྕང་སྐྱ་སྤྲུལ་སྐུ་མཆོག་གིས་སྤྱན་དྲངས་ཏེ་ཡོངས་འཛིན་དུ་བཀུར།  དབང་ལུང་རྗེས་གནང་སོགས་ཟབ་ཆོས་མང་པོ་ཡང་ཡང་གསན་ཏེ་དཔོན་སློབ་གཉིས་ཀ་ཐུགས་ཡིད་གཅིག་ཏུ་འདྲེས་པར་གྱུར།  དགུང་ལོ་དོན་དྲུག་པ་ལྕགས་བྱ༼ ཕྱི་ལོ༡༨༠༡ ༽ལོར་རྡོ་སྦིས་དགོ་རིའི་གྲྭ་ཚང་དུ་བཞུགས་སྐབས་ཞབས་དཀར་ཚོགས་དྲུག་རང་གྲོལ་ཚང་དང་།  ལ་ཁ་སྤྲུལ་སྐུ་སོགས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་།  དགོན་དེ་གའི་བླ་གྲྭ་ཡོངས་ལ་ཀུན་རིག་གི་དབང་དང་ཏིང་ངེ་འཛིན་རྒྱལ་བོའི་མདོ།  ལེགས་བཤད་གསེར་ཕྲེང་གི་དབུ་ནས་ཆོས་ཐུན་གཅིག  གདུགས་དཀར་མཆོག་གྲུབ་མ།  རྣམ་རྒྱལ་གཟུངས་རིང་གི་ལུང་བཅས་བསྩལ།  
    དགེ་བཤེས་ཁོང་ཉིད་ཀྱིས་སྔར་ཆུ་བྱི༼ ཕྱི་ལོ༡༧༩༢ ༽ལོར་ཤིང་བཟའ་སྤྲུལ་སྐུ་ཚང་ལ་རྭ་རྒྱ་དགོན་པའི་གདན་ས་གཏད་དེ་ཁོང་ཉིད་བྱ་བཏང་གི་ཚུལ་གྱིས་མདོ་སྨད་ལྷོ་བྱང་གི་དགོན་སྒྲུབ་སྡེ་ཕལ་ཆེར་དང་། མ་ཧཱ་ཙི་ནའི་ཡུལ་གྲུ་སོགས་ཞབས་ཀྱིས་བཅག་སྟེ་དད་ལྡན་བོད་སོག་གི་གདུལ་བྱ་བགྲང་ལས་འདས་པའི་བློ་ཁ་དམ་པའི་ཆོས་ལ་བསྒྱུར།  ཡང་ཁོང་ཉིད་ཐེངས་ཤིག་དགོན་པའི་སྒྲིག་ལམ་དག་ཐེར་སོགས་ཀྱི་ཆེད་དུ་ཕྱིར་དགོན་པར་གདན་དྲངས་ནས་དགུན་གཅིག་ལ་བཞུགས། ཤིང་བཟའ་དཔོན་སློབ་ཀྱིས་ཁ་ཤོམ་ལག་ཤོམ་མ་བྱས་ན་མཚན་ཉིད་གྲྭ་ཚང་གི་ཐ་སྙད་མེད་ཅེས་རྣམ་འགྱུར་སོགས་བསླབ་སྟེ་རྩོད་གྲྭ་ཤོག་ཆེན་པོ་བྱུང་འདུག་པར།  ཁོང་གིས།  འདང་རྒྱོབས།  བསམ་བློ་ལེགས་པོ་ཞིག་མ་བཏང་ན་ཀི་བཏབ་པའི་ཉེས་བྱས་གཅིག  ཐལ་མོ་བརྡབ་པའི་གཅིག  ཧབ་ཆ་བརྒྱབ་པའི་གཅིག་སོགས་འབྱུང་གསུངས།  འགྲིག་འགལ་མང་པོ་བྱུང་བར་ཐུགས་སྐྱོ་སྟེ།  ངས་འདིར་དགོན་པ་ཞིག་བཏབ་པ་གྲྭ་བ་གཉོམ་ཆུང་དཔེ་ཆ་རེ་ལྟ་མཁན་ཨེ་ཡོང་བསམ་པ་ཡིན་པ་ལས་ཚོང་དང་ཁེ་ཕོག་གི་ཆེད་དུ་མིན།  ཁྱོད་རང་ཚོས་ཚོང་ཁེ་ཕོག་དང་རྒྱུ་ནོར་གསོག་གི་བསྡད་ན་གྲྭ་བ་ཡ་རབས་ཚོའི་མིག་ལྟོས་ལ་གནོད་པའི་ཤུགས་རྐྱེན་ངན་པ་ཐེབས་ངེས།  ཉི་མ་དེ་རིང་ནས་སྐུ་ཁམས་བདེ་མོ་གྱིས་ཞེས་གསུངས་ནས་སྔོན་བྱོན་དམ་པའི་རྣམ་ཐར་བདག་གིར་མཛད་དེ་དབེན་གནས་གང་འགོལ་རྣམས་སུ་གྲོགས་མེད་གཅིག་པུས་ཐུགས་དམ་ཉམས་བཞེས་ཀྱི་སྒྲུབ་པ་ཡུན་རིང་མཛད་པས་ཉམས་རྟོགས་ཡོན་ཏན་གྱི་གཏེར་ཁ་ཀློང་དུ་བརྡོལ་བ་བྱུང་།  ཀ་མདོ་བཀྲ་ཤིས་ཆོས་རྫོང་དང་ཨ་རིག་ཆུ་སྔོན་ཁའི་ཙོ་མོ་ངོ་། ཨ་རིག་ཞོ་མ་ཕུག  འདམ་བུའི་བྲག་དཀར།  ཏེ་ཐུང་བྲག་དགོན་སོགས་སུ་ཡུན་རིང་བཞུགས།  ཉན་ཐོས་འགོག་སྙོམས་པ་བཞུགས་པར་གྲགས་པའི་གནས་ལྷ་ཁང་ལུང་བའི་བྲག་ཕུག་དང་།  སྟོང་སྐོར་མཁར་ནང་གཉིས་སུ་དབྱར་དགུན་རེས་མོས་ཀྱིས་བཞུགས་སའི་མཐིལ་མཛད།  སྟོང་སྐོར་དགོན་ནས་རྭ་རྒྱ་དགོན་པར་སྣམ་ཕྲུགས།  རྩེ་ཞྭ་སོགས་ཀྱི་འགྱེད་ཡང་ཡང་བསྐུར།  དགེ་བཤེས་ཁོང་གི་ཕྱག་ཏུ་གསེར་གང་བྱུང་དབུས་གཙང་དུ་མང་འགྱེད་དང་།  རྒྱལ་བ་ཡབ་སྲས་ལ་དངོས་འབུལ་གྱི་ཆེད་དུ་བསྐུར་གནང་མཛད།  ལྷག་མ་གང་ཡོད་ཀྱིས་གསུང་རབ་དང་ཐང་ག་མང་དུ་བཞེངས།  ཆོས་བྲིས་པ་ཨ་མཆོད་གསེར་ཞག་གི་བསམ་པ་ཡིན་གསུངས།  སྦྲ་ནག་ཁག་གསུམ་གྱི་རྐུས་ཁྲིམས་གཅོད་རྒྱུར་ཤར་སྤྲུལ་བའི་སྐུ་ལ་རྒྱུ་མཚན་ཞུས། དོང་ཙེ་གང་རྙེད་བསགས་ནས་ཐེ་གུ་གང་འཚམས་ལ་བརྒྱུས་ཏེ་སྤྲང་བོ་ལྔ་བརྒྱ་དྲུག་བརྒྱ་ཙམ་ལ་སྤྲང་འགྱེད་གཏོང་།  ཐེ་གུ་ཕྱིར་བླངས་ཏེ་ཡང་བསྐྱར་སྐྱོང་གསོག་བྱེད་པ་སོགས་ཁོང་གི་ཕྱག་གི་དངོས་རྫས་གང་ཡོད་རྣམས་གསེར་དང་དོང་ཙེར་བསྒྲིལ་ནས་བྱ་བཏང་གི་ཚུལ་དུ་གནས་སྐོར་མཛད་དེ་མདོ་སྨད་ཀྱི་དགོན་སྡེ་ཆེ་ཆུང་ཀུན་ལ་མང་འགྱེད་སྤྱི་འཇོག་སོགས་བབ་བསྟུན་གྱིས་བསྙེན་བཀུར་མཛད་དེ་ཟང་ཟིང་གི་དངོས་བོ་རྣམས་རྫོགས་བྱང་གི་གཏེར་དུ་སྦས། 
     དགེ་བཤེས་ཁོང་ཉིད་ཀྱིས་མདོ་སྨད་ཀྱི་དགོན་ཆེན་རྗེ་སྐུ་འབུམ་དང་བཙན་པོ་དགོན།  བྱ་ཁྱུང་བྲག  ཆུ་བཟང་དགོན།  ཟན་གྲོན།  སྟོང་སྐོར་དགོན།  དགོན་ལུང་སོགས་དགོན་སྒྲུབ་སྡེ་ཕལ་ཆེ་བར་ཞབས་ཀྱིས་བཅགས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་ཐུབ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད།  ཁོང་གི་དངོས་སློབ་དུ་གྱུར་བ་ཡང་།  བོད་སོག་གི་བླ་དཔོན་ཆེ་ཕྲ་དུ་མ་དང་།  ལྕང་སྐྱ་སྤྲུལ་སྐུ་ཚང་།  ཤར་སྤྲུལ་སྐུ།  སྨིན་གྲོལ་སྤྲུལ་སྐུ།  ལ་མོ་སྤྲུལ་སྐུ།  སྟོང་སྐོར་སྤྲུལ་སྐུ།  བྱ་ཁྱུང་མཁན་པོ་ཇུ་ནང་ངག་དབང་སྙན་གྲགས་།  ཆེ་ཤོས་བཤད་སྒྲུབ་བསྟན་པའི་ཉི་མ།  ལ་མོ་བདེ་ཆེན་གྱི་མར་ཁུའི་སྤྲུལ་སྐུ་ངག་དབང་བསྟན་འཛིན། ལ་མོ་གཡོན་རུ་བློ་བཟང་སྙན་གྲགས།  ཤིང་བཟའ་པནྚི་ཏ་བློ་བཟང་དར་རྒྱས།  རྐ་ཕུག་པནྚི་ཏ་བློ་བཟང་དོན་གྲུབ།  གཡེར་གཤོང་དགེ་འདུན་ཟླ་གྲགས།  དགེ་བཤེས་བྱམས་པ་ཟླ་འོད།  ཉི་ཟུར་ངག་དབང་དོན་གྲུབ་སོགས་མདོ་སྨད་ལྷོ་བྱང་གི་བླ་ཆེན་མཁས་ཆེན་མང་པོ་ཞིག་དགེ་བཤེས་ཁོང་གི་སློབ་མར་གྱུར་ཏོ།།  དགེ་བཤེས་ཁོང་ཉིད་སྐུ་ན་མཐོན་པོའི་དུས་སྟོང་སྐོར་ལྷ་ཁང་ལུང་དུ་སྒྲུབ་པའི་རྒྱལ་མཚན་རྩེ་གཅིག་ཏུ་བསྒྲེངས་པའི་མཐར།  དགུང་ལོ་དོན་བརྒྱད་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཕག༼ ཕྱི་ལོ༡༨༠༣ ༽ལོའི་སྟོན་དུས་སྐུ་ཁམས་ཅུང་ཟད་ལྟེམས་པའི་ཚུལ་མཛད་པ་ན།  སྒོ་མེ་ཕྱོགས་སུ་འབྱོན་བཞེད་ཀྱིས་དད་ལྡན་དུ་མའི་རེ་བ་སྐོང་བཞིན་ཤུག་ཆུའི་རི་ཁྲོད་དུ་དེ་གའི་སྒོམ་སྒྲུབ་པ་རྣམས་ལ་བདེ་མཆོག་ལཱུ་ཨི་བའི་དབང་སོགས་ཆོས་བཀའ་འགའ་ཞིག་བསྩལ་ཅིང་། རིམ་གྱིས་བར་ཝོན་ཏིང་ཀྱྰ་དགོན་པའི་ལྟག་གི་རི་ལྡིངས་སུ་ཕེབས། སྒོ་མེ་ཏིང་ཀྱྰ་དཔོན་སློབ་ཀུན་བཟང་སྙན་གྲགས་རྒྱ་མཚོ་ལ་ང་རང་ཤི་སོང་ན་སྤུར་འདི་ཀར་བཞག་ཨེ་ཆོག་གསུངས་པར།  དཔོན་སློབ་བས་ཕྱག་ཕུལ་ཏེ།  ང་སྒོ་མེ་ཚང་ལ་དེ་འདྲའི་བསོད་ནམས་ཞིག་ཡོད་ན་ཅི་མ་རུང་།  ཐུགས་བཞེད་ལྟར་གནས་འདི་ཀར་བཞུགས་ན་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་ཚིག་ཕུལ།  རྭ་རྒྱ་ནས་ཤིང་བཟའ་པནྚི་ཏ་བློ་བཟང་དར་རྒྱས་དགོན་པའི་གྲྭ་མང་བཅས་ཕེབས་ཏེ་བརྟན་བཞུགས་ཕུལ་བར།  ང་ལ་རང་དབང་མེད།  ཡོད་ཀྱང་ཤ་ཁྲག་གི་ལུས་འདི་སོས་ཐབས་མེད།  
      གལ་སྲིད་རང་དབང་ཞིག་ཡོད་ན་སྟེང་ཡ་གིར་ལྷ་ཡུལ་ནས་རྩེད་མོ་རྩེ་གི་བསྡད་ན་སྙམ་གསུངས།  ཡང་སྲིད་འཁྲུལ་མེད་འབྱོན་རྒྱུའི་སྙན་སྒྲོན་ཞུས་པར།  རང་དབང་མེད་པས་སྤྲུལ་སྐུ་མི་ཡོང་།  ཡོད་ན་ལྷག་པར་མི་ཡོང་།  འཐབ་རྩོད་འཁྲུགས་ལོང་འདིའི་ནང་དུ་ཡོང་ནས་ཅི་བྱེད།  ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་ཁྱི་གཏུམ་པོས་དེད་ཀྱང་ཁ་ནས་མི་འཆོར་བ་འདི་ངའི་ཡོན་ཏན་ཡིན་པས།  ལམ་རིམ་ཆེན་མོ་བློ་ནས་ཤར་ཤར་འདོན་མཁན་གྱི་བྱིས་པ་ཞིག་རྙེད་ན་ཁྱེད་ཚོས་བླུས་ཆོག་ཚུལ་དང་། གསོན་པའི་ཚེ་འཇིག་རྟེན་ཆོས་བརྒྱད་བྱས་པས་མི་ཆོག་པར་ཤི་དུས་ཀྱི་རོ་ལའང་ཆོས་བརྒྱད་བྱེད་བཅུག་པར་དགོས་པ་ཅི་ཡང་མེད་སྟབས།  ང་ཤི་རྗེས་ངའི་ཕུང་བོ་འདི་ཙོག་ཙོག་བྱས་ནས་མ་འཇོག  འཆི་དུས་ཀྱི་འདུག་སྟངས་ལྟར་ཞོག་ལ་རྒྱབ་ཀྱི་གད་པ་འདི་ཐོག་ཏུ་ཁོབས་ཞེས་ཞལ་ཆེམས་གནང་།  ལོ་དེའི་ཧོར་ཟླ་དགུ་བའི་ཚེས་གཉིས་ཀྱི་ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། གསན་ཡིག་འགར་ཁོང་གི་མཚན་གཞན་ལ།  བྱམས་པ་དགེ་ལེགས་དང་།  བྱམས་པ་རྒྱལ་མཚན་འོད་ཟེར།  རྒྱལ་མཚན་འོད་ཟེར་སོགས་ཀྱང་ཟེར།  དགེ་བཤེས་ཁོང་གི་གསུང་རྩོམ་སྐོར་ལ་ཀུན་རིག་གི་བསྙེན་ཡིག་དང་ལམ་རིམ་ཟིན་བྲིས།  གསང་འདུས་བསྙེན་ཡིག  རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་བཅའ་ཡིག  གོང་མའི་བརྟན་གསོལ།  ཨ་རིག་དགེ་བཤེས་རིན་པོ་ཆེའི་བླ་མའི་གསུང་ཟིན་བྲིས་སུ་མཛད་པ་ལ་ཤོག་གྲངས་དགུ་སོགས་ཡོད་དོ།།

ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས།

[རྩོམ་སྒྲིག]

རྭ་རྒྱ་བློ་དབང་།


མ་ཧཱ་པཎྜི་ཏ་ཆེན་པོ་ཤིང་བཟའ་བློ་བཟང་དར་རྒྱ་མཚོ་ནི་མདོ་སྨད་ཨ་རིག་གི་ས་ཆར་སྤྱི་ལོ་༡༧༥༩ ལོར་ཡབ་མགོན་ཤུལ་ཕྱག་རྡོར་སྐྱབས་དང་ཡུམ་ཨ་རིག་བཟའ་ཚེ་དབང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་། དགུང་ལོ་བརྒྱད་བཞེས་པ་སྤྱི་ལོ་༡༧༦༦ལོར་བླ་མ་གཙང་པ་རིན་པོ་ཆེ་བློ་བཟང་ཆོས་འཕེལ་ལས་རབ་ཏུ་བྱུང༌། དགུང་ལོ་བཅུ་བ སྤྱི་ལོ་༡༧༦༩ ལོར་ཨ་རིག་དགེ་བཤེས་ཆེན་མོར་མཇལ་ཞིང་། གྲུབ་པའི་དབང་ཕྱུག་ཤིང་བཟའ་སྒོམ་ཆེན་པའི་ཡང་སྤྲུལ་དུ་ངོས་འཛིན་མཛད། དགུང་ལོ་བཅུ་གསུམ་པ་སྤྱི་ལོ་ ༡༧༧༢ ལོར་རྭ་རྒྱ་དགོན་དུ་ཁྲི་འདོན་དང་གསན་བསམ་གནང་།  

དགུང་ལོ་བཅུ་བདུན་པ་སྤྱི་ལོ་༡༧༧༦ལོར་དགེ་བཤེས་ཆེན་མོའི་བཀའ་བཞིན་དབུས་ལ་ཕེབས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་། བྱ་བྲལ་དགེ་བཤེས་དངོས་གྲུབ་ཡོངས་འཛིན་དུ་བསྟེན་ནས་དཀའ་སྤྱད་ཀྱིས་སློབ་གཉེར་ལ་གཞོལ། དབུ་སེམས་ཀྱི་རང་གཞུང་གཙོ་བོར་མཛད་པའི་ཤོག་ཆེན་སྟོང་ཕྲག་ལྷག་ཐུགས་ལ་བཟུང་ནས་ཚོགས་རྒྱུགས་སུ་སྤྲད། པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་ལས་ལམ་རིམ་ཆེན་མོའི་བཤད་ལུང་གསན་པ་ནས་གསུང་རབ་ལ་ལོངས་སྤྱོད་པའི་སྒོ་ཅུང་ཞིག་རྙེད་པ་བླ་མའིབཀའ་དྲིན་ཡིན་གསུངས། སྤྱི་ལོ་ ༡༧༧༩ ལོར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཞལ་སྔ་ནས་བསྙེན་པར་རྫོགས་ཤིང༌། མཚན་ལ་བློ་བཟང་དར་རྒྱས་རྒྱ་མཚོ་ཞེས་གསོལ། ཀུན་བཤད་ཀྱི་མཚན་ལ་དབྱངས་ཅན་དགྱེས་པའི་བློ་གྲོས་སུ་གནང༌།  སྤྱི་ལོ་༡༧༨༦ ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ཅིང་ལོ་དེའི་ལྷ་རམས་ཨང་དང་པོ་དང༌། མདོ་སྔགས་རིག་གནས་ཀུན་ལ་མཁས་གྲགས་རྣམ་པར་རྒྱས་པས་བོད་གཞུང་དགའ་ལྡན་ཕོ་བྲང་ནས་པཎྜི་ཏའི་ཆོ་ལོ་དང་ལྷ་རམས་ཨང་པོའི་བཀའ་ཤོག་སོགས་བདག་རྐྱེན་གཏོས་ཆེ་བ་ཐོབ། གཟིམ་ཁང་ཆོས་མཛད་རིན་པོ་ཆེ་དང་ལྷན་རྒྱུད་སྨད་དུ་ཕེབས་ཏེ་ལོ་ངོ་མཐོང་བཞིའི་རིང་གསང་སྔགས་ལ་ཐུགས་གཉེར་གྱིས་སྔགས་ཀྱི་དམ་བཅའ་ཆེན་མོ་དང༌། རྒྱུད་སྨད་ཀྱི་དགེ་བསྐོས་ཐོན་པར་མཛད། སྔ་ཕྱིར་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང༌། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ཀློང་རྡོལ་ངག་དབང་བློ་བཟང༌་སོགས་དགེ་བའི་བཤེས་དམ་པ་རྣམས་ལས་རྒྱལ་བའི་བཀའ་བསྟན་བཅོས་ཀྱི་བཤད་ལུང་དང༌། མི་ཏྲ་རྡོར་འཕྲེང༌། རིན་འབྱུང་བརྒྱ་རྩ། དུས་འཁོར་སོགས་རྒྱུད་སྡེ་སྣ་ཚོགས་ཀྱི་དབང་བཀའ་མན་ངག་གི་རིམ་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན། སྤྱི་ལོ་༡༧༩༠ ལོར་ཨ་རིག་དགེ་བཤེས་རིན་པོ་ཆེས་མདོ་སྨད་དུ་གདན་འདྲེན་པར་མངགས་པས་རྗེ་འདིས་བླ་མ་ཀློང་རྡོལ་རིན་པོ་ཆེར་དེ་དོན་གསོལ་བས། ཀློང་རྡོལ་རིན་པོ་ཆེས་གདམས་ངག་ཆིག་དྲིལ་གྱི་བཀའ་སློབ་དང༌། ཉིད་ཀྱི་མཆོད་ཁང་ནས་པཎ་ཆེན་ཆོས་རྒྱན་གྱི་ཤངས་མཚལ་ལས་བཞེངས་པའི་འཇིགས་བྱེད། མགོན་པོ། ཆོས་རྒྱལ། ལྷ་མོ་བཞིའི་ནག་ཐང་པཎ་ཆེན་ཕྱག་ནས་མ་དེ་རྒྱུད་པ་གྲྭ་ཚང་གསར་འཛུགས་ཀྱི་རྟེན་སྐལ་དུ་གནང༌། གཞན་དུས་འཁོར་གྱི་དཀྱིལ་ཐང༌། ཆོ་ག བསྐྱེད་རྫོགས་སོགས་གནང་སྟེ་ཆོས་བདག་པོ་ལ་འཕྲོད་པ་ཡིན། ཨ་མདོར་སོང་ལ་འདི་ཚོར་རྡུལ་སྤྲུག་ཡག་པོ་གྱིས་གསུངས་ནས་གནང་བས། རྗེ་ཉིད་དང་རྒྱུད་སྨད་བྱིངས་འདྲེན་ཏྲེ་ཧོར་བྱམས་པ་མཁས་གྲུབ་སོགས་ཀྱིས་ལྷ་ལྡན་གཙུག་ལག་ཁང་དུ་རྒྱུད་པ་གྲྭ་ཚང་ཞིག་གསར་དུ་བཙུགས།

སྤྱི་ལོ་ ༡༧༩༡  ལོར་གསར་དུ་བཙུགས་པའི་རྒྱུད་གྲྭ་དང་མཉམ་དུ་མདོ་སྨད་དུ་ཆིབས་ཁ་བསྒྱུར། ལམ་བར་ནག་ཆུ་ཨོ་ཐོག་དགོན་པར་གཞི་གསུམ་དག་ཐོན་དང༌། རྒྱུད་སྡེ་བཞིའི་མཉམ་ལེན་བཙུགས་ཏེ་འཆད་ཉན་གྱི་ངང་ལོ་གཅིག་ཙམ་བཞུགས། སྤྱི་ལོ་ ༡༧༩༢  ལོར་མདོ་སྨད་དུ་འབྱོར་ཞིང་། དགེ་བཤེས་ཆེན་མོ་ནས་ཀྱང་རྭ་རྒྱ་དགོན་པའི་ཆོས་སྲིད་ཀྱི་བགྱི་བ་ཡོད་དོ་ཅོག་རྗེ་འདི་ལ་ཕུལ། ཁོང་ནས་ཀྱང་མཚན་ཉིད་གྲྭ་ཚང་སྔར་ཡོད་ཀྱི་སྟེང་དུ་དབུས་ནས་མདོ་སྨད་དུ་འབྱོན་ཁར་བཙུགས་པའི་རྒྱུད་གྲྭ་ལ་གྲྭ་རྒྱུན་བསྣན་ནས་རྒྱུད་སྨད་གྲྭ་ཚང་གསང་སྔགས་བདེ་ཆེན་གླིང༌དང་། དུས་འཁོར། སྨན་པ་བཅས་ཀྱི་གྲྭ་ཚང་གསར་དུ་བཙུགས།  

རབ་བྱུང་བཅུ་བཞི་བའི་ལྕགས་ལུག་སྤྱི་ལོ་ ༡༨༠༧ ལོའི་ས་ག་ཟླ་བའི་ཡར་ཚེས་ནས་མགོ་བརྩམས་མཐིང་ཤོག་ལ་གསེར་སྦྱངས་ཀྱིས་བྲིས་པའི་བཀའ་འགྱུར་ཆེན་མོ་གསར་དུ་བཞེངས་ཤིང།  ཆུ་བྱ་སྤྱི་ལོ་ ༡༨༡༣ ལོར་སྐུ་འབུམ་བྱམས་པ་གླིང་གི་ཁྲི་རབས་ཞེ་བཞི་བའི་ཁྲི་འཕང་ལ་མངའ་གསོལ། །  མེ་བྱི་སྤྱི་ལོ་ ༡༨༡༦ ལོར་རྭ་རྒྱ་དགོན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་ཤིང་གསར་བཞེངས་ཀྱི་ལས་གྲྭ་ཚུགས་བཞིན་ཡོད་པས་དགོངས་ཁྲོལ་ཞུས་པ་དང༌། ཆེ་ཤོས་རིན་པོ་ཆེ་ཁྲི་བར་བསྐོ་བཞག་གནང༌། རབ་བྱུང་བཅུ་བཞི་བའི་ཤིང་ཕོ་ཁྱི་སྤྱི་ལོ་ ༡༨༡༣ ལོའི་བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་ལ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་དགོངས་རྫོགས་སུ་དམིགས་ཏེ་མདོ་སྡེ་བསྐལ་བ་བཟང་པོའི་དབུ་ནས་བཟུང་སྟེ་རྒྱལ་བའི་བཀའ་འགྱུར་ཆེན་མོའི་པར་བརྐོའི་ལས་གྲྭ་གསར་དུ་ཚུགས་ཤིང༌། སྤྱི་ལོ་ ༡༨༡༩ ལོར་མཇུག་ཡོངས་སུ་གྲུབ། བཀའ་འགྱུར་པར་ཤིང་འདིའི་མ་དཔེ་ལ་བཀའ་འགྱུར་པར་མ་བཞི་ཙམ་ལས་བདམ་གསེས་ཀྱིས་སྡེ་དགེའི་བཀའ་འགྱུར་གཞིར་བཟུང་ཐོག་རྗེ་ཉིད་དང༌། སྔགས་རམས་པ་བློ་བཟང་དོན་གྲུབ། སེར་བྱེས་བཀའ་བཅུ་བ་བྱམས་པ་དཔལ་འབྱོར་སོགས་མདོ་སྔགས་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་པ་བཅུ་ཕྲག་དུ་མས་ཤོག་བུ་རེ་རེ་ལའང་ཞུ་དག་ལན་བདུན་ཙམ་རེ་མ་བྱས་པ་མེད་པས་བོད་ཀྱི་བཀའ་འགྱུར་པར་མ་རྣམས་ལས་དག་ཤོས་སུ་གྱུར་བས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་བསྟན་པའི་ཉི་མས་ཀྱང་། ཤིན་ཏུ་དག་པར་བྱས་པའི་མཛད་པ་འདི་ནི་བསམ་གྱིས་མི་ཁྱབ་ཅེས་གསུངས། གཞན་ཡང་རྗེ་བདག་ཉིད་ཆེན་པོའི་གསུང་འབུམ་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་སོགས་གཙོ་བོར་གྱུར་བའི་མདོ་སྔགས་རིག་གནས་དང་བཅས་པའི་གསུང་རབ་བགྲང་ལས་འདས་པའི་པར་ཤིང་བཞེངས།  

རབ་བྱུང་བཅུ་བཞི་བའི་ས་སྟག་སྤྱི་ལོ་ ༡༨༡༨ ལོར་རེབ་གོང་རོང་པོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་ཁྲི་བར་བཞུགས།

  རབ་བྱུང་བཅུ་བཞི་བའི་ལྕགས་སྦྲུལ་སྤྱི་ལོ་ ༡༨༢༡ ལོར་སོག་ཡུལ་དུ་ཕེབས།  སོག་ཡུལ་ནས་ཨོའུ་ཤིན་དགོན་པ་དང༌། ཨོ་ཐོག་དཱ་བཻ་ལི། དཱ་ལང༌། བཀྲ་ཤིས་ཆོས་གླིང་དགོན་པ།  དཱ་ལིང་གི་ཐུས་ལག་ཆིའི། ཧང་གིན་ཨོའུ་ཤིན་ཇ་སག ཐོ་དེའུ་ཐུ་ས་ལག་ཆིའི་སོགས་སོག་ཡུལ་གྱི་དགོན་སྡེ་རྣམས་དང་ཞིང་ཆེན་སོ་སོས་དཔོན་ཁག་གི་གདན་འདྲེན་ལྟར་ཕེབས་ནས་སྔ་ཕྱིར་དབང་རྡོ་རྗེ་ཕྲེང་བ་དང༌། དུས་འཁོར་དབང་ཆེན། བདེ་གསང་འཇིགས་གསུམ་དང་ཀུན་རིག་སོགས་ཟུར་བཀའི་དབང་ལུང་པོ། ལམ་རིམ་བདེ་ལམ་གྱི་ཁྲིད་རྒྱས་པ་སོགས་བསྩལ་ཞིང༌། དུས་འཁོར་གྲྭ་ཚང་ཞིག་གསར་འཛུགས་མཛད་དེ་བཅའ་ཡིག་གསར་རྩོམ་མཛད། ཨོ་དཱ་ལེ་བེའི་དགོན་གནས་སྤོས་ཏེ་བཀྲ་ཤིས་དཔལ་འབར་གླིང་ཞེས་མཚན་བཏགས།

སྤྱི་ལོ་ ༡༨༢༣  ལོར་རང་དགོན་དུ་ཕེབས། དུས་སྐབས་དེ་དག་ལ་མདོ་སྨད་དུ་རྗེ་འདི་པ་དང༌། གུང་ཐང་བསྟན་པའི་སྒྲོན་མེ་དང༌། དབལ་མང་པཎྜི་ཏ་སོགས་འཇམ་མགོན་བསྟན་པའི་མངའ་བདག་ཏུ་གྱུར་བའི་དམ་པ་རྣམས་ཞལ་འཛོམས་པའི་དུས་སྐབས་ཡིན་ཞིང༌། གུང་ཐང་བསྟན་པའི་སྒྲོན་མེ་དང་རྗེ་འདི་བ་ལྷ་མོ་གསེར་ཁྲི་དགེ་འདུན་མཁྱེན་རབ་སོགས་ཕན་ཚུན་ལ་ལེགས་བཤད་ཀྱི་སྐྱེས་བསྐུར་རེས་དང་ཐུགས་དམ་མཉམ་འདྲེས་ཀྱི་སྒོ་ནས་མདོ་སྨད་ལྷོ་བྱང་དང༌། སོག་ཡུལ་བཅས་ལ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་ཡབ་རྗེ་ཙོང་ཁ་བ་ཆེན་པོའི་བསྟན་པ་གསེར་སྦྱངས་ལྟ་བུས་ཁྱབ་པར་མཛད་པའི་རྣམ་པར་ཐར་བ་ནི་ཕྱི་རབས་པ་དག་གི་བཀའ་དྲིན་གྱི་ཡུལ་དུ་ཆེ། སྐབས་དེའི་མདོ་སྨད་ལྷོ་བྱང་གི་ཆོས་སྡེ་ཕལ་མོ་ཆེའི་བླ་སྤྲུལ་དགེ་བཤེས་གྲྭ་མང་བཅས་རྗེ་འདིའི་དངོས་སློབ་ཏུ་མ་གྱུར་མེད་པའི་ཚོད་དུ་ཡོད་མོད་རེ་རེ་ནས་བྲི་བར་མང་དུ་དོགས་ལ། སློབ་ཚོགས་ཁྲི་ཕྲག་མང་པོའི་ཁྲོད་ཆུང་དུས་ནས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས་པའི་ཞལ་སློབ་གཙོ་བོ་ནི་རྗེ་གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་ཡིན་པར་བཤད། སྒྲ་སྙན་སྨན་རྩིས་སོགས་རིག་གནས་ཁྲིད་རྒྱུན་ཡང་མང་དུ་སྤེལ་བས་རྗེ་འདིའི་དངོས་སློབ་རོང་པོ་དགོན་ཆེན་གྱི་པཎྜི་ཏ་ཆེན་པོ་བིས་པ་མི་ཕམ་ཟླ་བ་དང༌། ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས། བཀའ་བཅུ་དགེ་འདུན་ཤེས་རབ་སོགས་གནས་ལྔ་རིག་པའི་མངའ་བདག་ཏུ་གྱུར་བ་མང་དུ་བྱུང༌།

རབ་བྱུང་བཅུ་བཞི་བའི་ཤིང་སྤྲེལ་སྤྱི་ལོ་ ༡༨༢༣  ལོའི་མགོ་ཙམ་ནས་སྐུ་བསྙུང་བཞེས་ཤིང༌། ཉིན་གཅིག་ཁྲི་གུང་ཐང་བ་རིན་པོ་ཆེ་དགོངས་པ་གཞན་དུ་གཤེགས་པ་གསན་པས། ངེད་རྣམ་གཉིས་ནས་ལོ་རྒན་པ་ནི་ང་ཡིན་ཏེ། ཁོང་ཕེབས་ཚར་བ་རེད། ང་ནི་ད་དུང་ལུས་འདུག་པ་འདི་ཨང་གསུངས་ནས་ཐུགས་སྐྱོ་ཉམས་ཆེ་བ་མཛད། ཉིན་ཞིག་འབྲོམ་སྟོན་པ་ཤྭ་བ་ཞིག་ལ་ཆིབས་ཏེ་ཕེབས་འདུག་གསུངས་ནས་ཐུགས་དགྱེས་ཉམས་ཆེས་ཆེར་མཛད་ཅིང་ཧོར་ཟླ་གཉིས་པའི་ཚེས་ཉེར་གཉིས་ཀྱི་ཐོ་རེངས་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །

རྗེ་འདི་ཉིད་གྲྭ་ས་ནས་ཕེབས་རྗེས་ཙམ་ལ་གཞུང་འགའ་ཞིག་རྩོམ་པར་དགོངས་ཚེ། ཨ་རིག་དགེ་བཤེས་ཆེན་མོས་ཁྱེད་ཀྱིས་གཞུང་རྩོམ་འདྲ་བྱས་ན་དགོན་པ་འདིར་རྗེ་ཡབ་སྲས་ཀྱི་ལེགས་བཤད་ལ་ས་རྡུལ་ཆགས་པའི་ཉེན་འདུག་པས་མ་རྩོམ་གསུངས་པས། དེ་ནས་བཟུང་གཞུང་ཆེན་མོའི་འགྲེལ་བ་རྩོམ་པར་དེ་ཙམ་མི་དགྱེས་ན་ཡང༌། དྲང་ངེས་ལེགས་བཤད་སྙིང་པོའི་བཤད་ཁྲིད་ཅིག་གི་སྐབས་སློབ་མ་རྣམས་ཀྱིས་ཟིན་བྲིས་སུ་བཏབ་པ་༼དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་ཟབ་དོན་གསལ་བར་བྱེད་པའི་སྒྲོན་མེ་༽དང༌། བརྒྱད་སྟོང་བའི་བཤད་ལུང་གནང་སྐབས་སློབ་མ་རྣམས་ཀྱི་ཟིན་བྲིས་སུ་བཏབ་པ་༼བརྒྱད་སྟོང་བའི་བཤད་ལུང་༽ ༼སྒྲོལ་བསྟོད་གདུང་རྔའི་སྒྲ་དབྱངས༽ ༼མན་ངག་ཐིག་རྩ་ཟུང་འཇུག་བགྲོད་པའི་ཐེམ་སྐས་༽  ༼གྲུབ་ཆེན་ལཱུ་ཨི་བའི་ལུགས་ཀྱི་བདེ་མཆོག་ལྷ་སོ་གཉིས་པའི་ནང་ཐིག་འདེབས་ཚུལ་༽ ཨ་རིག་དགེ་བཤེས་ཆེན་མོའི་རྣམ་ཐར་གསོལ་འདེབས་༼བླ་མའི་བྱིན་རླབས་མྱུར་འཇུག༽ ༼རྡོར་དབྱིངས་ཀྱི་ཆོ་ག༽   ༼ཐུགས་རྗེ་ཆེན་པོའི་མངོན་རྟོགས།༽ མདོ་སྨད་ཀྱི་སྙན་ངག་པའི་ཁྲོད་ཕོ་ཉ་འཕྲིན་དུ་བསྐུར་བ་ཐོག་མར་བརྩི་རུང་བའི་༼འཕྲིན་ཡིག་ངང་པའི་རྒྱལ་བོ།༽ ༼ལམ་རིན་ཟིན་བྲིས།༽ ལྷ་མཆོག་རྨ་རྒྱལ་སྦོམ་རའི་གསོལ་མཆོད་༼བཀྲ་ཤིས་དགེ་མཚན་ཆར་འབེབ༽ མདོ་སྔགས་རིག་གནས་སོགས་ལ་མཁས་པ་རྣམས་ཀྱིས་དྲི་བ་མང་དུ་བྱུང་བའི་དྲིས་ལན་ཕྱོགས་གཅིག་ཏུ་བསྒྲིགས་པ་༼ཤིང་བཟའི་དྲིས་ལན།༽ ༼ཐིག་ལེ་བཅུ་དྲུག་གི་དབང་བཞི།༽ ༼སྒྲོལ་མའི་རླུང་རྟ།༽སོགས་པོ་ཏི་འགའ་ཤས་བཞུགས།  

ད་ལྟ་ཡང་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་མཆོག་སྤྲུལ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཐར་ཕྱིན་ཏེ་དགེ་བཤེས་ཀྱི་མཚན་བཏགས་བཞེས་ཤིང་། བསྟན་འགྲོའི་དོན་རྒྱ་ཆེར་མཛད་བཞིན་བཞུགས་པ་ལགས་སོ། །

རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ།

[རྩོམ་སྒྲིག]

རྗེ་བཙུན་གསེར་ཁང་བ་ཞུ་བ་འདི་ཉིད་མདོ་སྨད་ཨ་རིག་ཆུ་སྟོད་དུ་ཡབ་ནོའི་རིགས་དང་། ཡུམ་ཛ་ཏི་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་(༡༧༨༠)ལོར་སྐུ་འཁྲུངས་། དགུང་ལོ་བདུན་པ་ལ་ཀ་ཀོར་སྤྲུལ་སྐུའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་བཞེས་། མཚན་བློ་བཟང་བསྟན་འཛིན་རྒྱ་མཚོ་ཞེས་གསོལ་། དགུང་ལོ་བཅུ་གསུམ་ཐོག་རྭ་རྒྱ་སྒར་གྱི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད་། དགུང་ལོ་ཉི་ཤུ་ཐམ་པར་ཤིང་བཟའ་པཎྜ་བློ་བཟང་དར་རྒྱས་ཀྱི་དྲུང་དུ་བསྙེན་རྫོགས་བསྒྲུབས་། དགེ་བའི་བཤེས་གཉེན་ཤིང་བཟའ་རྡོ་རྗེ་འཆང་དང་རྭ་བླ་དངོས་གྲུབ་རྒྱ་མཚོ་སོགས་བསྟེན་ནས་མདོ་སྔགས་ཀྱི་དབང་ལུང་ཡོངས་རྫོགས་གསན་། དགུང་ལོ་ཉེར་དྲུག་ཐོག་དབུས་གཙང་དུ་ཕེབས་ནས་རྒྱལ་དབང་མཆོག་དང་མཇལ་། ཕྱིར་ཕེབས་རྗེས་རྭ་རྒྱའི་ཉེ་འགྲམ་རྒོད་པོ་རྫོང་དང་། གསེར་ཁང་རྩེའི་སྒྲུབ་གནས་སོགས་ཁག་བརྒྱད་ལ་སྐུ་མཚམས་སུ་བཞུགས་། ལྷག་པར་དུ་གསེར་ཁང་ལ་འདག་སྦྱར་གྱིས་ལོ་མཚམས་ཁ་ཤས་གནང་བས་གསེར་ཁང་བར་གྲགས་། རོང་པོ་དགོན་ཆེན་ལ་མཚན་ཉིད་ཀྱིས་བཤད་གྲྭ་བཙུགས་། ཙོང་ཆུ་བྱང་རྒྱུད་ཀྱི་དགོན་སྡེ་མཆོད་རྟེན་ཐང་དང་། དགོན་ལུང་། གསེར་ཁོག་སོགས་སུ་ཕེབས་ཏེ་དབང་ལུང་སོགས་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་མཛད་། དེ་ནས་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་། པེ་ཅིང་དུ་ཙན་དན་གྱི་ཇོ་བོ་མཇལ་། སྤྱིར་རྗེ་ཉིད་ཀྱིས་འཇིགས་བྱེད་བསྙེན་ཆེན་ཐེངས་འགའ་ཤས་དང་། སྐྱ་ཕྱག་བུམ་སུམ་ཅུ་ཙམ་གཏོང་བ་གནང་། མདོ་སྨད་ལྷོ་བྱང་གི་བཤད་སྒྲུབ་ཀྱི་སྡེ་མང་པོར་ཞབས་ཀྱི་བཅགས་ཏེ་ཐུབ་བསྟན་སྙིང་པོ་རྗེ་བླ་མའི་ལུགས་བཟང་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་མཛད་རྗེས་མཆོག་ཏུ་ཆེ་། གསུང་རྩོམ་ལ་མཚོན་ན་《བདེ་མཆོག་ལཱུ་ཨི་པའི་ཆོ་ག་བསྡུས་པ་འདོན་ཚུལ་ནག་འགྲོས་སུ་བཀོད་པ་དངོས་གྲུབ་བདེ་ཆེན་འབྱུང་གནས་》《བདེ་གསང་འཇིགས་གསུམ་གྱི་བསྙེན་ཆེན་》སོིགས་ཀྱི་སྔོན་འགྲོའི་རིམ་པ་རྣམས་བླ་མཆོད་བདེ་སྟོང་དབྱེར་མེད་ཀྱི་སྟེང་ནས་བསགས་ཚུལ་ནག་འགྲོས་སུ་བཀོད་པ་མཆོག་དམན་ཀུན་གྱི་ཁྱེར་བདེ་དངོས་གྲུབ་ཀུན་འབྱུང་》《བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་བསྙེན་ཡིག་ཡང་གསལ་སྒྲོན་མེ་》དང་《བསྙེན་ཆེན་གྱི་ཐོ་ཡིག་བདེ་ཆེན་མཆོག་སྦྱིན་》སོགས་ལྗགས་རྩོམ་མང་དུ་བཞུགས་། དགུང་ལོ་རེ་དགུ་ལ་ཕེབས་པ་རབ་བྱུང་བཞི་པའི་ས་སྤྲེལ་(༡༩༤༨)ལོ་སྤང་ལུང་རི་ཁྲོད་དུ་སྐུ་བཤེགས་། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

ཕྱག་མཛོད་བྱམས་པ་གསུང་རབ།

[རྩོམ་སྒྲིག]

ཕྱག་མཛོད་བྱམས་གསུང་རབ། གནས་ལྔ་རིག་པའི་དབང་ཕྱུག་ཕྱག་མཛོད་བྱམས་པ་གསུང་རབ་མཆོག་ནི་ཡབ་ཨ་རིག་རྒྱབ་ཚང་ཙིག་དམར་དང་། ཡུམ་དམེར་སྐ་བཟའ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་སྤྱི་ལོ1791ལོར་སྐུ་འཁྲུངས། ཁོང་སྐུ་ན་ཕྲ་བའི་དུས་ནས་ཀྱང་ཐུགས་རིག་རྣམ་པར་བཀྲ་བས་གཞན་ ཕལ་བ་ལས་ཁྱད་པར་འཕགས། ཨ་རིག་རྭ་རྒྱ་དགོན་པར་ཚོགས་ཞུགས་ གནང་། ཨ་རིག་ཁྲི་རྒན་བྱམས་པ་འཕྲིན་ལས་ལས་རབ་ཏུ་བྱུང་། མཚན་བྱམས་པ་གསུང་རབ་ཏུ་གསོལ། དེ་ཉིད་ལས་གཞན་རྗེས་སུ་འཛིན་པར་བྱེད་ པའི་བཟོ་དང་གསོ་བ་རིག་པ། ངག་གི་རིག་བྱེད་ཀྱི་དྭངས་མ་སྙན་ངག་དང་ མངོན་བརྗོད། གཞན་ཡང་ཟློས་གར་དང་སྐར་རྩིས་འབྱུང་རྩིས་སོགས་ཤེས་ བྱའི་གནས་ཀུན་ལ་སློབ་གཉེར་གནང་ཞིང་། རྗེ་ཤིང་བཟའ་པཎྜི་ཏ་སོགས་ལ་གཞུང་ཆེན་བཀའ་པོད་ལྔ་དང་། གསང་སྔགས་རྒྱུད་སྡེ་བཞིའི་ དབང་ལུང་མན་ངག་སོགས་མཐའ་ཡས་པ་གསན་ཅིང་། སྐྱབས་རྗེ་གསེར་ཁང་བ་ལས་རྗེའི་ལམ་རིམ་དང་། འབྲེལ་བ་བཞི་སྦྲགས། གཡུ་ཐོག་སྙིང་ཐིག་གི་སྨན་དབང་སོགས་ཟུར་ དབང་མཐའ་ཡས་པ་གསན། གཞན་ཡང་བཅའ་འབུད་རྡུང་གསུམ་དང་། གར་དབྱངས་ཐིག་རྡུལ་སོགས་ལ་ཡང་བསླབས། སྤྱི་ལོ1827ལོར《ཕྱི་དུས་ ཀྱི་འཁོར་ལོ་སྐར་རྩིས་ཀྱི་རི་མོས་གཏན་ལ་འབེབས་པ་རིགས་ལྡན་སྙིང་གི་ཐིག་ལེ》ཞེས་པ་བརྩམས་གནང་མཛད། ལོ་རེ་བཞིན་གླང་རྩིས་འགྲེམ་སྦྱོར་དང་ ལི་ཐོ་གསར་སྤེལ་གནང་། གསོ་དཔྱད་ཀྱི་ཕྱག་ལས་གནང་ནས་འགྲོ་བ་ནད་ པ་གྲངས་མེད་པ་འཆི་བདག་གི་གཡུལ་ལས་བསྐྱབས། རྒྱ་གར་དང་། སོག་པོ། རྒྱ་ནག་བཅས་མི་རིགས་གཞན་གྱི་སྐད་དང་ཡིག་རིགས་ལ་རྨོངས་པ་མེད་པར་གྲགས་ལ། ལུགས་གཉིས་ཀྱི་རྣམ་བཞག་ལ་ཐུགས་དཔྱོད་ཤིན་ཏུ་མཁས་པས་ཤིང་བཟའ་པཎྜི་ཏའི་ཕྱག་མཛོད་ཀྱི་ཐུགས་འགན་ཕྲག་ཏུ་བཞེས་པས་མཚན་ལ་ཡང་ཕྱག་མཛོད་དུ་གྲགས་ལ། ཨ་རིག་རྭ་རྒྱ་དགོན་གྱི་དཔྱོད་ལྡན་ཆེ་དགུའི་གཙུག་རྒྱན་དུ་གྱུར། ཤིང་བཟའ་པཎྜི་ཏ་སྐུ་གཤེགས་པའི་དགོངས་ རྫོགས་དང་། དེའི་ཡང་སྲིད་ཤིང་བཟའ་རྡོ་རྗེ་འཆང་ངོས་འཛིན་ཁྲི་འདོན་ བདག་སྐྱོང་སོགས་ཀྱི་སྐུ་འགན་གཅིག་ལྕོགས་སུ་བཞེས། དགོན་འདིར་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་། གསུང་རབ་པར་བརྐོ། འདུས་གྲྭ་སྤྱིའི་ ཆོས་མཐུན་གྱི་འཚོ་བའི་མཐུན་སྦྱོར། དགོན་སྡེ་གཞན་དང་བླ་དཔོན་ཆེ་དྲག་རྣམས་ཕན་ཚུན་འགྲོ་འོང་སྐྱེལ་བསུ། འཕྲིན་གཏོང་སོགས་ལས་དོན་མཐའ་དག་ལ་མཛད་རྗེས་ཤིན་ཏུ་ཆེ། གསུང་རྩོམ་གྱི་གཙོ་བོ་རྩིས་ཀྱི་སྐོར་རྣམས་འཕྲིན་ལས་ཆེ་སྟེ། 《རིགས་ལྡན་ སྙིང་ཐིག》དེ་ཉིད་སྔར་རྭ་རྒྱ་དགོན་དུ་ཤིང་པར་བཞུགས་པ་དུས་ཟིང་སྐབས་མཇུག་བྱང་ཤོག་ལེབ་གཅིག་སྟོར་བར་གྱུར། སླད་ནས་རབ་རྒྱལ་མེ་ཡོས་ 1927ལོར་སྨན་རྩིས་མཁྱེན་རབ་ནོར་བུས་རྩིས་མགོ་བསྟུངས་ཤིང་དཔར་ཏུ་ བཏབ་ནས་མཇུག་བྱང་དུ། རྩིས་གཞི་ལྷ་ཡི་སྐྱེད་ཚལ་ལས། ། རིགས་ལྡན་ སྙིང་གི་ཐིག་ལེ་འདི། ། ཨུ་དུམ་ཝ་ར་ལྟར་མཐོང་ནས། ། དང་བའི་ཡིད་ཀྱིས་བླངས་ཏེ་བསུས། ། གཞི་རྩ་བཞག་ཐོག་མཆོད་བརྗོད་ཕྲེང་། ། འཁྲུགས་པ་བསྡེབས་ཤིང་རྩིས་མགོ་བསྟུངས། །ཞེས་སོ། ། རབ་རྒྱལ་མེ་སྟག་ལ་རྩིས་རམས་པ་བསོད་ནམས་རྒྱ་མཚོའམ་མཚན་གཞན་ཧྭང་སྨིན་ཞིན་དང་། ཁྲིན་ཅེའུ་ཅིན་རྣམ་གཉིས་ཀྱི་བསྒྱུར་ཡིག་དང་ལྷན་ཅིག་པེ་ཅིན་མི་རིགས་དཔེ་བསྐྲུན་ཁང་ནས་རྒྱ་བོད་ཤན་སྦྱར་གྱིས་ལྕགས་པར་དུ་བཏབ། རྒྱལ་ཁབ་གཞན་དག་ནའང་འདིའི་པར་གཞི་དུ་མ་ཞིག་ཡོད་པར་ཐོས། གཞན《ཉིན་བྱེད་སྣང་བ་ལས་བཤད་པའི་ཞག་གསུམ་གྱི་རྣམ་བཞག་གསལ་ བར་སྟོན་པ་ དྭངས་ཤེལ་མེ་ལོང་བཀླགས་པའི་ཀུན་ཤེས》ཞེས་པ་དང་། 《ནག་རྩིས་ཀྱི་སྔོན་འགྲོ་རེའུ་མིག་བཅས། 《དཔལ་གཡུལ་ལས་རྣམ་པར་ རྒྱལ་བའི་རྒྱུད་དོན་དབྱངས་འཆར་ཆེན་མོ》ཞེས་བམ་ཚད་ཤིན་ཏུ་ཆེ་བ་ཞིག་ སྔར་མགོ་ལོག་ཁང་སར་དཔོན་ཚང་དུ་ཡོད་སྐད་དེ་ད་ལྟ་མ་ངེས།

ཤིང་བཟའ་རྡོ་རྗེ་འཆང་བསྟན་པའི་དབང་ཕྱུག

[རྩོམ་སྒྲིག]

༄༅།།ཁྱབ་བདག་འཁོར་ལོའི་མགོན་པོ་སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་བོ་མཆོག་ནི། རབ་བྱུང་བཅུ་བཞི་བའི་ཤིང་བྱ༼ ཕྱི་ལོ༡༨༢༥ ༽ལོར་ཤར་རྨ་རྒྱལ་སྦོམ་ར་དང་ཁད་ཉེ་བའི་གདན་ས་ཆེན་པོ་ཨ་རིག་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་ལྷོ་ཕྱོགས། གེ་ཐོ་དམར་ཡག་ཏུ་གྲགས་པའི་ཉེ་འདབས། ཕ་བོང་དུང་དཀར་འདྲ་བའི་ཉེ་འཁྲིས་སུ་ཡབ་ཇ་སག་མགོན་པོ་རྡོ་རྗེ་དང་། ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། སེར་བྱེས་ཕྱག་ཤུལ་དགེ་བཤེས་དགེ་འདུན་རྣམ་རྒྱལ་ཚང་གིས་དགེ་འདུན་ཕུན་ཚོགས་ཞེས་པའི་མཚན་གསོལ། དགུང་ལོ་གསུམ་པ་མེ་ཕག༼ ཕྱི་ལོ༡༨༢༧ ༽ལོར་སྨན་ཤུལ་བློ་བཟང་ཕུན་ཚོགས་ཨུ་རྒེར་ཕེབས་པའི་དྲུང་ནས་གྲུབ་རྒྱལ་ཚེ་དབང་དང་འཇིགས་བྱེད་དཔའ་གཅིག་གི་དབང་ཐོབ། སྐབས་འདིར་རྗེ་འདི་ཉིད་ཤིང་བཟའ་རིན་པོ་ཆེའི་སྤྲུལ་སྐུར་གྲགས་ཆེ་བ་བྱུང་ཞིང་། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཡབ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོའི་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོའི་ཡང་སྤྲུལ་དུ་ངོས་འཛིན་གནང་ཞིང་། སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མས་ཡང་བསྐྱར་སྤྲུལ་སྐུ་འཁྲུལ་མེད་ཀྱི་ངོ་ཤར་བས། གཙང་སྦྲ་གལ་ཆེ་ཚུལ་གྱི་བཀའ་ཤོག་བསྩལ། དགུང་ལོ་ལྔ་བ་ས་གླང༼ ཕྱི་ལོ༡༨༢༩ ༽ལོར་སྒོམ་ཐར་དགེ་སློང་ཚུལ་ཁྲིམས་ཆོས་འཕེལ་ལས་ཡིག་གཟུགས་དང་སྐྱབས་འགྲོ། སྨོན་ལམ་སྣ་ལྔ་སོགས་ཐུགས་འཛིན་མཛད། དགུང་ལོ་བདུན་པ་ལྕགས་ཡོས༼ ཕྱི་ལོ༡༨༣༡ ༽ལོར་འདུལ་འཛིན་ཆེན་པོ་ཨ་རིག་ཁྲི་རིན་པོ་ཆེ་བྱམས་པ་འཕྲིན་ལས་རབ་རྒྱས་དཔལ་བཟང་བོའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཏེ་མཚན་ལ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ཞེས་གསོལ། དགེ་བཤེས་ཆོས་དཔལ་རྒྱ་མཚོའི་དྲུང་དུ་བཅར་བཞུགས་མཛད་དེ་རྒྱན་འཇུག་སོགས་ཐུགས་འཛིན་གནང་། དགུང་ལོ་བརྒྱད་པ་ཆུ་འབྲུག༼ ཕྱི་ལོ༡༨༣༢ ༽ལོར་གདན་ས་ནས་དབོན་པོ་བསྟན་འཛིན་རྒྱ་མཚོ་དང་དཔོན་ཁག་མང་པོས་ཕེབས་སྐྱེལ་གྱིས་ཆོས་གྲྭ་ཆེན་པོ་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་ཞབས་སེན་གྱི་པདྨོ་བཀོད། ཁྲི་སྟོན་གྲུབ་རྗེས་ལེགས་བཤད་སྙིང་བོ་སོགས་གཞུང་ཆེན་དུ་མ་ཐུགས་འཛིན་མཛད། གྲུབ་དབང་སྨན་ཤུལ་བློ་བཟང་ཕུན་ཚོགས་ཀྱི་དྲུང་ནས་འཇམ་དབྱངས་དཀར་པོ་སོགས་ཀྱི་རྗེས་གནང་གསན་པ་དང་། ཨ་རིག་ཁྲི་རིན་པོ་ཆེ་དང་གཟུངས་རུལ་མཁན་པོ་གཉིས་ཀྱི་དྲུང་དུ་སྒྲོལ་མ་དཀར་ལྗང་དང་ལམ་རིམ་ཆེན་མོའི་ལུང་སོགས་ཆོས་བཀའ་མང་པོ་གསན། དགུང་ལོ་བཅུ་གཅིག་པ་ཤིང་ལུག༼ ཕྱི་ལོ༡༨༣༥ ༽ལོར་སྐྱབས་རྗེ་གསེར་ཁང་པ་ཆེན་པོ་ལས་ཐོག་མར་སྲད་རྒྱུད་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་བདེ་མཆོག་གི་དབང་སོགས་གསན། དགུང་ལོ་བཅུ་བཞི་བ་ས་ཁྱི༼ ཕྱི་ལོ༡༨༣༨ ༽ལོར་རྗེ་གསེར་ཁང་པ་ཆེན་པོ་ལས་དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་གསན། བླ་མས་ཆོས་གྲྭར་ཞུགས་དགོས་པའི་བཀའ་བཞིན་གཟུངས་རུལ་མཁན་པོ་འཇམ་དབྱངས་ཤེས་རབ་ཡོངས་འཛིན་དུ་བསྟེན་ནས་བསེའི་བསྡུས་གྲྭའི་སྟེང་ནས་མཛུབ་ཁྲིད་ཞིབ་རྒྱས་དང་བགྲོ་གླེང་བྱེད་ཚུལ་སོགས་ལ་སྦྱངས། དགུང་ལོ་བཅུ་དྲུག་པ་ལྕགས་བྱི༼ ཕྱི་ལོ༡༨༤༠ ༽ལོར་བཤེས་གཉེན་ཆེན་པོ་ཀུན་སྤངས་པ་བློ་གྲོས་རབ་ཡངས་ཡོངས་འཛིན་དུ་བསྟེན་ནས་གཞུང་ཚན་སོ་སོར་དཔེ་ཁྲིད་ཞུས། འདི་ནས་བཟུང་ལོ་དྲུག་གི་རིང་ལ་རྗེ་བཙུན་པའི་ཡིག་ཆ་སོགས་གཞན་མང་པོར་གཟིགས། སྐྱབས་རྗེ་གསེར་ཁང་པ་ཆེན་པོས་དགུང་ལོ་ཉེར་ལྔའི་བར་དུ་གྲོང་ཆོག་ལ་མ་ཕེབས་ན་ལེགས་ཚུལ་གྱི་གསུང་བཀོད་ནན་ཅན་མཛད་པ་ལྟར་སློབ་གཉེར་ཁོ་ན་ལ་འབད་པས་ན་བཟའ་བཞེས་ཆས་སོགས་ཀྱང་ཤིན་ཏུ་དཀོན་པ་བྱུང་། དགུང་ལོ་ཉེར་གཅིག་པ་ཤིང་སྦྲུལ༼ ཕྱི་ལོ༡༨༤༥ ༽ལོར་རྗེ་བཙུན་པའི་དབུ་མ་ཐུགས་འཛིན་ཐོག་རྣམ་བཤད་དགོངས་པ་རབ་གསལ། ལྷག་མཐོང་ཆེ་ཆུང་། ལེགས་བཤད་སྙིང་བོ་སོགས་གཞིར་བཟུང་སྟེ་ཁ་བཤད་ཙམ་ཚིག་སྤྱིའི་ན་ཡམ་ཙམ་དུ་མ་ལུས་པར་དོན་ལ་སྒྲོ་འདོགས་ཆོད་ངེས་ཀྱི་སྦྱངས་པ་གནད་སྨིན་མཛད། དགུང་ལོ་ཉེར་གསུམ་པ་མེ་ལུག༼ ཕྱི་ལོ༡༨༤༧ ༽ལོར་མཚོ་སྔོན་གྲྭ་ཚང་ཁིའད་ཀྱི་ལྟག་ཐཱ་ཡན་རི་ཁྲོད་དུ་ཡོངས་རྫོགས་བསྟན་པའི་མངའ་བདག་སྐྱབས་རྗེ་གསེར་ཁང་པས་མཁན་སློབ་སྦྲགས་མ་དང་། དཔའ་རིས་དགེ་བཤེས་དངོས་གྲུབ་པས་གསང་སྟེ་སྟོན་པའི་སློབ་དཔོན། ཀུན་སྤངས་ཐུབ་མཆོག་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་རང་དགོན་དུ་ཕེབས་ནས་འདུལ་བ་མདོ་རྩ་སྔར་ནས་ཐུགས་འཛིན་མཛད་གྲུབ་པས་མཚོ་ཊཱིཀ་དང་རིན་ཆེན་ཕྲེང་བ་གཉིས་བསྡུར་ནས་གཟིགས་རྟོག་དང་། ཡོངས་འཛིན་རིན་པོ་ཆེ་ལས་བདེ་ལེགས་ཉི་མའི་འདུལ་བར་དཔེ་ཁྲིད་བྱས་ཏེ་ཆོས་གྲྭར་མ་ཆག་པ་མཛད། དགུང་ལོ་ཉེར་ལྔ་བ་ས་བྱ༼ ཕྱི་ལོ༡༨༤༩ ༽ལོར་ཆོས་གྲྭར་བཀའ་པོད་ཆེན་པོ་རྣམས་ལ་གསན་སྦྱང་མཛད་པའི་སེང་བར་གང་ཡོད་དུ་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་མ་ཁྱེ་ལྷ་རམས་པ་དགེ་ལེགས་དཔལ་བཟང་ལས་གཙང་བརྒྱུད་ལམ་རིམ་བདེ་ལམ་གྱི་ཉམས་ཁྲིད་སྨིན་རྒྱས་དང་ཀུན་རིག་གི་དབང་སོགས་དང་། གྲུབ་ཆེན་བརྩི་བཞག་བློ་བཟང་བསྟན་པའི་རྒྱལ་མཚན་ལས་འཇིགས་བྱེད་དཔའ་གཅིག་དང་བཅུ་གསུམ་མ། གཤེད་དམར་སོགས། གྲུབ་དབང་མོན་ཤུལ་དགེ་འདུན་ཕུན་ཚོགས་ལས་དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་སོགས་ཀྱི་དབང་ལུང་རྗེས་གསུམ་མང་དུ་གསན། ལོ་འདིར་དགོན་འདིའི་ཁྲི་སྲི་གཅོད་དཀའ་བ་སོགས་ལ་བརྟེན་ནས་གདན་ས་ཆེན་པོའི་ཆོས་ཀྱི་ཁྲིར་ཞབས་སེན་གྱི་པདྨོ་ཉེ་བར་བཀོད་དེ་སྒྲིག་ལམ་གྱི་རྟིང་བསྐུལ་དང་། འཛིན་གྲྭ་བཅུ་གསུམ་ལ་བརྩི་བཞག་གནང་བ།རྒྱུགས་བཞེས་པ། རྩོད་མཚམས་ལ་གཟིགས་རྟོག་གནང་བ་སོགས་གང་ཅིར་ཐུགས་བརྩོན་མ་ལྷོད་པ་མཛད། དགུང་ལོ་ཉེར་བདུན་པ་ལྕགས་ཕག༼ ཕྱི་ལོ༡༨༥༡ ༽ལོར་བྱམས་མེ་དཔོན་པོ་བསོད་རྒྱལ་སོགས་ཀྱིས་སྔ་ལོར་གདན་ཞུས་ལྟར་ཕེབས་ནས་ཐུགས་རྗེ་ཆེན་པོའི་དབང་དང་ཀུན་རིག་གི་དབང་སོགས་བསྩལ། རང་དགོན་དུ་སྐུ་མཆེད་བློ་བཟང་བསྟན་པ་རྒྱ་མཚོའི་དྲུང་ནས་བླ་མཆོད་བདེ་སྟོང་དབྱེར་མེད་པའི་ཉམས་ཁྲིད་གསན། ཀོའུ་བ་བློ་བཟང་བསྟན་འཛིན་ཉི་མས་གདན་ཞུས་ལྟར་ཀོའུ་བ་དགོན་དུ་ཕེབས། ཞོར་དུ་ལ་མོ་བདེ་ཆེན་དང་། བྱ་ཁྱུང་སོགས་སུའང་མཇལ་སྐོར་དུ་ཕེབས། དགུང་ལོ་སུམ་ཅུ་བ་ཤིང་སྟག༼ ཕྱི་ལོ༡༨༥༤ ༽ལོ་ནས་བཟུང་དབལ་ཤུལ་ཁྲོ་ཁོ་དང་མགོ་ལོག་ཁང་རྒན། མཚོ་སྔོན་པོ་ཨ་རིག རྗེ་སྐུ་འབུམ་དགོན་པ་སོགས་ཀྱིས་གདན་ཞུས་ལྟར་ཕེབས་ནས་ཀུན་རིག་གི་དབང་དང་འཇིགས་མཛད་དུས་དགྲའི་དབང་བོ་ལྷ་བཅུ་གསུམ་མའི་སྟ་གོན་དང་བཅས་པ། སྣར་ཐང་བརྒྱ་རྩའི་རྗེས་གནང་སོགས་ཆོས་བཀའ་མང་པོ་བསྩལ། དགུང་ལོ་སོ་བདུན་པ་ལྕགས་བྱ༼ ཕྱི་ལོ༡༨༦༡ ༽ལོར་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་མི་འཇིགས་ཆོས་ཀྱི་ཁྲི་འཕང་མཐོན་པོར་དགེ་ལེགས་འདབ་སྟོང་གྲོལ་བའི་ཞབས་སེན་གྱི་པདྨོ་ཉེ་བར་བཀོད་དེ་ལམ་རིམ་ཆེན་མོའི་གཟབ་བཤད་ཆོས་ཐུན་གཅིག་གནང་། དེ་ནས་བཟུང་བརྩི་བཞག་གཏོང་བ་དང་། ཚིག་རྒྱུགས་དང་རྩོད་རྒྱུགས་བཞེས་པ། དམ་བཅར་གཟིགས་རྟོག་མཛད་པ། སྤྱིའི་སྒྲིག་ལམ་ལས་བརྩམས་པའི་བཤད་སྒྲུབ་གླིང་ལ་ཚོགས་གཏམ་ཞིབ་རྒྱས་གནང་བས་སྒྲིག་ལམ་ཉམས་པ་རྣམས་སོར་ཆུད་ཅིང་འཆད་ཉན་ཡར་རྒྱས་སུ་གྱུར། དགུང་ལོ་སོ་དགུ་བ་ཆུ་ཕག༼ ཕྱི་ལོ༡༨༦༣ ༽ལོར་རྒྱ་ལི་ཡོངས་འཛིན་རིན་པོ་ཆེ་དགེ་འདུན་ཤེས་རབ་དཔལ་བཟང་བོའི་དྲུང་ནས་དྲུག་པའི་ཡར་ཚེས་ནས་བཟུང་རྭ་རྒྱའི་བླ་བྲང་ཚོམས་ཆེན་དུ། རྗེ་འདི་ཉིད་དང་དགོན་པའི་ཁྲི་གདན་ཟུར་རྣམས་ཀྱིས་གཙོས་གསན་མཁན་བརྒྱ་ལྷག་ཙམ་ལ་མི་ཏྲ་བརྒྱ་རྩའི་དབང་ཆེན་ཡོངས་སུ་རྫོགས་པར་གསན། དགུང་ལོ་ཞེ་གཅིག་པ་ཤིང་གླང༼ ཕྱི་ལོ༡༨༦༥ ༽ལོར་ཁྲི་ཀའི་བོད་ཇོའི་གྲྭ་ཚང་དུ་སྐྱབས་རྗེ་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་དྲུང་ནས་དཔལ་འཇིགས་མཛད་དུས་དགྲའི་དབང་བོའི་བསྙེན་སྒྲུབ་དང་སྦྱིན་སྲེག་གི་ཟབ་ཁྲིད་རྒྱབ་ཁྲིད་ལུང་གི་སྐོར་བཅས་གསན། དགུང་ལོ་ཞེ་ལྔ་བ་ས་སྦྲུལ༼ ཕྱི་ལོ༡༨༦༩ ༽ལོར་མཛོད་དགེའི་ཐང་ཟ་བུ་བརྒྱུད་ནས་གདན་ཞུས་ལྟར་དེ་ཕྱོགས་སུ་ཕེབས་ནས་གྲོ་ཚང་པཎྜི་ཏའི་སྤྲུལ་སྐུ་དང་བྱམས་མེའི་དཔོན་ཚང་སྤྲུལ་སྐུ། སོག་ཚང་སྤྲུལ་སྐུ་ཆེ་ཆུང་། བྱམས་མེའི་ཁྲི་ཟུར་སྨྲ་ཁམས་ཚང་སོགས་བླ་གྲྭ་ལྔ་བརྒྱ་སྐོར་དང་། ཐང་ཟ་བུ་བརྒྱུད། ཚ་ཁོ་ཟངས་དཀར་སྟོད་སྨད། རྔ་བ། དམུ་དགེ དབལ་ཤུལ་ཁྲོ་ཁོ། ཟུང་ཕན་ཕྱོགས་ཀྱི་ཁྲིམས་ཁྱོམ་ཚ་སོགས་ཕྱོགས་རིས་མེད་ནས་དད་པས་འདུས་པའི་ཚོགས་པ་སྟོང་ཕྲག་བདུན་ཉེ་བ་ལ་གྲུབ་པའི་འཁོར་ལོས་སྒྱུར་བ་མི་ཏྲ་ཛོ་ཀའི་ཐུགས་ཀྱི་བཅུད་ཕྱུང་བའི་ཉིང་ཁུ་མི་ཏྲ་བརྒྱ་རྩར་གྲགས་པའི་སྨིན་བྱེད་དབང་གི་རིམ་པ་རྣམས་རྫོགས་པར་གནང་། གཞི་བྱེས་ཀྱི་བསྒྲུབ་བྱ་ལྔ་བཅུ་བསྙེན་རྫོགས་ལ་བཀོད། ཇག་ཁྲིམས་དང་རྐུས་ཁྲིམས་སྡོམ་པ་སྔར་རྒྱུན་ལྟར་གནང་། ཡང་སྔར་ནས་ཟམ་ཚར་ཕེབས་དགོས་པའི་གསོལ་བཏབ་པ་ལྟར། སྟག་ཚང་ལྷ་མོ་ཉིན་སྲིབ་ཀྱི་གསེར་ཁྲི་སྤྲུལ་སྐུ། དབལ་ཤུལ་པ། རྩེ་དབུས་ཚེ་མཚམས་པ། གཞུང་ལས་པ་སོགས་སེར་སྐྱ་སུམ་སྟོང་ཙམ་ལ་མི་ཏྲ་བརྒྱ་རྩའི་དབང་ཡོངས་སུ་རྫོགས་པ་བསྩལ། དགུང་ལོ་ཞེ་བདུན་པ་ལྕགས་ལུག༼ ཕྱི་ལོ༡༨༧༡ ༽ལོར་དུས་འཁོར་གྲྭ་ཚང་གསར་བཞེངས་ཀྱི་མགོ་བརྩམས་ནས་དེའི་ཕྱི་ལོར་སྟེང་ཁང་རྣམས་དང་སྤེན་པད་བཅས་ལས་མཇུག་རྫོགས་པར་གྲུབ་པ་དང་། ཆུ་བྱ་ལོར་གསེར་ཚོན་ཕུལ་བ་སོགས་ལ་དངུལ་སྲང་སྟོང་ཕྲག་བདུན་ལྷག་ཙམ་སོང་བར་གླེང་། དགུང་ལོ་ཞེ་དགུ་བ་རབ་བྱུང་བཅོ་ལྔ་བའི་ཆུ་བྱ༼ ཕྱི་ལོ༡༨༨༣ ༽ལོའི་བཞི་བའི་ཚེས་གཉིས་ཀྱི་ཉིན་རོང་བོ་ཐོས་བསམ་གླིང་གི་ཁྲིར་ཕེབས་ཤིང་ལམ་རིམ་ཆེན་མོའི་གཟབ་བཤད་དང་འགྲེལ་བ་དོན་གསལ་གྱི་དབུ་ནས་བརྩི་བཞག་གནང་། འདི་དུས་བཤད་པ་གནང་བའི་ཐོག་མར་འོ་ལགས་སོ་ཞེས་གསུངས་པ་དང་ལྷན་དུ་སྟག་ལུང་གི་དབུ་རྩེ་ནས་འབྲུག་གྲགས་པ་དང་འཇའ་ཤར་བ་སོགས་མཚན་ལྟས་ལེགས་པོ་བྱུང་། དེ་ནས་ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་བོའི་དྲུང་དུ་མཇལ་བར་བྱོན་ནས་གུར་ལྷ་བརྒྱད་ཀྱི་རྗེས་གནང་གསན། ལོ་རྗེས་མར་རོང་བོ་དགོན་པའི་སྨོན་ལམ་གྱི་ཚོགས་དབུར་ཕེབས་ཏེ་གསུང་བཤད་དང་བཅོ་ལྔའི་ཉིན་གསོ་སྦྱོང་གི་མགོན་དུའང་བྱོན། དཔྱིད་ཆོས་ཆེན་མོའི་བརྩི་བཞག་གི་རྒྱུགས་བཞེས་སྐབས་ཚར་གཅོད་རྗེས་འཛིན་གྱི་ཐབས་མཁས་མཛད། ཁྲི་བས་ཚོགས་གཏམ་གྱི་སྲོལ་ཉམས་ནས་རིང་ཞིག་སོང་སྟབས་སྒྲིག་ལམ་སྤྱི་བྱེ་བྲག་ལས་བརྩམས་པའི་ཚོགས་གཏམ་ཞིབ་རྒྱས་གནང་། དགུང་ལོ་ང་ལྔ་བ་ས་ཡོས༼ ཕྱི་ལོ༡༨༧༩ ༽ལོར་ཧལ་ཧའི་ཕྱོགས་ནས་ཛ་ཡ་པཎྜི་ཏས་གདན་ཞུས་ལྟར་སྐུ་འབུམ་བྱམས་པ་གླིང་ནས་རིམ་པར། ཏེའུ་ཐུང་དང་དགོན་ཆེན་དགའ་ལྡན་དགེ་རྒྱས་གླིང་། ཧལ་ཧ་དཔོན་ཁག་རྣམས་གཙོ་བོར་གྱུར་བའི་ཐག་ཉེ་རིང་གི་ཧོ་ཤུའུ་ཕལ་མོ་ཆེ་དང་། ཞབས་པུ་རད་ཚུན་ཆད་ནས་འདུས་པའི་མཇལ་བ་རྣམས་ལ་དབང་ལུང་བཤད་ཁྲིད་སོགས་ཀྱི་ཆོས་བཀའ་རྒྱ་ཆེར་བསྩལ། ཙན་དན་ཇོ་བོ་སོགས་རྟེན་ཁྱད་པར་ཅན་རྣམས་ལ་མཇལ་བཞེད་ཀྱིས་རྒྱ་ནག་ལྕགས་རི་ཕྱི་མའི་རྒྱ་སྒོ་ཅང་ཀྱ་ཁུ་བརྒྱུད་ནས་པེའི་ཅིང་གི་ནུབ་ངོས་ཧལ་ཧ་དགོན་དུ་ཕྱག་ཕེབས། གཟིམ་ཁང་སེར་པོ། མཆོད་རྟེན་དཀར་པོ། ཙནྡན་ཇོ་བོ་སོགས་ལ་མཆོད་མཇལ་ལེགས་པར་གནང་། གོང་མའི་བློན་ཆེན་ཧར་ཆིན་པྰོ་ཝང་མཇལ་འཛོམས་ཐོག་ཆོས་སྲིད་གཉིས་ཐད་ནས་གསུང་གླེང་ཞིབ་རྒྱས་གནང་བས། གོང་བློན་ཆེན་པོ་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་ཏེ། ཁྱེད་བླ་མ་བཟང་བོ་རེད། ངས་གོང་དུ་ཞུས་ནས་ཁྱེད་ཧུ་ཐོག་ཐུའི་གྲས་སུ་བཞུགས་དགོས་ཞུས་པར། ང་བྱ་བྲལ་ལྟ་བུ་བྱས་ནས་ཁ་ཏོན་གང་ནུས་དང་གཞན་ལ་ཆོས་སྦྱིན་འདྲ་གཏོང་ཕྱིར་སྟོད་སྨད་ཀུན་ཏུ་ཉུལ་ན་དགོས་པ་ཆེ། ཧུ་ཐོག་ཐུའི་ཁ་སྟབས་དང་འདུན་པ་བདག་ལ་མེད་ཅེས་ཐག་ཆོད་པའི་ཞལ་གསུང་གནང་སྟེ་གསན་དགོངས་ཡེ་མ་མཛད། ཚུལ་འདི་ནི་ད་ལྟ་ཡུལ་ཁམས་མང་པོ་དབང་དུ་བསྡུ་བར་འདོད་ནས་རྒྱ་དཔོན་ཚོར་དངུལ་སྲང་ཁྲི་ཕྲག་ཕངས་མེད་དུ་བསྟབས་ཀྱང་འདོད་བྱའི་འབྲས་བུ་སྨིག་རྒྱུའི་རྫིང་བུ་བསྙེགས་པ་ལྟར་སོང་བའི་བླ་ཆེན་དག་ལ་ལྟོས་ནས་ཆེས་ངོ་མཚར་བའི་རྣམ་པར་ཐར་བ་ཡིན། དེ་ནས་ཨུ་ཅུ་མུ་ཆིན་ཏྰ་ཝང་ནས་གདན་འདྲེན་ལྟར་བློན་འབངས་སྟོང་ཕྲག་ལྷག་ཙམ་གྱིས་བསུ་བ་དང་བཅས་ཕུན་ཚོགས་རྣམ་རྒྱལ་གླིང་དུ་ཕྱག་ཕེབས་ནས་དབང་ལུང་སོགས་མང་དུ་བསྩལ། ཝང་གི་ཡ་མིན་དང་ལྕང་ལུང་པཎྜི་ཏའི་དགོན་པ། དགོན་སྡེ་ཆེན་པོ་རིན་ཆེན་མཆོག་གྲུབ་གླིང་སོགས་དགོན་སྡེ་ཡུལ་གྲུ་མང་པོར་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས་ཕྱིར་རང་ཡུལ་དུ་ཆིབས་བསྒྱུར་གནང་བཞེད་ཀྱིས་ཡ་མིན་ནས་ཕྱག་བཏེགས། མཚོ་བདུན་དགོན་སོགས་བརྒྱུད་ནས་རི་བོ་རྩེ་ལྔར་ཕེབས་ནས་དེ་གའི་རྟེན་རྣམས་ལ་ཞིབ་མཇལ་དང་མཆོད་འབུལ་རྒྱ་ཆེར་མཛད། མཁར་སྔོན་པོ་དང་ཨ་ལག་ཤ ཏེའི་ཐུང་སོགས་བརྒྱུད་དེ་སྐུ་འབུམ་བྱམས་པ་གླིང་དུ་ཕྱག་ཕེབས་ནས་གསེར་སྡོང་ཆེན་མོ་སོགས་ལ་མཆོད་མཇལ་མཛད། རང་དགོན་དུ་ཕེབས་བཞེད་ཀྱིས་བཞི་བའི་ཚེས་མགོར་བཏེགས་སྟེ་འབལ་གཞུང་སོགས་བརྒྱུད་དེ་བླ་བྲང་ཆེན་མོར་ཕྱག་ཕེབས། ཡབ་རྗེ་གསེར་ཁང་པ་ཆེན་པོའི་གདུང་མདུན་དུ་མཆོད་ཚོགས་རྒྱ་ཆེར་སྤྲོས་ཏེ་མཁའ་ཁྱབ་བསྟན་འགྲོར་ཕན་པའི་སྨོན་འདུན་ནན་ཏན་མཛད། དགུང་ལོ་ང་བརྒྱད་པ་ཆུ་རྟ༼ ཕྱི་ལོ༡༨༨༢ ༽ལོར་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དང་ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེ། རྗེ་ཀུན་སྤངས་འཇིགས་མེད་བསམ་གཏན། མཁན་ལས་ཐོགས་པ་ཁྲི་རྒྱ་ནག་པ་མཆོག་སྤྲུལ་སོགས་བླ་སྤྲུལ་བཀའ་རམས་མང་པོས་གཙོས་དོན་གཉེར་བ་མང་པོར་མི་ཏྲ་བརྒྱ་རྩ་དང་རྡོ་རྗེ་ཕྲེང་བའི་དབང་། དཔལ་དུས་ཀྱི་འཁོར་ལོའི་དབང་སོགས་བསྩལ། གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེར་སྔ་སོར་སྙན་སྒྲོན་ཕུལ་བ་བཞིན་ཆེད་གཉེར་གྱིས་ཕེབས་བྱུང་བར། ཁྲི་ཆེན་མཆོག་སྤྲུལ་རིན་པོ་ཆེ་དང་ཆེ་ཤོས་སྤྲུལ་བའི་སྐུ་སོགས་གསན་མཁན་ཉུས་བསྡུས་དང་ལྷན་ཅིག་རྗེ་བཙུན་ཏྰ་ར་ནྰ་ཐས་བསྒྲིགས་པའི་སྒྲུབ་ཐབས་རིན་འབྱུང་ལས་བྱུང་བའི་རྗེས་གནང་སུམ་བརྒྱ་སྐོར་དང་། རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་སོགས་མང་པོ་གསན། དཔལ་ལྡན་བྱ་ཁྱུང་དགོན་དང་ཁྲི་ཀའི་རི་ཁྲོད་པའི་བླ་སྤྲུལ་རྣམས་ལའང་ཆོས་བཀའ་རྒྱ་ཆེར་བསྩལ། དགུང་ལོ་རེ་དྲུག་པ་ལྕགས་སྟག༼ ཕྱི་ལོ༡༨༩༠ ༽ལོར་སྦྱིན་བདག་གསོན་གཤིན་རྣམས་ཀྱིས་ཕུལ་བའི་དཀོར་རྫས་རྣམས་ཆུད་མ་ཟོས་པར་བསོད་ནམས་མི་ཟད་པའི་གཏེར་དུ་བསྒྲུབ་པར་བཞེད་པ་སངས་རྒྱས་སྟོང་སྐུ་ཞིག་གསར་བཞེངས་ཀྱི་དགོངས་འཆར་སྔ་མོ་ནས་ཡོད་གཤིས། བསྟན་པའི་སྦྱིན་བདག་ཨུ་ཅུ་མུ་ཆིན་ཝང་ཕུན་ཚོགས་རྣམ་རྒྱལ་གྱིས་བསྐལ་བཟང་སངས་རྒྱས་སྟོང་གི་སྐུ་བརྙན་བཞེངས་ཐེབས་སུ་དངུལ་སྲང་ཁྲི་ཕྲག་གཅིག་དང་སྟོང་ཚོ་བདུན་ཕུལ་བ་གཞིར་བྱས་ཏེ། རྭ་རྒྱ་དགོན་པའི་སངས་རྒྱས་སྟོང་སྐུའི་ལྷ་ཁང་ངམ་སྐལ་བཟང་ལྷ་ཁང་མཐོང་བ་དོན་ལྡན་གསར་བཞེངས་མཛད་ནས་ལོ་ངོ་གསུམ་གྱི་རིང་ལ་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པ་ལེགས་པར་གྲུབ། དགུང་ལོ་བདུན་ཅུ་བ་ཤིང་རྟ༼ ཕྱི་ལོ༡༨༩༤ ༽ལོར་འགྲོ་མགོན་ཀིརྟི་རིན་པོ་ཆེ་རྭ་རྒྱར་ཕེབས་ནས་ཁོང་གིས་ཐུགས་འདུན་བཞིན་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་སྟ་གོན་དང་བཅས་པ་ཕྱག་བཞེས་དང་གསུང་བཤད་ངོ་མཚར་བས་བརྒྱན་པ་བསྩལ། སྐྱབས་མགོན་ཀིརྟི་རིན་པོ་ཆེའི་དྲུང་ནས་བྱང་ཆུབ་ལམ་སྒྲོན་གྱི་གཟབ་བཤད་དང་དགའ་ལྡན་ལྷ་བརྒྱ་མའི་མཆོད་ཆོག་སོགས་བཀའ་རྩོམ་ཁ་ཤས་ཀྱི་ལུང་གསན། འགྲོ་མགོན་ཀིརྟི་རིན་པོ་ཆེ་ནས་གདན་འདྲེན་གྱི་སྙན་བསྐུལ་ནན་ཆེ་བར་བརྟེན། ཟླ་བདུན་པའི་ནང་དུ་སྟག་ཚང་ལྷ་མོའི་གདན་ས་ཉིན་སྲིབ་གཉིས་དང་མཛོད་དགེའི་དཔོན་ཁག་མང་པོར་ཞབས་སོར་བཀོད་དེ་ཀིརྟི་རིན་པོ་ཆེ་སོགས་ལ་ཆོས་བཀའ་རྒྱ་ཆེར་སྩོལ་བཞིན་ཡུལ་དེར་བཞུགས། ཕྱི་ལོའི་ཟླ་དྲུག་པར་མཛོད་དགེའི་དམར་མོ་ཐང་ནས་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དང་གཙོས་ཁྲི་ཆེན་མཆོག་སྤྲུལ། ལྷ་མོའི་གསེར་ཁྲི་མཆོག་སྤྲུལ། བྱམས་མེ་སྤྲུལ་སྐུ་སོགས་བླ་སྤྲུལ་བརྒྱ་དང་སུམ་ཅུ་སྐོར་གྱིས་དབུ་མཛད། དགོན་ཁག་སོ་སོ་ནས་ཕེབས་པའི་དགེ་འདུན་པ་ལྔ་སྟོངཙམ། དཔོན་འབངས་མཐའ་ཡས་པ་བཅས་ཚོགས་པ་ཁྲི་ཕྲག་གཉིས་དང་སྟོང་ཕྲག་བརྒྱད་བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་དབང་གི་སྟ་གོན་གྱི་རིམ་པ་དང་། བྱིས་པ་འཇུག་པའི་དབང་བདུན། གོང་མ་གོང་ཆེན། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་པ་སྨིན་རྒྱས་སུ་བསྩལ། སྔ་སོར་ཀིརྟི་རིན་པོ་ཆེས་དགོན་ཆེན་གྱི་ཁྲིར་བཞུགས་དགོས་ཚུལ་གྱི་ཞུ་ནན་ཕུལ་བ་དོན་ལྡན་དུ་བྱ་བའི་ཕྱིར་བརྒྱད་པའི་ཚེས་བཞིའི་ཉིན་གདན་སའི་ཆོས་ཁྲིར་ཞབས་སོར་བཀོད་དེ་དགེ་འདུན་འདུས་པའི་ཚོགས་ལ་ལམ་རིམ་ཆེན་མོའི་དབུ་ནས་གཟབ་བཤད་ཐུན་གཅིག་དང་བརྩི་བཞག་གནང་། དེ་ཀའི་ཁྲི་ཟུར་ཞིག་ཁྲི་ཚབ་ཏུ་བཞག་སྟེ་ཕྱིར་གདན་སར་ཕྱག་བཏེགས། དེ་ལྟར་དམ་པ་འདི་ཉིད་ཀྱིས་རང་དགོན་རྭ་རྒྱ་བཀྲ་ཤིས་འབྱུང་གནས་དང་རྗེ་སྐུ་འབུམ་བྱམས་པ་གླིང་། རོང་བོ། བྱ་ཁྱུང་། ཀིརྟི་སོགས་གཙོས་བོད་སོག་རྒྱ་གསུམ་གྱི་དགོན་སྡེ་མང་པོ་དང་། མཛོད་དགེ་སྟོད་སྨད། ཚ་ཁོ་ཟངས་དཀར་སྟོད་སྨད། རྔ་བ། དམུ་དགེ དཔལ་ཤུལ། ཁྲོ་ཁོ། སྦྲ་ནག་ཁག་གསུམ། གཅན་ཚ་ཉིན་སྲིབ་སོགས་ཡུལ་གྲུ་མང་པོར། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་བདུན་ཡས་མས་དང་རྡོར་ཕྲེང་གི་དབང་ཐེངས་བཅུ་བདུན་ཙམ། མི་ཏྲའི་དབང་ཐེངས་བརྒྱད་ཙམ། སྣར་ཐང་བརྒྱ་རྩའི་རྗེས་གནང་ཐེངས་ལྔ་ཙམ། དབང་ལུང་རྗེས་ཁྲིད་སོགས་སྐལ་ལྡན་གདུལ་བྱ་བགྲང་གིས་མི་ལངས་པའི་འདོད་མོས་བཞིན་བསྩལ་བ་སོགས་ཡིག་ཚོགས་ལ་འཇིགས་ནས་འབྲིར་མ་སྤོབས་སོ།། མཐར་དགུང་ལོ་དོན་གསུམ་པ་མེ་བྱ༼ ཕྱི་ལོ༡༨༩༧ ༽ལོའི་གནམ་ལོ་གསར་ཚེས་ལ་སྐུ་འབུམ་བྱམས་པ་གླིང་གི་སྒར་བར་བཞུགས། བཞི་བའི་ཚེས་ལ་གདན་སར་ཕེབས། རྗེ་གོང་མས་མཛད་པ་ཐ་མ་སྟོན་ཁར་གུང་ཐང་མགར་བར་བཞེངས་བཅུག་པའི་ལུང་སྟོན་བྱམས་པའི་མདུན་དུ་སེམས་བསྐྱེད་མཆོད་པ་གནང་བའི་མགོན་དུ་བྱོན་ནས་ཐུགས་སྨོན་ནན་ཏན་མཛད་པ་དགོངས་གཞི་ཅན་དུ་མངོན། དགུ་བའི་ཚེས་ལ་ཁྲི་ཀའི་བོད་ཇོའི་གྲྭ་ཚང་གི་གཟིམས་ཁང་དུ་ཕེབས་ནས། ལོ་དེའི་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་ཞིང་འདིར་གཟུགས་སྐུ་རགས་པའི་བཀོད་པ་རེ་ཞིག་བསྡུས་ནས་མི་ཕམ་ཆོས་ཀྱི་འདུན་ས་ཞིང་མཆོག་ཡིད་དགའ་ཆོས་འཛིན་དུ་གཤེགས་སོ།། ཁོང་ལ་གསུང་ལས་སྐྱེས་བའི་སློབ་བུ་ཡང་བགྲང་གིས་མི་ལངས་མོད། རེ་འགའ་ཙམ་ཞུ་ན། ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་། ཀིརྟི་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ། ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེ། ཨ་ཀྱྰ་བློ་བཟང་བསྟན་པའི་དབང་ཕྱུག་བསོད་ནམས་རྒྱ་མཚོ། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། ལ་མོ་གསེར་ཁྲི་བློ་བཟང་ཐུབ་བསྟན་རྒྱ་མཚོ། ལ་མོ་ཞབས་དྲུང་དགེ་འདུན་བསྟན་འཛིན་ནོར་བུ། ཤར་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན། རྒྱ་ཡག་ཚུལ་ཁྲིམས་བསྟན་པའི་ཉི་མ། ཛ་ཡ་པཎྜི་ཏའི་ཡང་སྤྲུལ་བློ་བཟང་ཆོས་ཀྱི་དབང་ཕྱུག སྒོ་མང་མཁན་སྤྲུལ་དགེ་འདུན་བསྟན་པ་དར་རྒྱས། ཨ་རིག་ཡོན་ཤུལ་སྤྲུལ་སྐུ་བློ་བཟང་རྒྱ་མཚོ། ལ་ཁ་བློ་བཟང་བསོད་ནམས་རྒྱ་མཚོ་སོགས་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་མང་དུ་བྱུང་ངོ་།། རྗེས་འཇུག་ཕྱི་རབས་པ་རྣམས་ལ་ཕན་ཕྱིར་དུ་གསུང་རྩོམ་མཛད་པ་ལའང་། བླ་མ་མཆོད་པའི་ཆོ་ག་མདོར་བསྡུས་བསམ་འཕེལ་ནོར་བུའི་དོ་ཤལ། བླ་མ་དང་རྡོ་རྗེ་འཇིགས་བྱེད་དབྱེར་མེད་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་འགུགས་པའི་ལྕགས་ཀྱུ། བསྟན་པའི་རྩ་ལག་ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མའི་རྣམ་ཐར་མཁས་པའི་མགུལ་རྒྱན་པད་དཀར་ཕྲེང་བ་ཞེས་བྱ་བའི་སྨད་ཆ། སེམས་བསྐྱེད་མཆོད་པའི་འདོན་བསྒྲིགས་དང་ཟིན་ཐོ། སྐྱབས་མགོན་ཤིང་བཟའ་རྡོ་རྗེ་འཆང་ཆེན་པོ་ལ་ཆེ་ཤོས་སྐྱེས་མིང་བས་དྲི་བ་ཞུས་པའི་བཀའ་ལན། འཛམ་གླིང་གནས་ཆེན་ཀུན་གྱི་ཕུལ་བྱུང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག་རི་བོ་རྩེ་ལྔ་དང་གཉིས་སུ་མེད་པའི་བྲག་དགོན་མཆོག་དགའ་གླིང་གི་ལོ་རྒྱུས་དཀར་ཆག་གསལ་བར་བརྗོད་པ། ཕྲེང་ཀྲྀ་ཆུ་བོ་གཉིས་འདྲེས་ཀྱི་དབང་གི་བརྒྱུད་འདེབས། འཇམ་དབྱངས་ནག་པོའི་བསྒོམ་བཟླས། གསོ་སྦྱོང་གི་ལག་ལེན་འཁྲུལ་མེད་ཁུངས་དག དམ་པའི་རྗེས་འཛིན་གྱི་གསོལ་འདེབས་སྨོན་ཚིག རྫུན་པ་ཉི་ཤུའི་གཏམ་སྦྱོར། དབེན་ས་ལུགས་ཀྱི་གཅོད་སྟན་ཐོག་གཅིག་མའི་སྒོ་ནས་གཉན་ཁྲོད་ལ་འགྲོ་ཚུལ་གྱི་ཡིག་ཆུང་རྙེ་རིན་པོ་ཆེའི་གསུང་ཟིན་བྲིས་ལ་ཡིག་སྐྱོན་ཕྲན་བུའི་རིགས་རྣམས་རྗེ་ཤིང་བཟའ་རིན་པོ་ཆེ་ནས་བསལ་ཏེ་ཞུས་དག་བྱས་པ་སོགས་མང་པོ་མཛད་མོད་ཡིད་ཕངས་པ་ཞིག་ལ་གཞན་དག་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་མེ་ལྷའི་ཞལ་དུ་ཐིམ་སོང་ངོ་།། ཕྱི་ལོ༢༠༡༥ལོའི་ཟླ༡༢པའི་ཚེས༡༥ཉིན་རྫོགས་པར་བྲིས།

                                                   རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

http://www.tb1025.cn/lg/muna/xidaidanz/2017-03-22/1690.html

སྨན་ཤུལ་བློ་བཟང་ཡེ་ཤེས་བསྟན་འཛིན།

[རྩོམ་སྒྲིག]

སྨན་ཤུལ་ཨེར་ཏི་ནི་བློ་བཟང་ཡེ་ཤེས་བསྟན་འཛིན་གྱི་རྣམ་ཐར་མདོར་བསྡུས། རྭ་རྒྱ་བློ་དབང་། དམ་པ་འདི་ནི་རབ་བྱུང་བཅུ་གསུམ་པའི་ཤིང་གླིང་སྤྱི་ལོ་༡༨༠༥ལོར་ཡབ་ཨ་རིག་སྨན་ཤུལ་དུ་བསོད་ནམས་དར་རྒྱས་དང་ཡུམ་བློ་བཟང་ཆོས་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་ལྔ་བ་སྤྱི་ལོ་༡༨༡༠ ལོར་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོས་རྭ་རྒྱའི་ཁྲི་རབས་དང་པོ་རྗེ་ཡེ་ཤེས་ཀུན་བཟང་གི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་དྲུག་པར་རྗེ་དེ་ཉིད་ལས་དགེ་ཚུལ་གྱིས་སྡོམ་པ་བླངས་ཤིང་མཚན་ལ་བློ་བཟང་ཡེ་ཤེས་བསྟན་འཛིན་དུ་གསོལ། དགུང་ལོ་བཅུ་གཉིས་པ་སྤྱི་ལོ་༡༨༡༧ ལོར་རྭ་རྒྱ་བཀྲ་ཤིས་འབྱུང་གནས་སུ་ཁྲི་སྟོན་དང་འབྲེལ་ཆོས་ཞུགས་གནང༌། བསྡུས་གྲྭ་ནས་ཕར་ཕྱིན་བར་གསན་སྦྱོང་མཐིལ་ཕྱིན་པ་གནང་བ་དང་ཁྲི་རྒྱལ་མཚན་སེངྒེ་ལས་རྟ་མགྲིན་ཡང་གསང་ལྷ་དགུའི་དབང་ཆེན་སོགས་ཆོས་བཀའ་ཅི་རིགས་དང༌།དགུང་ལོ་ཉེར་གཉིས་པ་སྤྱི་ལོ་༡༨༢༧ ལོར་ཡབ་རྗེ་གསེར་ཁང་བ་ཆེན་པོ་བློ་བཟང་བསྟན་འཛིན་ལས་བསྙེན་པར་རྫོགས། ལོ་དེ་ལ་དབུས་གཙང་དུ་ཆིབས་བསྒྱུར་གྱིས་སེ་རར་ཕེབས་འཕྲལ་མཁན་ཆེན་བསོད་ནམས་གྲགས་པས་རྟ་མགྲིན་ཡང་གསང་གི་དཀྱིལ་འཁོར་དུ་བཅུག་སྟེ་སྨིན་པར་མཛད། ལྷ་བབས་དུས་ཆེན་དང་བསྟུན་སེར་བྱེས་མཁས་སྙན་གྲྭ་ཚང་གི་བསྡུས་ཆུང་འཛིན་གྲྭ་ནས་ཆོས་སྒོར་ཞུགས་ཤིང་གཞུང་གསར་བར་དུ་དམ་བཅའ་བཞག་སྟེ་ཐོད་བརྒལ་གྱིས་འཕར། དགེ་བའི་བཤེས་གཉེན་རྣམས་གཙུག་གི་རྒྱན་དུ་བསྟེན་ཏེ་དཀའ་སྤྱད་ཀྱིས་སློབ་གཉེར་ལ་འབད་པའི་ཞར་ལ་ཐུགས་དམ་ཉམས་བཞེས་མ་ཆག་པར་མཛད་པ་དང་གཞན་ལ་བསླབ་བྱ་གསུང་མགུར་སྣ་ཚོགས་དང་༼རྗེ་བླ་མའི་རྣམ་ཐར་གསོལ་འདེབས་དད་པའི་པད་མོ་རྒྱས་པའི་ཉིན་བྱེད་༽སོགས་ལྗགས་རྩོམ་མཛད། རབ་བཅུ་བཞི་བའི་ཆུ་འབྲུག་སྤྱི་ལོ་༡༨༣༢ ལོར་བྱེས་གྲྭ་ཚང་དང༌། བྱ་བྲལ་ཁམས་ཚན་བཅས་ཀྱིས་རྒན་རབས་པ་རྣམས་ཀྱིས་ཁམས་ཕྱོགས་སུ་འབུད་སྡུད་ལ་ཕེབས་དགོས་པའི་སྙན་བསྐུལ་གནང་བ་ལྟར་ཁོང་གི་དེ་དོན་ཤར་བ་རིན་པོ་ཆེར་ཞུས་པས། ཁམས་ཕྱོགས་སུ་ཕེབས་རྒྱུ་དེ་ཤིན་ཏུ་ལེགས། ཁམས་ཕྱོགས་སུ་ཡུན་རིང་བཞུགས་དགོས་ཞུ་མཁན་འདྲ་ཡོད་ན་སླར་འབྱོན་ཆད་བྱེད་དགོས་པ་ལས། ཐེངས་འདིར་ལོ་གསུམ་ལྷག་མ་བཞུགས་པ་ལེགས་ཚུལ་བཀའ་བསྩལ། ཆུ་སྤྲུལ་སྤྱི་ལོ་༡༨༣༣ ལོར་ཁམས་ཕྱོགས་སུ་རིམ་ཕེབས་ཀྱིས་སེར་ཤུལ་དཀར་ཆེན་ཐང་དུ་འབྱོར་བ་ན་དགེ་རྩེ་བླ་མ་ཤེས་རབ་བཟང་པོ་དེར་བྱོན་པ་དང་དུས་འགྲིག ཁོང་གིས་མཚམས་སྦྱོར་ལྟར་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་དུ་ཕེབས་པ་དང་དགེ་འདུན་པ་རྣམས་དབྱར་གནས་ལ་འདུ་བ་སོགས་རྟེན་འབྲེལ་ལྷུན་གྱིས་གྲུབ་པ་བྱུང༌། དེར་ཟླ་བ་དྲུག་ལྷག་ལ་དགའ་ལྡན་ལྷ་བརྒྱ་མའི་ཟབ་ཁྲིད་ཀྱིས་དབུ་བརྩམས་འདོད་ཆོས་སྣ་ཚོགས་ཇི་འདོད་དུ་བསྩལ། དགོན་པའི་དྲག་ཞན་རྣམས་ཀྱིས་གཏན་བཞུགས་དགོས་པའི་སྐྱབས་འཇུག་ཞུས་པས་ད་ལན་ཁམས་ཚན་དང་གྲྭ་ཚང་གི་མཁོ་ཆས་འདི་ཡར་རྩིས་འབུལ་བྱེད་དགོས་མོད་ཕྱིས་སུ་འོང་ངེས་ཀྱི་ཞལ་བཞེས་གནང་སྟེ་རྟ་མགྲིན་ཁང་གསར་དུ་བཙུགས། དུས་ཚེས་དགེ་བར་ལམ་རིམ་ཆེན་མོའི་བཤད་ཁྲིད་དང་ཆོས་ཁྲིར་ཕེབས་ཏེ་ལེགས་བཤད་གསེར་གྱི་ཕྲེང་བའི་བརྩི་བཞག་གནང་བ་སོགས་མཛད། ལོ་དེར་དབུས་ཕྱོགས་སུ་ཕེབས་ཏེ་གྲྭ་ཚང་དང་ཁམས་ཚན་ལ་དངོས་འབུལ་མཛད།ཁྲི་ཆེན་འཇམ་དཔལ་ལྷུན་གྲུབ་དང་ཤར་རྩེ་རིན་པོ་ཆེ་གཉིས་ཀྱིས་གྲྭ་སའི་མིང་བཏགས་ལེན་པ་ལས་གཙང་ཕྱོགས་སུ་ཕེབས་ནས་ྋཔཎ་ཆེན་བསྟན་པའི་ཉི་མའི་ཞབས་ལ་གཏུགས་ན་ལེགས་ཚུལ་གྱིས་ལུང་བསྟན་ལྟར་བཀྲ་ཤིས་ལྷུན་པོར་ཕེབས། ྋཔཎ་ཆེན་ཐམས་ཅད་མཁྱེན་པའི་མདུན་ཆོས་བཀའ་མང་དུ་གསན་པ་དང་ཐེངས་ཤིག་ྋཔཎ་ཆེན་རིན་པོ་ཆེའི་བཀའ་ལྟར་མཁན་ཆེན་ཐོགས་མེད་པ་དང་ལྷན་དུ་སེམས་བསྐྱེད་ཚོགས་གླེང་མཛད་པའི་རྩོད་ལན་གཉིས་ཀར་རྗེ་འདི་ཉིད་ལེགས་ཐོན་གྱི་བསྔགས་བརྗོད་དང་ཨེར་ཏི་མེརྒན་མཁན་པོ་ཞེས་པའི་ཆོ་ལོ་བསྩལ་ཏེ། མདོ་ཁམས་ཕྱོགས་སུ་བསྟན་འགྲོའི་དོན་སྐྱོང་བར་ཕེབས་དགོས་ཚུལ་གྱི་བཀའ་གནང༌། དེ་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ནས་ཁྲི་རིན་པོ་ཆེ་འཇམ་དཔལ་ཚུལ་ཁྲིམས་དང་ལྷན་ཆོས་ཀྱི་གསུང་གླེང་རྒྱ་ཆེན་དང་ཁྱད་པར་ཁྲི་རིན་པོ་ཆེ་ནས་ཁམས་སུ་ཕེབས་ནས་འཇམ་མགོན་བླ་མའི་བསྟན་པ་སྤེལ་བར་དད་བརྩོན་ཞུས་ན་འདི་ནས་དགའ་ལྡན་ཁྲི་བར་ཕེབས་པ་ལས་ཀྱང་ལྷག་ཚུལ་གྱི་བཀའ་སློབ་མང་དུ་གནང་བ་དང༌། ཁྲི་རིན་པོ་ཆེའི་དབུ་གདུགས་དང་ཐུབ་པའི་སྣང་བརྙན་ཁྱད་འཕགས་བཅས་རྟེན་དུ་གནང༌། རབ་བྱུང་བཅུ་བཞི་བའི་ལྕགས་བྱི་སྤྱི་ལོ་༡༨༤༠ ལོར་མདོ་ཁམས་སུ་ཆིབས་བསྒྱུར་གྱིས་ཆོས་སྡེ་ཆེན་པོ་བཤད་སྒྲུབ་ཐར་བ་གླིང་དུ་ཕེབས། ཕྱི་ལོར་སྔར་གྱི་ཞལ་བཞེས་ལྟར་རྫ་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་དུ་ཕེབས་ནས་ཆོས་ཁྲི་ལ་མངའ་གསོལ་བ་དང་དགོན་ལྷ་འབངས་དང་བཅས་པ་བརྩེ་བའི་བུ་བཞིན་བསྐྱངས་པའི་བཀའ་དྲིན་ལས་བར་ཁམས་ཀྱི་ཡུལ་དུ་འཇམ་མགོན་ཙོང་ཁ་བ་ཆེན་པོའི་བསྟན་པའི་གནས་གཞི་ལྟ་བུར་གྱུར་བ་ཡོངས་སུ་གྲགས་པ་ལྟར་ལ། རྗེ་འདི་ཉིད་ཀྱིས་ཐུགས་བརྩེའི་བཀའ་དྲིན་ལས་ནག་ཆུའི་ཨོ་ཐོག་དགོན་དང་རྫ་བ་རོད་དགོན་སོགས་ཀྱང་འཕེལ་རྒྱས་ཀྱི་དཔལ་ལ་བཀོད་པ་ཡིན་ནོ། །དེ་ལྟར་སྨན་ཤུལ་ཨེར་ཏི་ནི་རྗེ་བཙུན་བློ་བཟང་ཡེ་ཤེས་འདི་ཉིད་ཀྱི་སྐུ་ཚེ་ཧྲིལ་བོར་རྫ་སེར་ཤུལ་དགོན་གདན་སའི་མཐིལ་དུ་བཟུང་ནས་ཕྱོགས་ཀྱི་དད་ལྡན་རྣམས་ལ་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཆར་འབེབ་བཞིན་ངོ་མཚར་བའི་ལྟས་དང་བཅས་སྐུ་གཤེགས་སོ། སྐུ་ཚེ་སྨད་ཀྱི་རྣམ་ཐར་ཞིབ་གསལ་མ་ངེས་ཀྱང་དགུང་ན་མཐོན་པོའི་སྐབས་གཤེགས་ཚུལ་ཨོ་ཐོག་དགོན་པའི་ལོ་རྒྱུས་སུ་གསལ་ཞེས་ཐོས། རྣམ་ཐར་རགས་བསྡུས་འདི་ནི་སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས་བསྒྲིགས་པའི་སེར་ཤུལ་དགོན་པའི་ལོ་རྒྱུས་ཤོག་འཛར་ལས་བཏུས།

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]

རྭ་རྒྱའི་བཀའ་འགྱུར།

[རྩོམ་སྒྲིག]

རྭ་རྒྱ་བཀའ་འགྱུར་པར་མ། རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་ལོ་སྟེ་སྤྱི་ལོ༡༨༡༤ལོར་མདོ་སྨད་ཨ་རིག་རྭ་རྒྱ་དགོན་པའི་གདན་ས་བ་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོས་ཞལ་བཀོད་ལྟར་སྦྱིན་བདག་མཛད་དེ<<སྡེ་དགེ་བཀའ་འགྱུར>>དཔར་མ་གཞིར་བཟུང་ནས་དཔར་བརྐོ་གནང་བ་ལོ་ངོ་དྲུག་གི་རིང་བཀའ་འགྱུར་ཁ་ཚང་དཔར་བརྐོས་གྲུབ་ནས་རྭ་རྒྱའི་དཔར་ཁང་ཆེན་མོར་བཞུགས་པ་དང་། འདིའི་དཀར་ཆག་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་མཛད་པ་<<མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག>>ཅེས་པར་བཞུགས།