ཡོངས་འཛིན་འཚོལ་བཤེར
1 སྤྱི་བཤད།
[རྩོམ་སྒྲིག]ཡོངས་འཛིན་འཚོལ་བཤེར་ནི་བོད་ཡིག་གི་དྲ་ཐོག་ཆ་འཕྲིན་འཚོལ་བཤེར་གྱི་མ་ལག་ཅིག་ཡིན་ཏེ།[༡] མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས2013ལོ་ནས་ལས་གཞིའི་འགོ་བརྩམས་པ་ཡིན། ད་ལྟ་གསར་འགྱུར་དང་། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་སྡེ་ཚན་ཆེན་པོ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཏུ་གྲུབ་ཡོད་ཅིང་། འཛམ་གླིང་ཧྲིལ་བོའི་བོད་ཡིག་འཚོལ་བཤེར་ཆེས་ཐོག་མ་དང་ཆེས་ཆེ་ཤོས་སུ་ཆགས་ཡོད། 2016ལོའི་ཟླ8པའི་ཚེས22ཉིན་ནས་དངོས་སུ་ཤར་གཏོང་བྱས་ལ། འདིས་བོད་ཡིག་བཀོལ་སྤྱོད་བྱེད་པའི་དྲ་དམངས་རྣམས་ཀྱི་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་འཚོལ་བཤེར་གྱི་དགོས་མཁོ་བསྐངས་པའི་མཚུངས་སུ། བོད་ཡིག་འདི་ཉིད་ཕུང་བོ་གཅིག་ཏུ་འགྱུར་བའི་འཛམ་བུ་གླིང་གི་ཆ་འཕྲིན་འཚོལ་བཤེར་གྱི་སྒང་ལ་གོམ་པ་སྤོས་པ་མཚོན་ནོ། །
ཡོངས་འཛིན་འཚོལ་བཤེར་ལ་མཚོན་ན། སྲོག་ཤིང་དུ་གྱུར་བའི་ལག་རྩལ་གཙོ་བོ་ནི་བོད་ཡིག་གི་མིང་གི་རིགས་དབྱེའི་རྣམ་གཞག་འབྱེད་པ་དང་སྐད་བརྡའི་དབྱེ་ཞིབ་མ་ལག་གི་འདོན་སྤེལ་དེ་ཡིན་ལ། དེས་རྩིས་འཁོར་གྱི་བཀོལ་སྤྱོད་མ་ལག་རིགས་མང་པོར་རྒྱབ་སྐྱོར་ཐུབ་པའི་ཁར། མིང་བརྡ་ཡང་དག་པོར་ངོས་ཟིན་ཚད་དང་མིང་གི་རིགས་དབྱེའི་རྣམ་གཞག་འབྱེད་ཚད་སོགས་ཕྱོགས་གང་ཐད་ནས་སྟབས་བདེ་ཞིང་ཅུང་འཐུས་ཚང་དུ་གྱུར་ཡོད། དེའི་མཚུངས་སུ་བོད་ཡིག་དོན་གཅིག་མིང་གི་རྣམ་གྲངས་དུ་མ་ལ་འཇུག་པ་དང་ལ་ཏིང་གི་སྐད་དོད་སོགས་ལས་འཚོལ་བཤེར་ཐུབ་པར་མ་ཟད། ཚེག་བར་སྦྱོར་སྟངས་ཀྱི་ཞིབ་བཤེར། དོན་གྱི་འཚོལ་ཞིབ། སྒྲིག་ཨང་མི་གཅིག་པ་རང་དབང་གིས་བརྗེ་བསྒྱུར་བྱེད་པ་སོགས་ཀྱི་བྱེད་ནུས་ལྡན་པས། འཚོལ་བཤེར་མ་ལག་གི་འདུས་གྲུབ་མངོན་འགྱུར་བྱུང་ཐོག འཚོལ་བཤེར་མ་ལག་རིག་ལྡན་ཅན་དུ་འགྱུར་བའི“ཁུངས་ཀྱི་ཤེས་བྱ”ཡི་རྟེན་བྱེད་གཙོ་བོ་ཞིག་ཡིན་ཞིང་། དེར་བརྟེན་ནས་མིའི་རྩོལ་བ་ལས་བྱུང་བའི་རང་ས་ཅན་གྱི་རིག་སྟོབས་ཀྱི་ཁྱད་ཆོས་གྲུབ་ཡོད།
ཡོངས་འཛིན་འཚོལ་བཤེར་ལེགས་གྲུབ་བྱུང་བ་ཡིས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སྟོང་ཆ་མི་ཉུང་བ་ཞིག་བསྐངས་པའི་ཁར། འཛམ་བུ་གླིང་གི་དྲ་རྒྱའི་ཁོངས་སུ་བོད་ཡིག་ཆ་འཕྲིན་ལ་ཉེ་བར་འཇུག་པའི་སྒོ་མོ་ཞིག་དང་། བོད་ཀྱི་རིག་གནས་ཙམ་མ་ཟད། བོད་ཡིག་གི་ལམ་ནས་འཛམ་གླིང་གི་རིག་གནས་སྣ་མང་ལ་རྒྱུས་ལོན་དང་མཉམ་རོལ་བྱེད་པར་མཐུན་རྐྱེན་གལ་ཆེན་ཞིག་བསྐྲུན་པ་རེད།
2 ལོ་རྒྱུས་འཕེལ་རིམ།
[རྩོམ་སྒྲིག]2012ལོ་ནས2013ལོའི་བར། མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་ཚད་ལྡན་ཅན་ཨུ་ཡོན་ལྷན་ཁང་དང་། པེ་ཅིང་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་སུ་བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་ལས་གཞིའི་དུས་སྔོན་གྱི་རྨང་གཞིའི་རང་བཞིན་གྱི་གཞུང་ལུགས་ཞིབ་འཇུག་རྒྱ་ཆེན་པོར་སྤེལ།
2013ལོའི་ཟླ5པའི་ཚེས28ཉིན།མཚོ་ལྷོ་ཁུལ་བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་ལས་གཞིའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ་བསྡུས།
2013ལོའི་ཟླ9པའི་ཚེས23ཉིན། བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་ལས་གཞིའི་མཉམ་འབྲེལ་སྡེ་ཁག་གི་ལག་རྩལ་དཔྱད་ཞིབ་ཚོགས་འདུ་མཚོ་ལྷོར་བསྡུས་ཤིང་། དཔྱད་ཞིབ་ཆེད་མཁས་ཚན་ཆུང་གིས་དཔྱད་ཞིབ་དང་འདེམ་སྒྲུག དམིགས་འགྲན། གྲོས་ཞིབ་སོགས་རབ་དང་རིམ་པ་བྱས་མཐར། ནུབ་བྱང་མི་རིགས་སློབ་ཆེན་དང་པེ་ཅིང་ཞཱེན་ཏེན་ཚན་རྩལ་ཚད་ཡོད་ཀུང་ཟི་གཉིས་མཉམ་འབྲེལ་འདོན་སྤེལ་གྱི་ལས་ཁུངས་སུ་གཏན་འཁེལ་བྱས།
2013ལོའི་ཟླ11པར།མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ནུབ་བྱང་མི་རིགས་སློབ་ཆེན་དང་པེ་ཅིང་ཞཱེན་ཏེན་ཚན་རྩལ་ཚད་ཡོད་ཀུང་ཟི་རུ་མཉམ་འབྲེལ་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས་པས། ས་གནས་དང་སློབ་ཆེན། ཁེ་ལས་བཅས་མཉམ་འབྲེལ་སྒོས་འདོན་སྤེལ་གྱི་འབྲེལ་བ་དངོས་སུ་བཙུགས་པ་རེད།
2013ལོའི་ཟླ12པའི་ཚེས1ཉིན། མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་པོ་རྒྱ་ཡིག་དང་བོད་ཡིག་དྲ་བ་སོགས་སུ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་གྱི་མཚོན་རྟགས་ཇུས་འགོད་བརྩམས་ཆོས་བསྡུ་བའི་བརྡ་ཐོ་བཏང་ནས། 2014ལོའི་ཟླ6པའི་ཚེས30ཉིན་བར་དུ། བསྡོམས་པས་ཇུས་འགོད་བརྩམས་ཆོས103བསྡུས་ཤིང་། འབྲེལ་ཡོད་ཀྱི་ཆེད་མཁས་རྩ་འཛུགས་བྱས་ཏེ་བརྩམས་ཆོས་ལ་དཔྱད་འདེམས་བྱས་མཐར། ཁ་དོག་སྔོ་སེར་དམར་ལྗང་བཅས་བཞི་ལས་གྲུབ་ཅིང་། ཡོངས་འཛིན་ཞེས་པའི་མིང་དེ་གཞིར་བྱས་ནས་དབུ་ཁྱུད་ལས་ཡེ་ཤེས་ཀྱི་སྤྱན་གྲུབ་པའི་མཚོན་རྟགས“”བདམས་ཐོན་བྱུང་།
2014ལོའི་ཟླ7པའི་ཚེས7ཉིན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་ལགས་མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དུ་ཕེབས་ནས་ཡོངས་འཛིན་འཚོལ་བཤེར་འདོན་སྤེལ་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་དཔྱོད་དང་མཛུབ་སྟོན་གནང་།
2015ལོའི་ཟླ5པའི་ཚེས22ཉིན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་བསོད་ནམས་དོན་གྲུབ་ལགས་མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དུ་ཕེབས་ནས་ཡོངས་འཛིན་འཚོལ་བཤེར་འདོན་སྤེལ་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་།
2015ལོའི་ཟླ7པའི་ཚེས9པར། མཚོ་ལྷོ་ཁུལ་བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་ལས་གཞིའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ་བསྡུས་ནས། ཡོངས་འཛིན་འཚོལ་བཤེར་གྱི་ལས་རིམ་དང་པོའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་གནས་ཚུལ་དང་ལས་རིམ་གཉིས་པའི་འཛུགས་སྐྲུན་འཆར་འགོད་ཀྱི་སྐོར་སྤྱི་བསྡོམས་དང་གཏན་ལ་ཕབ།
2015ལོའི་ཟླ9པའི་ཚེས18ཉིན།མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་མཛད་པའི་ཡོངས་འཛིན་རིག་མཛོད་གྲངས་མཛོད་འཛུགས་སྐྲུན་མཉམ་འབྲེལ་གྲོས་ཚོགས་མཚོ་ལྷོ་ཁུལ་དུ་བསྡུས།
2015ལོའི་ཟླ11པར། མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚེ་ལོ་ལགས་དང་བཅས་པ་བོད་ལྗོངས་དང་། སི་ཁྲོན། པེ་ཅིང་སོགས་སུ་ཕྱིན་ནས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་གྱི་གྲངས་མཛོད་འཛུགས་སྐྲུན་སྐོར་གྱི་བྱ་བར་རྟོག་ཞིབ་གནང་།
2016ལོའི་ཟླ1པོར།ཡོངས་འཛིན་བོད་ཡིག་འཚོལ་བཤེར་འདོན་སྤེལ་བྱ་བ་དེ་མཚོ་སྔོན་ཉིན་རེའི་ཚགས་པར་རྩོམ་སྒྲིག་ཁང་གིས་སྤེལ་བའི2015ལོའི་མཚོ་སྔོན་གྱི་གསར་འགྱུར་གཙོ་གྲས་བཅུ་ཞེས་པའི་ཁྲོད་བདམས་པས་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་ཆེན་པོ་གནང་།
2016ལོའི་ཟླ1པོའི་ཚེས6ཉིན། མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་ལས་གཞིའི་ལས་རིམ་དང་པོའི་ཞིབ་བཤེར་རྩིས་ལེན་གྱི་གྲོས་ཚོགས་བསྡུས།
2016ལོའི་ཟླ5པའི་ཚེས26ཉིན། མཚོ་ལྷོ་ཁུལ་བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་ལས་གཞིའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ་བསྡུས།
2016ལོའི་ཟླ8པའི་ཚེས2ཉིན། ཡོངས་འཛིན་བོད་ཡིག་འཚོལ་བཤེར་ཕྱི་ཕྱོགས་སུ་ཚོད་གཏོང་བྱས་ནས། རྒྱ་ཆེའི་བོད་ཡིག་དྲ་དམངས་རྣམས་ཀྱི་དོ་སྣང་དང་གདེངས་འཇོག་མཐོན་པོ་ཐོབ།
2016ལོའི་ཟླ8པའི་ཚེས22ཉིན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ་དངོས་སུ་ཤར་གཏོང་བྱས།
མིག་སྔར་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་ལས་གཞིའི་ལས་རིམ་གཉིས་པའི་ལེགས་སྒྲིག་དང་རིམ་འཕར་བྱེད་བཞིན་པའི་སྒང་ཡིན་ལ། 2018ལོའི་ལོ་མཇུག་བར་དུ་ད་དུང་ལས་རིམ་གསུམ་པ་དང་ལས་རིམ་བཞི་པའི་ཞར་བྱུང་གི་ཞབས་ཞུའི་ལས་གཞི་སྤེལ་རྒྱུ་ཡིན་པ་རེད།
3 མིང་གི་བྱུང་ཚུལ།
[རྩོམ་སྒྲིག]ཡོངས་འཛིན་ནི་ལམ་སྟོན་གྱི་བླ་མ་དང་གནད་བཀྲོལ་གྱི་དགེ་རྒན་ལ་གོ་བ་ལྟར། གཅིག་ནས་བོད་ཡིག་འཚོལ་བཤེར་མ་ལག་ནི་རྨོངས་ཀུན་སེལ་བར་བྱེད་པའི་དགེ་རྒན་ཞིག་དང་མཚུངས་པར་ང་ཚོའི་འཚོ་བ་དང་སློབ་སྦྱོང་། ལས་ཀའི་ཁྲོད་འཕྲད་པའི་དྲི་བ་གང་མང་ཞིག་ལ་ལན་ལྡོན་པར་བྱེད་ཅིང་། དྲ་གྲོགས་རྣམས་ཀྱི་འཚོལ་བཤེར་དགོས་མཁོ་སྐོང་བར་བྱེད་པས་ཡོངས་འཛིན་ཞེས་བཏགས། གཉིས་ནས་ཡོངས་འཛིན་ཞེས་པའི་མིང་དེ་སོ་སོར་ཕྲལ་ནས་བཤད་ན། ཡོངས་སུ་འཛིན་པར་བྱེད་པའི་དོན་སྟོན་པ་སྟེ། འཚོལ་བཤེར་མ་ལག་ནི་མཐར་གཏུག་ན“དྲ་རྒྱའི་འབུ་སྡོམ”གྱིས་ཆ་འཕྲིན་གྱི་ཆུ་གཏེར་ཆེན་པོའི་ཀླུང་དུ་དྲ་དམངས་རྣམས་ཀྱི་ཉེར་མཁོའི་ཆ་འཕྲིན་རེ་རེ་བཞིན་བཟུང་སྟེ་ང་ཚོར་འདོན་སྤྲོད་བྱེད་པ་ཞིག་ཡིན་པས་ཡོངས་འཛིན་ཞེས་དོན་བསྡུས་ནས་བཏགས་པའོ། །
རྒྱའི་སྐད་དོད་དུ“云藏”ཞེས་སྒྲ་བསྒྱུར་བྱས་ཐོག མཚོན་རྟགས་ཁྲོད་སྤྲིན་གྱི་ཕུང་བོའི་གཟུགས་བཀོད་པ་ནི་དེང་དུས་གསར་བྱུང་གི་དྲ་རྒྱའི་གསོག་ཉར་ལག་རྩལ་གྱི་ནུས་པ་དང་དེའི་ཁྱད་ཆོས་སོགས་མཚོན་པས་ཡོངས་འཛིན་འཚོལ་བཤེར་ཞེས་པའི་དོན་ལེགས་པོར་སྟོན་ཐུབ་པའོ། །
4 མཚོན་རྟགས་ཀྱི་མཚོན་དོན།
[རྩོམ་སྒྲིག]ཡོངས་འཛིན་དང་དེའི་མཚོན་དོན།
གནའ་དེང་ཤེས་བྱའམ་ཆ་འཕྲིན་གྱི་གནས་ཐམས་ཅད་མ་ལུས་ཡོངས་སུ་འཛིན་པར་བྱེད་པས་ན་ཡོངས་འཛིན་ཞེས་དང་། དེའི་མཚོན་རྟགས་ཇུས་འགོད་ཀྱི་དགོངས་དོན་ཐད་ཡི་གེ་ལས་རི་མོ་གྲུབ་པ་དང་ཁ་དོག་མངོན་པར་བཏོད་ཐོག ཡེ་ཤེས་ཀྱི་སྤྱན་གྱིས་ཆ་འཕྲིན་གྱི་ཀློང་ཡངས་པོ་མཐོང་ཐུབ་པའི་དོན་མཚོན་ཡོད། མཚོན་རྟགས་ཀྱི་གཟུགས་ནི་དབུ་ཁྱུད་ལས་ཡེ་ཤེས་ཀྱི་སྤྱན་གྲུབ་ཅིང་། སྤྲིན་ཕུང་ལས་མིག་འབྲས་གྲུབ་པ་ནི་རྒྱའི་སྐད་དུ“云藏”ཞེས་པ་དེའི་མཚོན་དོན་ཡིན། མཚོན་རྟགས་ཀྱི་ཁ་དོག་ནི་བོད་མི་རིགས་ཀྱི་མཛེས་དཔྱོད་ལས་རྩ་བའི་ཁ་དོག་བཞི་སྟེ་དཀར་སེར་དམར་ལྗང་ལས་གྲུབ་ཅིང་། དེ་ལས་ཁ་དོག་དཀར་པོ་ནི་སྔོན་པོས་ཚབ་བྱས་པ་དང་། གཞན་གསུམ་པོ་རང་སོར་བཞག་པའོ།།
ཡོངས་འཛིནAPPམཚོན་རྟགས་ཀྱི་མཚོན་དོན།
ཡོངས་འཛིན་འཚོལ་བཤེར་གྱི་ཁ་པརAPPམཚོན་རྟགས་ནི་ཡོངས་འཛིན་ཞེས་པའི་མིང་གཞི“ཡ”གཞིར་བྱས་ནས་ཇུས་འགོད་བྱས་པ་ཡིན་ཞིང་། ཕྱིའི་རྣམ་པ་ནི་འཇམ་པའི་དབྱངས་ཀྱི་སྣང་བརྙན་གཞིར་བྱས་པ་དང་མེ་ལྕེ་འབར་བ་ཡང་ཤེས་རབ་ཀྱི་རལ་གྲིའི་སྟེང་གི་མེ་ལྕེ་དང་དོན་གཅིག་ཏུ་འགྲེལ་ཆོག་ལ། ཡོངས་འཛིན་འཚོལ་བཤེར་ནི་མ་རིག་མུན་པ་སེལ་བའི་སྒྲོན་མེ་ཇི་བཞིན་དོགས་པའི་བློ་དང་རྨོངས་བའི་གཞི་མ་ལུས་དེ་མ་ཉིད་དུ་འཇོམས་པར་བྱེད་ཐུབ་པ་མཚོན།
དེ་བཞིན་ཁ་དོག་ཀྱང་འཇམ་པའི་དབྱངས་ཀྱི་སྐུ་མདོག་ལྟར་དམར་སེར་འདྲེས་མར་བྱས་ཤིང་། ཡོངས་འཛིན་འཚོལ་བཤེར་ནི་མིའི་རིགས་ཀྱི་ཤེས་རིག་དང་བསམ་བློ་མཐོར་འདེགས་ལ་བྱིན་རླབས་གནང་མཁན་ཡིན་པ་མཚོན།
གསལ་བཤད“ཡ”ཡི་གཟུགས་ལ་དཔེ་བྱས་ནས་ཇུས་འགོད་བྱས་པ་དེས་འཛམ་བུ་གླིང་གི་འཚོལ་བཤེར་ཐོག་མ་སྟེ་ཡོངས་འཛིན་འཚོལ་བཤེར་གྱི་མིང་ཤུགས་ནས་བསྟན་པའོ། །
5 འདོན་སྤེལ་དཔུང་སྡེ།
[རྩོམ་སྒྲིག]ཡོངས་འཛིན་བོད་ཡིག་འཚོལ་བཤེར་གྱི་གསར་སྤེལ་མཁན།
ཚེ་ལོ། ཡོངས་འཛིན་བོད་ཡིག་འཚོལ་བཤེར་གྱི་གསར་སྤེལ་མཁན་ཏེ། གཙོ་བོ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་གྱི་ལས་གཞིའི་འཛུགས་སྐྲུན་དང་དོ་དམ་གྱི་འགན་བཞེས་ཀྱིན་ཡོད།
སྐུ་ཞབས་ཚེ་ལོ་ལགས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་པ་ནས་བཟུང་། དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་སྐད་ཡིག་བྱ་བ་གོང་སྤེལ་དང་མདུན་སྐྱོད་ཀྱི་ལམ་བུ་གསར་བ་ཞིག་འཚོལ་སྙེག་བྱས་དང་བྱེད་བཞིན་ཡོད་ཅིང་། སྒོས་སུ་དུས་རབས21པ་སྟེ་འཛམ་གླིང་ཆ་འཕྲིན་ཅན་གྱི་དུས་རབས་འདིར། བོད་ཡིག་ཆ་འཕྲིན་ཅན་དུ་གཏོང་བ་དང་མི་རིགས་ཀྱི་སྐད་ཡིག་འདི་ཉིད་འཛམ་གླིང་ཕུང་བོ་གཅིག་ཏུ་འགྱུར་བའི་འགྲོས་དང་མཉམ་པར་བྱེད་པའི་དགོས་པ་ཡོངས་སུ་རྫོགས་པར་དགོངས་ནས། 2007ལོར་མཚོ་སྔོན་པོ་བོད་ཡིག་དྲ་བ་དང་། མཚོ་སྔོན་པོ་རྒྱ་ཡིག་དྲ་བ། མཚོ་སྔོན་པོ་རྒྱ་ཡིག་ཟིན་བྲིས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། མཚོ་སྔོན་པོའི་རླབས་སྒྲ་བཅས་སྡེ་ཚན་ཆེན་པོ་དུ་མའི་གྲུབ་པའི་བོད་ཀྱི་རིག་གནས་ཀྱི་ཕྱོགས་བསྡུས་དྲ་རྒྱ་ཆེན་པོ་ཞིག་བཙུགས་པའི་ཁར། 2013ལོར་འཛམ་གླིང་གི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཁྱབ་ཁོངས་སུ་བོད་ཡིག་འཚོལ་བཤེར་མ་ལག་མེད་པའི་སྟོང་ཆ་དང་བོད་ཡིག་དྲ་དམངས་རྣམས་ཀྱི་བོད་ཡིག་འཚོལ་བཤེར་གྱི་མཁོ་འདོད་སྐོང་བར་དམིགས་ནས། བློ་སྤོབས་ཆེན་པོ་དང་སྤྱན་རྒྱ་ཡངས་པོས་ཡོངས་འཛིན་འཚོལ་བཤེར་གྱི་འདོན་སྤེལ་དཔུང་སྡེའི་སྣེ་ཁྲིད་དེ་བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་གྱི་ལས་གཞི་ཆེན་མོ་སྤེལ་པས། མཚོ་ལྷོ་ཙམ་དུ་མ་ཟད། འཛམ་གླིང་ཧྲིལ་བོའི་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད་པ་རེད།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་ཤིང་བོད་ཀྱི་སྐད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ལས་ཁུངས་གལ་ཆེན་ཞིག་ཡིན། མཚོ་སྔོན་པོ་དྲ་བ་འདི་ཉིད་དྲ་རྒྱའི་འཇིངས་སུ་ཞུགས་པའི་དུས་དེ་ནས་བཟུང་། ལྟེ་གནས་འདི་ཡི་ལས་སྒྲུབ་མི་སྣ་ཡོངས་ཀྱིས་མི་རིགས་ལ་བཅངས་པའི་དུངས་ཞེན་སྙིང་དུ་རུམ་ཞིང་དམིགས་པ་གཅིག་ཏུ་གཏད་ནས་རང་རིགས་ཀྱི་གཙུག་ལག་རིག་གནས་འཛིན་སྤེལ་གྱི་དོན་ལྡན་འཕྲིན་ལས་རྣམ་ཀུན་དུས་ལས་ཡོལ་བ་མེད་པར་ལྷུར་གྱིས་བླངས་ནས། མདུན་སྐྱོད་ཀྱི་ལམ་ཁ་ཇེ་ཡངས་དང་ཇེ་སྙོམས་སུ་བཏང་བས། བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་སྲོག་རྩར་བརྒྱུས་པའི་མཚོ་སྔོན་པོ་དྲ་བ་སྔར་བཞིན་ཉམས་པ་མེད་པར་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཐོག འཛམ་གླིང་ཕུང་བོ་གཅིག་ཏུ་འགྱུར་བའི་དུས་འདིར། ཁོང་རྣམས་ཀྱིས“ང་ཡི་གོམ་གང་ནི་མིའི་རིགས་མདུན་སྐྱོད་ཀྱི་གོམ་པ་བརྒྱ་ཡིན”ཞེས་པའི་ཀུན་སློང་དག་མ་བཟུང་ནས། བོད་ཀྱི་ལྔ་ཟུང་རིག་གནས་ཆ་འཕྲིན་ཅན་དང་བློ་ལྡན་ཅན་དུ་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་ཞིག་མ་བསྐུལ་སྒོས་ཕྲག་ཏུ་བླངས་ཤིང་དཀའ་བ་སྟོང་ཕྲག་གདོང་གིས་བསུས་ནས། ཡོངས་འཛིན་འཚོལ་བཤེར་འདོན་སྤེལ་གྱི་ལས་ལ་རྡོག་རྩ་གཅིག་སྒྲིལ་སྒོས་རྩེ་གཅིག་ཏུ་གཞོལ་བས། བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཐད་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་འབྲི་བཞེངས་བྱས་དང་བྱེད་བཞིན་ཡོད་པའོ། །
- དཔྱད་གཞིའི་ཡིག་ཆ།
- 1 ཀྲུང་གོའི་གསར་འགྱུར་དྲ་བ། 2016-8-19
- 2 མཚོ་སྔོན་ཉིན་རེའི་ཚགས་པར། 2016-8-19
- 3 མཚོ་སྔོན་པོ་དྲ་བ། 2016-8-19
- 4 ཀྲུང་གོའི་མི་རིགས་ཚགས་པར། 2016-8-19
- 5 མཚོ་སྔོན་པོ་དྲ་བ། 2016-8-19
- 6 མཚོ་སྔོན་པོ་དྲ་བ། 2016-8-19
- 7 མཚོ་སྔོན་པོ་དྲ་བ། 2016-8-19