ཡོངས་ཁྱབ་ཀྱི་ཁས་ལེན་པའི་འཇིག་རྟེན་ཆགས་ཚུལ་

ཡོང་ཁུངས་Wikipedia

༡ འཛམ་གླིང་གྲུབ་ཚུལ།[རྩོམ་སྒྲིག]

ལོ་གྲངས་ཐེར་འབུམ་༡༣་༧གྱི་གོང་དུ་རྒྱུ་མཚན་གང་ཡིན་ང་ཚོས་ད་དུང་ཡང་མི་ཤེས་ཀྱང་གས་ཐོར་ཆེན་མོ་ཐོག་མར་བྱུང་སྟེ་རྡུལ་ཕྲན་ལས་ཀྱང་ཆུང་བའི་ནུས་ཤུགས་དེ་ཉིད་ཀྱིས་སྐར་ཆ་ལས་ཀྱང་ཐུང་བའི་དུས་ཚོད་ཀྱི་ནང་དུ་འཇིག་རྟེན་ཁམས་ཧྲིལ་པོར་ཁྱབ་པར་གྱུར། རིམ་པས་གློག་ལྡན་ཕྲ་རྡུལ་དང་། གློག་མེད་ཕྲ་རྡུལ། གློག་རྡུལ་སོགས་རྡུལ་ཕྲན་དག་བྱུང་སྟེ་འཐེན་ཤུགས་ལ་བརྟེན་ནས་རྡུལ་ཕྲན་གྱི་རིགས་ཀྱང་ཇེ་མང་དུ་གྱུར་པ་མ་ཟད་དེ་དག་གི་རྙོག་འཛིང་ཡང་ཇེ་ཆེར་གྱུར་ནས་ལོ་གྲངས་ཐེར་འབུམ་བཅུ་གསུམ་དང་ཚག་བཞི་ཙམ་གྱི་གོང་དུ་གཟའ་སྐར་རྣམས་ཐོག་མར་བྱུང་། དེ་ནས་ལོ་གྲངས་ཐེར་འབུམ་བཅུ་གཉིས་ཀྱི་གོང་དུ་སླར་ཡང་གཟའ་སྐར་གྱི་གས་ཐོར་ཆེན་པོ་ཞིག་བྱུང་ནས་སྔར་མེད་པའི་ཁམས་རྫས་མང་པོ་ཞིག་གསར་བསྐྲུན་བྱས་པ་ལ་བརྟེན་ནས་ཡུ་ར་ནི་ཡམ་དང་། གསེར་དང་ཟངས། ལི་སོགས་ཀྱི་རྒྱུ་ཆ་རྣམས་ཐོག་མར་བྱུང་། ད་ལྟ་ང་ཚོའི་གཟུགས་པོའི་ནང་དུ་ཡང་ལྕགས་སོགས་ཁམས་རྫས་དེ་དག་གིས་གྲུབ་པས་གལ་སྲིད་དེ་དག་མེད་ན་ད་ལྟ་ང་ཚོའི་འཛམ་གླིང་དང་འཚོ་བ་དེ་ཅི་འདྲ་ཡིན་མིན་བཤད་ཐབས་བྲལ། ང་ཚོའི་སྟོབས་བསྐྱེད་སྨན་གྱི་ནང་དུ་ཡོད་པའི་རྫས་དང་བཅུད་མང་པོ་ཞིག་ཀྱང་སྐབས་དེའི་supernova 超新星 ཁྱད་འཕགས་སྐར་མའི་གས་འཐོར་ལ་བརྟེན་ནས་བྱུང་བ་ཞིག་རེད།

འོན་ཀྱང་ད་དུང་ཡང་ང་ཚོ་འཚོ་གནས་བྱེད་ཐུབ་སའི་འཇིག་རྟེན་ཞིག་མེད་པས་དཔེར་ན་ཁང་པ་ཞིག་བཟོ་བར་དགོས་ངེས་ཀྱི་རྒྱུ་ཆ་དང་ཆ་རྐྱེན་ཚང་དགོས་པ་ལྟར་ང་ཚོའི་འཛམ་གླིང་ལ་ཡང་དེ་མཚུངས་ཡིན་པས་རྒྱུ་ཆ་དེ་དག་འཛོམས་པར་སྐར་མ་རྣམས་གས་ཐོར་མང་དུ་བྱུང་སྟེ་གས་ཐོར་རེ་རེ་བྱུང་རིམ་བཞིན་ཁམས་རྫས་ཀྱང་ཇེ་རག་ཏུ་གྱུར་ཏེ་མཐར་ལོ་གྲངས་ཐེར་འབུམ་༤་༦གྱི་ཙམ་དུ་རྒྱུ་ཆ་ཕལ་མོ་ཆེ་འཛོམས་ནས་སྐར་མ་ཆེན་པོ་ཞིག་བྱུང་བ་ནི་ང་ཚོའི་སྐར་ཁྱིམ་ནང་གི་ཉི་མ་རེད།

དེ་ནས་ཡང་འཐེན་ཤུགས་ལ་བརྟེན་ནས་ཉི་མའི་མཐའ་སྐོར་དུ་ཡོད་པའི་རྫས་རྣམས་གོང་བུར་གྱུར་ཏེ་ཉི་མ་ལ་སྐོར་བར་བྱེད་པ་ལས་གོང་བུ་གསུམ་པ་ནི་ང་ཚོའི་འཛམ་གླིང་འདི་རེད། དེ་ནི་ཐེར་འབུམ་བཞི་དང་ཕྱེད་ཀའི་གོང་ཙམ་དུ་བྱུང་ཞིང་། སྐབས་དེར་འཛམ་གླིང་གི་འཁོར་བསྐྱོད་ཤིན་ཏུ་མྱུར་བས་ཉི་མ་གཅིག་གི་དུས་ཚོད་ཆུ་ཚོད་དྲུག་ལས་ལྷག་པ་མེད། དེ་ནས་སླར་ཡང་འཐེན་ཤུགས་ཀྱིས་རྒྱུ་ཆ་ཡང་བ་རྣམས་འཛམ་གླིང་གི་ཕྱི་ངོས་སུ་བསྐྱལ་ནས་ཤུན་པ་མཁྲེགས་པོ་བཟོས་པ་དང་། རྒྱུ་ཆ་ལྕི་བ་རྣམས་ནང་དུ་ཐིམས་ནས་ལྕགས་ལ་སོགས་པ་ལས་གྲུབ་པའི་རྡུལ་རྫས་རྣམས་གྲུབ་ཅིང་འཛམ་གླིང་ནང་རོལ་གྱི་ཚ་བའི་ཚད་དྲུག་སྟོང་ཙམ་ཡོད་པར་གྱུར། འཛམ་གླིང་གི་ནང་རོལ་ནས་ཁབ་ལེན་གྱི་ནུས་པ་ozone layer 臭氧層 ཨོ་ཛོན་རླུང་བཟང་ཞེས་པ་ཞིག་ཕྱིར་བཏོན་པ་དེས་ཉི་མ་ལས་འབྱུང་བའི་ཉེན་ཁ་ཅན་གྱི་རླབས་དེ་ཉིད་ལས་ང་ཚོའི་འཛམ་གླིང་འདིར་འབྱུང་ལ་ཉེ་བའི་སྲོག་ཆག་རྣམས་སྐྱོབ་པར་བྱེད།

ང་ཚོའི་འཛམ་གླིང་གྲུབ་ནས་ཐེར་འབུམ་བཞི་དང་ཕྱེད་ཀའི་གོང་ཙམ་དུ་གཟའ་མིག་དམར་དང་ཚད་མཉམ་པའི་གཟའ་སྐར་ཞིག་ང་ཚོའི་འཛམ་གླིང་ལ་ཕོག ང་ཚོའི་འཛམ་གླིང་གིས་གཟའ་སྐར་དེ་ཉིད་ནང་དུ་བརྔུབས་ན་ཡང་འཐེན་ཤུགས་ལ་བརྟེན་ནས་དེའི་རྡུལ་རྫས་འགའ་ཞིག་ཕྱིར་ཐོན་པ་རྣམས་གོང་བུར་གྱུར་ཏེ་ཕན་ཚུན་འཐེན་ཤུགས་ཀྱི་དབང་གིས་འཛམ་གླིང་ལ་སྐོར་བ་བྱེད་པ་ནི་ཟླ་བ་ཞེས་གྲགས་པ་འདི་རེད། ཟླ་བ་ནི་འཛམ་གླིང་བརྟན་འཇགས་གནས་ཐུབ་པ་དང་ཚེ་སྲོག་གི་འཚོ་གནས་ཡོང་བར་མེད་དུ་མི་རུང་བ་ཞིག་སྟེ་ནམ་ཟླའི་ཁྱད་པར་སོགས་ཏག་ཏག་ཡོང་བར་ཧ་ཅང་གལ་ཆེ། མ་ཟད་ཟླ་བའི་འཁོར་བསྐྱོད་ཀྱིས་འཛམ་གླིང་གི་འཁོར་བསྐྱོད་ལྷོད་དུ་བཏང་ནས་འཛམ་གླིང་གི་ཉིན་རེའི་དུས་ཡུན་ཆུ་ཚོད་དྲུག་ཙམ་དུ་གྱུར། ཐེར་འབུམ་༤་༤འི་གོང་དུ་འཛམ་གླིང་གི་ཚ་བའི་ཚད་མཐོ་བས་གཤེར་ཆུ་གནས་ཐུབ་པ་དཀའ་ན་ཡང་འཛམ་གླིང་གི་ཚ་བ་ལས་རླངས་པ་མང་དུ་འཕྱུར་ཞིང་། དེ་ལ་བརྟེན་ནས་ལོ་གྲངས་ས་ཡ་མང་པོའི་རིང་དུ་ཆར་པ་བབས་ནས་རིམ་པས་དེ་དག་ལས་འཛམ་གླིང་གི་བརྒྱ་ཆ་དོན་གཅིག་ཙམ་འགེབས་པའི་རྒྱ་མཚོ་ཆེན་པོ་དག་བྱུང་།

༢ སེམས་ཅན་བྱུང་ཚུལ།[རྩོམ་སྒྲིག]

ཐེར་འབུམ་༣་༨ཀྱི་གོང་དུ་རྒྱ་མཚོའི་འོག་ནས་གསར་བརྗེ་གལ་ཆེན་ཞིག་བྱུང་བ་ནི་གྲུབ་རྫས་དྲུག་འདུས་ནས་སྲོག་ཆགས་ཀྱི་གཞི་མ་སྟེ་DNA 脫氧核糖核酸 ཞེས་པ་རིགས་རྒྱུན་རྐྱེན་ཕྲེང་གི་དངོས་རྫས་གྲུབ་པའི་མགོ་ཚུགས། དེ་ནི་ང་ཚོའི་རྒྱུ་སྐར་ཐོག་མར་བྱུང་ནས་ལོ་སྟོང་ཕྲག་བདུན་བརྒྱའི་རྗེས་སུ་རེད། DNAལ་བརྟེན་ནས་ཕྲ་སྲིན་གྲུབ་པ་སྟེ་ང་ཚོ་མི་རེ་རེའི་གཟུགས་པོར་ཡོད་པའི་ཕྲ་སྲིན་ནི་འཛམ་གླིང་ཐོག་ཏུ་ཡོད་པའི་མི་འབོར་ཡོངས་ཀྱི་གྲངས་ལས་ཀྱང་མང་། ཐེར་འབུམ་གཉིས་དང་ཕྱེད་ཀའི་གོང་དུ་ཕྲ་སྲིན་འགའ་ཤས་ཤིག་རྒྱ་མཚོ་ནས་ཕྱིར་ཐོན་ཏེ་ཉི་མ་ནས་བྱུང་བའི་ནུས་ཤུགས་བརྔུབས་པ་ལ་བརྟེན་ནས་འཛམ་གླིང་འདིར་འཚོ་གནས་ལ་དགོས་མཁོ་ཆེ་ཤོས་ཀྱི་མཁའ་དབུག་ཀྱི་རླུང་བྱུང་།

མཁའ་དབུགས་ཀྱི་རླུང་གི་བྱ་བ་ནི་རྒྱ་མཚོའི་ནང་དུ་བཙའ་རུང་བའི་ལྕགས་ཀྱི་རྡུལ་རྫས་མེད་པར་བྱེད་པ་ཡིན་པ་དང་། དེ་བྱས་པའི་རྗེས་སུ་ཕྲ་སྲིན་དེ་ཚོ་ལ་ལས་ཀ་ཞིག་ཡོད་པ་ནི་ཁོ་ཚོས་རྒྱ་མཚོའི་ནང་དུ་མཁའ་དབུགས་རླུང་ཤིན་ཏུ་མང་པོ་བསྐྱེད་པར་བྱ་རྒྱུ་རེད། དེར་བརྟེན་ད་ཆ་ཕྲ་སྲིན་འགའ་ཤས་ཤིག་མཁའ་དབུགས་རླུང་ལ་བརྟེན་ནས་འཚོ་ནུས་པར་གྱུར་ཅིང་། དེ་ནས་བཟུང་འཛམ་གླིང་འདིར་སྲོག་ཆག་གི་ཚེ་སྲོག་ཀྱང་སྔར་ལས་ནུས་པ་ཆེ་བ་དང་སྔར་ལས་རྙོག་འཛིང་ཆེ་བར་གྱུར། དེ་དང་དུས་མཉམ་དུ་ནམ་མཁའི་ཁ་དོག་ཀྱང་སྔོན་པོར་གྱུར་ཅིང་དེའི་རྐྱེན་གྱིས་རྒྱ་མཚོའི་ཁ་དོག་ཀྱང་དེ་བཞིན་ནོ།

འཛམ་གླིང་གི་ཕྱོགས་གང་ས་ནས་ས་གཞིའི་ངོས་དག་ཀྱང་རིམ་པས་ཕྱིར་ཐོན་ནས། ལོ་གྲངས་ས་ཡ་ལྔ་བརྒྱ་བཅོ་ལྔའི་གོང་དུ་ཆུ་ནང་གི་སྲོག་ཆག་ཕྲ་མོ་མང་པོ་གསར་སྐྱེས་བྱུང་། དེ་ནས་ས་ཡ་བཅོ་ལྔའི་རྗེས་སུ་Homo Sapiens ཧོ་མོ་ས་པེན་སི་ཞེས་པའི་ཉའི་རིགས་ཆུང་ཆུང་ཞིག་ཐོག་མར་སྐྱེས་པ་ནི་ང་ཚོའི་མེས་པོ་ཐོག་མ་ཡིན། ཁོ་ཚོའི་གཟུགས་པོ་དང་ང་ཚོའི་གཟུགས་པོ་རྣམས་བསྡུར་ན་འདྲ་མཚུངས་ཆེར་མེད་ཀྱང་ཁོ་ཚོའི་གཟུགས་པོར་ཡོད་པའི་རྡུལ་རྫས་ལ་བརྟེན་ནས་ང་ཚོའི་གཟུགས་པོ་རྣམས་ཀྱི་རྡུལ་རྫས་གྲུབ་པས་རིགས་བརྒྱུད་ཀྱི་འབྲེལ་བ་ཟབ་མོ་ཡོད།

ཐོག་མའི་ལོ་འབུམ་ཕྲག་བཞིའི་རིང་དུ་རྩི་ཤིང་དང་སྲོག་ཆག་ཐམས་ཅད་རྒྱ་མཚོའི་ནང་དུ་གནས་ཡོད་ཀྱང་། བར་སྣང་དུ་མཁའ་དབུགས་རླུང་ཇེ་མང་དུ་གྱུར་ཏེ་མཁའ་དབུགས་རླུང་ལ་བརྟེན་ནས་ཉི་མའི་གནོད་པ་འགོག་བྱེད་ཀྱི་འོད་སྐོར་ཡང་ཐོག་མར་བསྐྲུན། དེ་ལ་བརྟེན་ནས་རྩི་ཤིང་དང་སྲོག་ཆག་རྣམས་རིམ་པས་རྒྱ་མཚོའི་ཕྱིར་ཐོན་ནས་འཚོ་བ་གསར་པ་ལ་ལོངས་སུ་སྤྱད། ས་ཡ་བཞི་བརྒྱའི་གོང་དུ་སླེབས་པ་ན་སྲོག་ཆག་རྣམས་ཀྱིས་ཀྱང་རྒྱ་མཚོའི་འཚོ་བ་ལས་ས་གཞིའི་འཚོ་བར་གནས་སྤོས་བྱས། དེའི་ནང་དུ་ང་ཚོའི་མེས་པོའི་མེས་པོ་ས་པེན་སི་ཞེས་པ་ཡང་ཡོད།

༣ ལྟོ་འགྲོའི་སེམས་ཅན་བྱུང་ཚུལ།[རྩོམ་སྒྲིག]

ཡིན་ན་ཡང་སྐབས་དེ་དུས་ཉའི་སྒོ་ང་ནི་སྦལ་པའི་སྒོ་ང་ལྟར་གཤེར་ཁུ་ཡིན་པས་ཆུ་ནང་ཙམ་ལས་ས་གཞིའི་ཐོག་ཏུ་འཚོ་གནས་བྱེད་པར་ད་དུང་དཀའ་ངལ་ཡོད་ན་ཡང་། རིམ་པས་ང་ཚོའི་མེས་པོ་ཉ་རྣམས་ཀྱིས་ཤུན་སྐོགས་ཡོད་པའི་སྒོ་ང་བསྐྱེད་ཐུབ་པ་བྱུང་བར་བརྟེན་ད་ཆ་ང་ཚོའི་མེས་པོ་རྣམས་རྒྱ་མཚོ་དང་འབྲེལ་བ་མེད་པར་གནས་འཚོ་གནས་བྱེད་ཐུབ་པ་བྱུང་ཞིང་། དེ་ལ་བརྟེན་ནས་ལྟོ་འགྲོའི་རིགས་ཀྱི་སེམས་ཅན་རྣམས་ཐོག་མར་དར་འཕེལ་བྱུང་། དེ་ནས་ས་ཡ་སུམ་བརྒྱའི་གོང་དུ་རྩི་ཤིང་རྙིང་པ་མང་པོ་བསྐམས་ནས་རུལ་ཞིང་ས་འོག་ཏུ་ཐིམས་པ་ནི་སྐབས་དེ་དུས་འཚོ་གནས་བྱེད་མཁན་གྱི་སྲོག་ཆག་རྣམས་ལ་བེད་སྤྱོད་མེད་ཀྱང་ཉེ་དུས་བྱུང་བའི་ང་ཚོའི་མེས་པོ་རྣམས་ལ་མཚོན་ན་ཐོན་བསྐྱེད་གལ་ཆེ་ཤོས་ཤིག་སྟེ་རྡོ་སོལ་གྱི་རྒྱུ་ཆར་གྱུར།

ད་ཆ་ས་ཐོག་ཏུ་འཚོ་ཐུབ་པའི་སེམས་ཅན་མང་ཙམ་ཡོད་ཀྱང་ལོ་གྲངས་ས་ཡ་ཉིས་བརྒྱ་ལྔ་བཅུའི་གོང་དུ་ཁྲོ་ཆུ་ཁོལ་མ་ཚད་མེད་པ་ཕྱིར་ཐོན་ནས་དེས་བསྐྲུན་པའི་carbondioxide 二氧化碳 ནག་རྫས་རླུང་སོགས་ལ་བརྟེན་ནས་ས་གཞིའི་ཐོག་ཏུ་འཚོ་གནས་བྱེད་པའི་བརྒྱ་ཆ་བདུན་ཅུ་ཙམ་ཤི་ནས་རྩ་མེད་དུ་གྱུར། སྐབས་དེར་མ་ཤི་བ་སེམས་ཅན་གྱི་རིགས་ལྷག་མ་dinosaur恐龍 ཌི་ནོ་སུརརྨིགས་པ་གླང་གཟུགས་ལྟ་བུ་འབྱུང་འགྱུར་གྱི་ལོ་ས་ཡ་བརྒྱ་དང་དྲུག་ཅུའི་རིང་དུ་འཛམ་གླིང་ཐོག་འཚོ་གནས་བྱེད་མཁན་རྣམས་ནས་སྟོབས་ཤུགས་ཆེ་ཤོས་སུ་གྱུར།

དུས་སྐབས་དེ་ཙམ་དུ་ང་ཚོའི་འཛམ་གླིང་དང་ང་ཚོའི་ཟླ་བ་གཉིས་ཀྱི་འཐེན་ཤུགས་ཀྱང་སྲ་བརྟན་དུ་གྱུར་ནས་ཉིན་ཞག་རེའི་དུས་ཚོད་ཆུ་ཚོད་ཉི་ཤུ་རྩ་བཞིའི་ཚད་དུ་གྱུར། དེའི་སྔོན་དུ་གླིང་ཕྲན་དག་ཀྱང་རྒྱ་མཚོའི་ཐོག་ཏུ་ཕྱོགས་གཅིག་ཏུ་གནས་ཡོད་ན་ཡང་དེ་ནས་དུམ་བུར་འཐོར་ནས་ད་ལྟའི་འཛམ་གླིང་གི་གླིང་ཕྲན་དུམ་བུ་འདི་དག་བྱུང་། ཨ་ཧྥ་རི་ཀ་དང་ལྷོ་ཨ་མེ་རི་ཀའི་གླིང་ཕྲན་གཉིས་དུམ་བུར་ཕྲལ་བ་ལས་ཨེཊ་ལན་ཊིཀ་གི་རྒྱ་མཚོ་བྱུང་། ལོ་ས་ཡ་དྲུག་ཅུ་རེ་ལྔའི་གོང་དུ་སྐར་མདའ་ལྟ་བུའི་ཆ་ཤས་ཤིག་འཛམ་གླིང་ལ་ཕོག་ནས་སྤྲིན་པ་ནག་པོས་ཉི་མའི་འོད་ཐམས་ཅད་བཀག དེས་རྐྱེན་པས་ལྗིད་ཚད་རྒྱ་མ་ལྔ་བཅུ་ལས་ལྷག་པ་ཡོད་པའི་སེམས་ཅན་གྱི་རིགས་ཐམས་ཅད་རྩ་མེད་དུ་གྱུར། དེའི་ནང་དུ་ཌའི་ནོ་སུར་གྱི་རིགས་རྣམས་ཀྱང་མཉམ་དུ་ཤི་བར་གྱུར་ཏེ། དེ་ལ་བརྟེན་ནས་སྔར་ཡོད་སེམས་ཅན་གྱི་རིགས་ཆུང་ངུའི་དག་གི་དབང་ཤུགས་ཇེ་ཆེར་གྱུར།

དེ་དག་གི་ནང་དུ་ང་ཚོའི་མེས་པོ་རྣམས་ཀྱང་ཡོད་ཅིང་། དེ་དག་ལ་མིག་གཉིས་དང་ལག་པ་གཉིས་ཡོད་པ་ལས་ལག་པ་རེ་རེར་མཛུབ་མོ་ལྔ་རེ་ཡོད། སེམས་ཅན་གྱི་རིགས་གཞན་གྱི་ལག་པས་དངོས་པོ་འདྲ་མིན་འཆང་བ་སོགས་བྱེད་མི་ཐུབ་ཀྱང་ང་ཚོའི་མེས་པོ་དག་གིས་དེ་ཚོ་གང་དགོས་བྱེད་ཐུབ་པས་རྩལ་གཞན་ལས་ཆེ་བར་འགྱུར་བའི་ཆ་རྐྱེན་ཚང་། དེ་ནས་བྱང་ཨ་ཧྥ་རི་ཀ་ཡང་ཡང་རྒྱ་མཚོའི་འོག་ནས་ཐོན་ཏེ་ས་ཡ་བཅུའི་གོང་ཙམ་དུ་ང་ཚོའི་འཛམ་གླིང་འདི་ད་ལྟ་ང་ཚོའི་མཐོང་སྣང་དུ་ཡོད་པ་འདི་ཉིད་ཀྱི་རྣམ་པར་གྲུབ། ཆབ་ཅིག་ཧི་མ་ལ་ཡའི་གངས་རི་དག་ཀྱང་རྒྱ་མཚོ་ལས་རིམ་པས་འཕར་བ་དང་། ལྷོ་ཨ་མེ་རི་ཀ་དང་བྱང་ཨ་མེ་རི་ཀ་གཉིས་ཀྱང་འབྲེལ་མཐུད་བྱུང་། དེ་དག་ལ་བརྟེན་ནས་གནམ་གཤིས་དང་རྒྱ་མཚོའི་རླབས་སོགས་ལ་འཕོ་འགྱུར་ཆེན་པོ་ཐེབས་ནས་གྲངས་ངར་ཇེ་ཆེར་གྱུར།

༤ དུད་འགྲོ་ནས་མིར་གྱུར་ཚུལ།[རྩོམ་སྒྲིག]

ས་ཡ་བདུན་ཙམ་གྱི་གོང་དུ་ང་ཚོའི་མེས་པོ་མི་རྒོད་ལྟ་བུ་རྣམས་ཤིང་སྡོང་གི་ཐོག་ཏུ་གནས་ནས་འཚོ་སྡོད་བྱེད་ཀྱི་ཡོད་ཀྱང་དེ་རྗེས་གྲངས་ངར་གྱིས་རྩི་ཤིང་མང་པོ་བཅོམ་པ་དང་ལྷན་དུ། འཛམ་གླིང་ཐོག་ལ་འཕོ་འགྱུར་ཆེ་ཤོས་ཤིག་བྱུང་བ་ནི་རྩྭ་སྔོན་སྐྱེས་པ་དེ་རེད། གལ་སྲིད་རྩ་སྔོན་སྐྱེས་མེད་ཚེ་ང་ཚོའི་མེས་པོ་རྣམས་རྟག་ཏུ་ཤིང་སྡོང་ཁོ་ནར་འཚོ་ནས་ད་ལྟ་ང་ཚོའི་རྣམ་པར་ནམ་ཡང་འགྲུབ་མི་ཐུབ་སྲིད། འོན་ཀྱང་རྩྭ་སྔོན་གསར་པ་མང་པོ་སྐྱེས་ཤིང་ལྗོན་ཤིང་ཕལ་མོ་ཆེ་སྐམ་ཟད་དུ་གྱུར་པ་དེས་ཤིང་སྡོང་གི་ཐོག་ཏུ་གནས་པའི་མི་རྒོད་ཀྱི་རིགས་དེ་དག་འཇིག་རྟེན་གསར་པར་འཚོ་ཐབས་མི་སྦྱོང་ཀ་མེད་དུ་གྱུར། དེར་བརྟེན་ཤར་ཨ་ཧྥ་རི་ཀ་ལྟ་བུར་ས་ཆ་ཕལ་མོ་ཆེ་རྩྭ་སྔོན་གྱིས་ཁྱབ་ཅིང་བར་བར་དུ་ཤིང་སྡོང་ཁེར་མ་རེ་ཟུང་ཙམ་ལས་མེད་པས། ཤིང་སྡོང་ཉུང་ཞིང་ཤིང་སྡོང་རེ་རེའི་ཐོག་ཏུ་འཚོ་སྡོད་བྱེད་པའི་མི་རྒོད་ཀྱི་གྲངས་ཀ་ཡང་མང་བར་བརྟེན་ཟས་དང་སྡོད་གནས་གཉིས་ཀའི་དཀའ་ངལ་འཕྲད།

དེར་བརྟེན་ད་ཆ་མི་རྒོད་ཀྱི་རིགས་འདི་དག་ཕྱོགས་གཅིག་ནས་སར་བབས་ནས་རྐང་པ་གཉིས་ཀྱི་འགྲོ་སྟངས་སྦྱོང་བ་དང་ཕྱོགས་གཅིག་ནས་རྩྭ་སྔོན་གྱི་ཁྲོད་ནས་ཟས་གསར་པ་མི་འཚོལ་ཀ་མེད་གྱུར། དེ་ནས་བཟུང་ཁོ་ཚོའི་བཟོ་དབྱིབས་དང་མདོག་ང་ཚོའི་མིའི་རིགས་དང་མི་མཚུངས་ན་ཡང་གནོད་སྐྱེལ་མཁན་གྱི་སེམས་ཅན་གཞན་ཡོད་མེད་ལྟ་བ་དང་། རྩྭ་སྔོན་གྱི་ནང་རོལ་ནས་ཁ་ཟས་འཐུ་བ་སོགས་ཀྱི་དོན་དུ་རྐང་པ་གཉིས་ཀྱི་ཐོག་ཏུ་ལངས་པ་དང་། ལག་པ་གཉིས་པོས་ལས་ཀ་བྱེད་པའི་རྩལ་ཇེ་ཆེར་གྱུར་ནས་ང་ཚོའི་མེས་པོ་རྣམས་ལ་མིའི་བྱ་སྤྱོད་ཀྱི་རང་གཤིས་གསལ་པོར་གྲུབ་མགོ་ཚུགས།

ལོ་གྲངས་ས་ཡ་གཉིས་དང་ཚག་དྲུག་གི་གོང་དུ་ང་ཚོའི་མེས་པོ་མི་རྒོད་དང་འདྲ་བ་དག་གིས་ཤེལ་རྡོ་དཀར་པོ་ལྟ་བུ་རྣམས་བེད་སྤྱད་ནས་ཐོ་བ་སོགས་ལག་ཆའི་རིགས་ཐོག་མར་བེད་སྤྱོད་གཏོང་བའི་མགོ་བཙུགས་ཤིང་། དེ་དང་མཉམ་དུ་འཚོ་སྡོད་བྱེད་སའི་སྟབས་བདེའི་ཁང་པ་ཡང་བཟོ་མགོ་ཚུགས། དེ་རྗེས་འཛམ་གླིང་ཐོག་ཏུ་བྱུང་བའི་འཕོ་འགྱུར་གལ་ཆེ་ཤོས་ནི་མེ་ཐོག་མར་བྱུང་བ་དེ་རེད། གླིང་གཞན་དང་མི་འདྲ་བར་འཛམ་གླིང་འདིར་མེ་འབྱུང་བའི་ཆ་རྐྱེན་བཟང་པོ་ཡོད་པ་ལ་བརྟེན་ནས་མཁའ་དབུགས་རླུང་དང་བུད་ཤིང་དག་ཏུ་ཁྱབ་ནས་ཡོད་པའི་བུད་རྫས་གཉིས་ལ་བརྟེན་ནས་ང་ཚོའི་མེས་པོ་ཚོས་མེ་འབུད་པའི་ཐབས་ཤེས་གསར་གཏོད་བྱས། མེ་འབུད་པའི་ཐབས་ལམ་འདིས་ང་ཚོའི་མེས་པོ་རྣམས་སྲོག་ཆག་གཞན་ལས་ཀྱང་སྔོན་ཐོན་ཆེ་བར་གྱུར།

མེ་འབུད་ཐབས་ལ་བརྟེན་ནས་ང་ཚོའི་མེས་པོ་དག་གིས་ཤ་སོགས་ཟས་ཀྱི་རིགས་མེར་བསྲེགས་པའམ་བརྔོ་བ་སོགས་བྱེད་ཐུབ་ཅིང་དེ་ལ་བརྟེན་ནས་ཁོ་ཚོའི་གཟུགས་པོའི་ནུས་སྟོབས་དང་ཀླད་པའི་འཁོར་བསྐྱོད་ཀྱང་སྔར་ལས་ཇེ་ཆེར་གྱུར། ལྷག་པར་མེ་ལ་བརྟེན་ནས་མིའི་རིགས་ཀྱིས་རྫ་མ་ལས་བུམ་པ་བཟོ་བ་དང་། ལྕགས་ལས་མཚོན་ཆ་བཟོ་བ་དང་། རྡོ་སོལ་ལས་རླངས་ཤུགས་བཟོས་ཏེ་རིམ་པས་རླངས་འཁོར་དང་མེ་འཁོར་སོགས་དངོས་པོ་ངོ་མཚར་ཅན་སྣ་ཚོགས་པ་འདི་དག་བཟོ་ཐུབ་པ་བྱུང་ཡོད་པས་མེ་སྤར་ཐབས་ཀྱི་རིག་པ་གསར་རྙེད་བྱུང་བའི་ཤུགས་རྐྱེན་ནི་བསམ་ཡུལ་ལས་འདས་པ་རེད།

དེ་ནས་ལོ་ངོ་སྟོང་ཕྲག་ཉིས་བརྒྱའི་གོང་དུ་ང་ཚོའི་མེས་པོ་རྣམས་ལ་ད་ལྟ་ང་ཚོར་ཡོད་པའི་གཟུགས་པོ་རྣམ་པ་ཆ་ཚང་བ་གྲུབ། དེ་སྔོན་གྱི་མེས་པོ་ཚོར་སྒྲ་སྐད་འབྱིན་བྱེདLarynxཞེས་པ་གྲེ་བའི་དབང་པོ་དེ་ཉིད་མཐོ་ཙམ་དུ་ཡོད་པ་ལ་དུས་སྐབས་འདི་ཙམ་དུ་མགྲིན་པའི་ནང་དུ་མར་བབས་པ་དེས་སྔར་ལས་ཀྱང་སྒྲ་སྐད་འདྲ་མིན་སྣ་ཚོགས་འབྱིན་ཐུབ་པའི་ནུས་པ་བྱུང་། དེ་ལ་བརྟེན་ནས་ཁོ་ཚོས་གཏམ་བཤད་བྱེད་ཐུབ་པ་བྱུང་ཞིང་། གཏམ་བཤད་ལ་བརྟེན་ནས་ཁོ་ཚོས་གནས་ཚུལ་མང་པོ་ཞིག་ཕན་ཚུན་བརྒྱུད་བསྐུར་བྱེད་ཐུབ་པ་དང་མི་རབས་མང་པོའི་རིང་དུ་རྒྱུན་འཛིན་བྱེད་ཐུབ་པའི་ནུས་པ་བྱུང་། ནུས་པ་དེ་ལ་བརྟེན་ནས་ད་ཆ་འགྲོ་བ་མིའི་རིགས་རྣམས་སེམས་ཅན་གཞན་གྱི་རིགས་གང་གིས་ཀྱང་དོ་ཟླ་མི་ནུས་པ་ཡིན།

༥ མིའི་རིགས་ཀྱིས་འཛམ་གླིང་ཁྱབ་ཚུལ།[རྩོམ་སྒྲིག]

ལོ་སྟོང་ཕྲག་བརྒྱའི་གོང་དུ་ང་ཚོའི་མེས་པོ་མིའི་རིགས་དེ་དག་ས་ཆ་གཅིག་ཏུ་གཏན་འཇགས་གནས་དགོས་མེད་པར་ཨ་ཧྥ་རི་ཀ་ནས་ས་ཆ་གཞན་དང་གཞན་དུ་འགྲུལ་བཞུད་བྱ་མགོ་ཚུགས། སྐབས་དེ་དུས་གླིང་ཕྲན་འགའ་ཤས་ད་དུང་ཕན་ཚུན་ཐུག་ནས་ཡོད་པས་མིའི་རིགས་དེ་དག་གིས་འཛམ་གླིང་གི་ཐོག་ཏུ་ཡོད་པའི་ས་ཆ་ཕྱེད་ཀ་ཙམ་ལ་རྐང་ཐང་གིས་འགྲོ་ཐུབ་པའི་ཆ་རྐྱེན་ཡོད། སེམས་ཅན་གྱི་རིགས་གཞན་དག་ས་གནས་གཅིག་ཏུ་འཚོ་གནས་བྱེད་ཀྱི་ཡོད་པ་དེས་ཉེན་ཁ་སོགས་འཕྲད་ཚེ་རིགས་ཆ་ཚང་རྩ་མེད་དུ་འགྲོ་ཡི་ཡོད་ཀྱང་མིའི་རིགས་ནི་ད་ཆ་ས་ཆ་གང་སར་ཁྱབ་ཟིན་པས་ཆ་ཚང་རྩ་མེད་འགྲོ་བའི་ཉེན་ཁ་ལས་ཐར་པར་གྱུར།

དེ་ཙམ་དུ་འཛམ་གླིང་འདིར་གྲང་ངར་ཤུགས་ཆེན་བསླེབས་ནས་འཁྱགས་རོམ་གྱི་དུས་སྐབས་ཚེས། འོན་ཀྱང་འབྱུང་འགྱུར་གྱི་ལོ་ས་ཡ་གཅིག་ཙམ་གྱི་རིང་དུ་མི་རྣམས་ས་ཆ་གང་སར་སླེབས་ནས་མིའི་རིགས་དེ་དག་ཁ་ཤས་རྒྱ་ནག་དང་ཨོ་སི་ཏྲི་ལི་ཡ་ལ་སོགས་པར་འབྱོར་ཟིན་ཡོད། དེ་ནས་ལོ་སྟོང་ཕྲག་ལྔ་བཅུའི་ལྷག་གི་གོང་ཙམ་དུ་ཡུ་རོབ་ལ་ཡང་མིའི་རིགས་རྣམས་ཐོག་མར་འབྱོར་ཞིང་། སྤྱི་ལོའི་སྔོན་གྱི་ལོ་གཅིག་ཁྲི་ལྔ་སྟོང་གོང་ཙམ་དུ་མིའི་རིགས་རྣམས་ལྷོ་ཨ་མེ་རི་ཀར་ཡང་འབྱོར་ཡོད། གྲང་ངར་གྱི་ཤུགས་ནི་དེ་སྔོན་འཛམ་གླིང་གི་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ལྟ་བུ་ཡིན་ཀྱང་མིའི་རིགས་ཀྱིས་ཉེན་ཁ་དེ་ལས་ཐར་བ་ཙམ་དུ་མ་ཟད་རི་མོའི་ལམ་ནས་དངོས་པོ་སྣ་ཚོགས་འབྲི་བའི་སྲོལ་གསར་གཏོད་བྱས་ཏེ་རྣམ་དཔྱོད་སྔར་ལས་ལྷག་པར་གྱུར།

འོན་ཀྱང་འཁྱགས་རོམ་གྱི་དུས་སྐབས་སུ་གླིང་ཕྲན་འགའ་ཞིག་ཕན་ཚུན་མཐུད་པ་དེས་མིའི་རིགས་གང་སར་འགྲོ་ཐུབ་ཀྱང་དེ་རྗེས་སླར་ཡང་འཁྱགས་རོམ་ཞུས་ནས་རྒྱ་མཚོའི་མཐོ་ཚད་ཇེ་མཐོར་གྱུར་ཏེ་གླིང་ཕྲན་དག་གི་བར་མཐུད་ཆད་པ་ལ་བརྟེན་ནས་མིའི་རིགས་དེ་དག་ཕན་ཚུན་འབྲེལ་བ་ཆད་ཅིང་གང་དང་གང་དུ་སླེབས་པའི་གླིང་ཕྲན་དེ་དང་དེར་རྒྱུན་གནས་བྱེད་དགོས་བྱུང་། མ་ཟད་འཁྱགས་རོམ་ཆེན་པོ་དེ་དག་ཞུ་བ་ལ་བརྟེན་ནས་ཆུ་བོ་དང་རྒྱ་མཚོ་སྣ་ཚོགས་པ་གསར་དུ་བྱུང་།

འཁྱགས་རོམ་གྱི་དུས་སྐབས་རྫོགས་རྗེས་གནམ་གཤིས་ཀྱི་དྲོད་ཚད་ཀྱང་ཇེ་མཐོར་གྱུར་པ་དང་ལྷན་དུ་མིའི་རིགས་རྣམས་གཏན་སྡོད་བྱེད་སའི་གཞིས་ཐོག་མར་ཆགས། ད་ལྟ་མི་འབོར་ཇེ་མང་དང་མིའི་ཟས་ཀྱང་སྔར་ལས་ལྷག་པ་དགོས་པའི་གནད་དོན་ལ་བརྟེན་ནས་མིའི་རིགས་ཀྱིས་ཞིང་འདེབས་པའི་ཐབས་ལམ་གསར་རྙེད་བྱུང་། ཁོ་ཚོས་འདེབས་སྲོལ་ཡོད་པའི་ལོ་ཐོག་ནི་ནས་དང་གྲོ་གཞན་ཡང་བུར་ཤིང་སོགས་རེད།

ད་དུང་མིའི་རིགས་དེ་དག་གིས་སྒོ་ཕྱུག་སེམས་ཅན་ཀྱང་གསོ་མགོ་བཙུགས་པ་ལས་ཨ་ཧྥ་རི་ཀ་དང་ཨ་མི་རི་ཀ་སོགས་ལ་ཡོད་པའི་སེམས་ཅན་ཕལ་མོ་ཆེ་ནི་རི་དྭགས་ཀྱི་རིགས་ཡིན་པས་འདུལ་དཀའ། ར་ལུག་དང་ཕག་པ་སོགས་སྒོ་ཕྱུག་ཏུ་ཉར་ཐུབ་པའི་རིགས་རྣམས་འཚོ་གནས་བྱེད་སའི་ས་ཆ་བཟང་ཤོས་དང་། ལོ་ཐོག་འདེབས་རུང་བའི་ས་ཆ་བཟང་ཤོས་ཀྱང་དཀྱིལ་ཤར་གྱི་ས་ཁུལ་དག་ཡིན་པས་དེ་དག་ཏུ་སྒོ་ཕྱུག་གསོ་བའི་རིག་གཞུང་དར་འཕེལ་བྱུང་། སྒོ་ཕྱུག་སེམས་ཅན་གསོ་བའི་མཐུན་རྐྱེན་ཆེ་ཆུང་ལ་བརྟེན་ནས་དེ་དག་གི་གནས་སྐབས་འཚོ་བའི་མཐུན་རྐྱེན་ཙམ་མ་ཡིན་པར་དེང་དུས་ཀྱི་སྟོབས་འབྱོར་གྱི་ཁ་ཕྱོགས་ལ་སུ་སྔོན་དུ་སླེབས་མིན་གྱི་ཐད་ལ་ཡང་ཁྱད་པར་ཆེན་པོ་བྱུང་སྟེ་སྒོ་ཕྱུག་སེམས་ཅན་ཡོད་པ་རྣམས་འགྲན་ཟླ་མི་ནུས་པར་གྱུར།

སྒོ་ཕྱུག་གི་རིགས་དེ་དག་ལས་མིའི་རིགས་ལ་སེམས་ཅན་གཞན་གྱིས་དོ་ཟླ་མི་ནུས་པའི་ཆ་རྐྱེན་སྤྲོད་མཁན་ནི་རྟའི་རིགས་རེད། སྤྱིར་བཏང་བྱས་ན་རྟའི་རིགས་ནི་ཐོག་མར་བྱང་ཨ་མེ་རི་ཀ་ནས་བྱུང་ན་ཡང་སེམས་ཅན་ཆེ་བའི་རིགས་གཞན་དང་མཉམ་དུ་ས་ཆ་དེར་སྤྱི་ལོའི་སྔོན་གྱི་ལོ་སྟོང་ཕྲག་བཅུའི་གོང་ཙམ་དུ་རྟའི་རིགས་རྣམས་རྩ་མེད་དུ་གྱུར། འོན་ཀྱང་སྟབས་ལེགས་པ་ཞིག་ལ་བྱང་ཨ་མེ་རི་ཀར་རྩ་མེད་མ་སོང་གོང་དུ་རྟའི་རིགས་དེ་དག་ས་ཆ་གང་སར་གྲམས་ནས་མི་ཉུང་བ་ཞིག་ཨེའུ་ར་ཤཡའི་Eurasia 歐亞ས་ཁུལ་དུ་སླེབས་ཟིན་ཡོད་པས་རྟའི་རིགས་རྣམས་རྩ་མེད་གྱུར་མེད། དེར་བརྟེན་སྤྱི་ལོའི་སྔོན་གྱི་ལོ་བཞི་སྟོང་ཙམ་དུ་ཤར་གླིང་དབུས་མའི་འབྲོག་པ་དག་གིས་རྟའི་རིགས་རྣམས་བཏུལ་ནས་བཞོན་རྟར་བེད་སྤྱོད་གཏོང་སྲོལ་བྱུང་། དེ་ནས་བཟུང་རྟའི་རིགས་ཀྱིས་ལས་ཀ་དང་དམག་འཁྲུགས་གང་ལ་ཡང་ཕན་ནུས་ཚད་མེད་པ་ཐོན། སེམས་ཅན་གྱི་རིགས་གཞན་གང་གིས་ཀྱང་མིའི་རིགས་ཀྱི་ལོ་རྒྱུས་ལ་རྟ་ལས་ལྷག་པའི་ཤུགས་རྐྱེན་ཐེབས་ཐུབ་མེད།

༦ རིག་གནས་ཀྱི་དཔལ་ཡོན་དར་ཚུལ།[རྩོམ་སྒྲིག]

སྤྱི་ལོའི་སྔོན་གྱི་ལོ་དྲུག་སྟོང་ཙམ་དུ་སྒོ་ཕྱུག་སེམས་ཅན་གསོ་ཉར་དང་ཞིང་ལས་མཉམ་འདེབས་སོགས་ཀྱི་འཚོ་བ་ལ་བརྟེན་ནས་Mesopotania兩河流域མེ་སོ་པོ་ཏ་ནའི་ས་ཁུལ་དུ་Sumeria 烏爾 སུ་མེར་ཞེས་པའི་མི་རིགས་སྡེབ་ཆེན་པོ་མཉམ་དུ་སྡོད་པའི་ལམ་སྲོལ་ཐོག་མར་ཚུགས་ནས་སྤྱི་ལོའི་སྔོན་གྱི་ལོ་སུམ་སྟོང་ཙམ་དུ་མིའི་རིགས་ཀྱིས་གྲོང་ཁྱེར་གྱི་འཛུགས་བསྐྲུན་ཐོག་མར་བྱས། འོན་ཀྱང་དེ་དུས་འཚོ་གནས་ཀྱི་རྟེན་བཟའ་བཅའ་ནི་གཙོ་བོ་ཤ་དང་འབྲུའི་རིགས་གཉིས་ཡོད་པ་ལས་འབྲུའི་རིགས་ནས་དང་གྲོ་གཉིས་ཀྱང་དབྱར་ཁ་ལྟ་བུར་མཉམ་དུ་འདེབས་དགོས་ཤིང་མཉམ་དུ་སྐྱེ་བས་ནས་སྐྱེ་ན་གཉིས་ཀ་སྐྱེ་བ་དང་མ་སྐྱེ་ན་གཉིས་ཀ་མི་སྐྱེ་བས་སྐབས་རེ་ལོ་ཐོག་ལ་སད་ཕོག་པ་སོགས་བྱུང་ན་བཟའ་བཅའི་དཀའ་ངལ་འཕྲད་ཀྱི་ཡོད། དེར་བརྟེན་ལས་དོན་དེའི་སྐོར་དོ་དམ་ནན་པོ་བྱེད་དགོས་བྱུང་བས་འབྲུ་རིག་གི་ལས་དོན་གྱི་མགོ་ལ་ཐད་ཀར་ལྟ་མཁན་དེ་ནི་རྒྱལ་པོ་ལྟ་བུ་ཡིན། དེ་དག་གིས་འབྲུ་རིག་གི་ཡོང་འབབ་རྣམས་ཐོར་འགོད་པའི་དོན་དུ་དེ་དག་གི་ཡི་གེ་འབྲི་བའི་ལུགས་སྲོལ་གསར་གཏོད་བྱས། ད་དུང་དེ་དག་ཁྲིམས་དང་མཐུན་མིན་ལྟ་བའི་དོན་དུ་དམག་དོན་ཐོག་མར་གསར་གཏོད་བྱས་ཤིང་། དེ་ཚོའི་ཁྲིམས་དང་སྒྲིག་གཞི་ལ་བརྟེན་ནས་ཆབ་སྲིད་རིག་པ་ཡང་ཐོག་མར་དར།

དེ་ནས་མིའི་རིགས་ཀྱི་སྤྱི་ཚོགས་གྲོང་ཁྱེར་ནས་རིག་གནས་ཅན་གྱི་རྣམ་པར་འཕོས་པ་ལ་དེ་ལྟར་འཕོ་བར་རྩ་བའི་རྒྱུ་རྐྱེན་གྲོང་ཁྱེར་དེ་དག་གི་བར་དུ་དངོས་ཟོག་བརྗེ་རེས་ཀྱི་ཚོང་ལས་བྱེད་སྲོལ་བྱུང་ཞིང་སུས་ཚོང་ལས་ལ་ཤུགས་ཆེ་བ་ཞུགས་ཐུབ་པ་དེ་ཙམ་གྱིས་གྲོང་ཁྱེར་དེ་ཉིད་ཡར་རྒྱས་ཀྱི་ཚད་མཐོ་བ་བྱུང་། གྲོང་ཁྱེར་ནས་རིག་གནས་ཀྱི་ལྟེ་བར་འཕོ་བ་ལ་མིའི་རིགས་ཀྱིས་སེམས་ཅན་གལ་ཆེན་ཞིག་གི་རོགས་སྐྱོར་ལ་བརྟེན་དགོས་བྱུང་། སེམས་ཅན་གྱི་རིགས་དེ་ནི་དེ་དུས་ཚོང་ལས་ལ་ནུས་པ་ཆེ་ཤོས་འདོན་མཁན་ཡིན་ཀྱང་མི་ཚོས་ནམ་རྒྱུན་མཐོང་ཆུང་བྱེད་པའི་བོང་བུ་རྣམས་རེད། མི་ཚོས་བོང་བུ་རྣམས་ལ་བརྟེན་ནས་དངོས་ཟོག་མང་པོ་བཀལ་ནས་ཚོང་ལས་བྱེད་ཐུབ་པ་བྱུང་། སྐབས་དེ་དུས་བོང་བུའི་ལམ་ནི་དངོས་ཟོག་འགེལ་སའི་ལམ་ཙམ་མ་ཡིན་པར་ལྟ་གྲུབ་འདྲ་མིན་དང་སྒྲུང་འདྲ་མིན་བརྒྱུད་སའི་ལམ་དུ་གྱུར་པས་དེ་དུས་ཀྱི་བོང་བུའི་ལམ་མང་པོ་ཞིག་རིམ་པས་ཉེ་དུས་ཀྱི་རྒྱལ་ཁབ་རྣམས་ཀྱི་བར་དུ་གཞུང་ལམ་གཙོ་བོར་གྱུར།

སྤྱི་ལོའི་སྔོན་གྱི་ལོ་ཉིས་སྟོང་ཐམ་པར་འགྲོ་བ་མིའི་རིགས་རྣམས་རྣམ་དཔྱོད་ཀྱི་རྩལ་གོང་འཕེལ་རྒྱ་ཆེར་ཕྱིན་ཏེ་ལོ་རྒྱུས་རང་བཞིན་འཛུགས་བསྐྲུན་མང་དུ་བྱས་པ་ལས་ཨ་ཧྥ་རི་ཀརPyramidཔི་ར་མིཌ་དང་། དབྱིན་ལན་ཌིའི་ལུང་པར་Stonehengeསི་ཊོན་ཧེན་རྗི་དང་། སུ་མེ་ར་ལ་Zigguratརྫིཀ་རཌ་སོགས་པ་བཞེངས། སུ་མེར་མི་རིགས་ཀྱིས་ལྷ་ཁང་བཞེངས་པའི་སྐབས་སུ་རྡུལ་རྫས་རྙིང་པ་ཞིག་བེད་སྤྱོད་བཏང་བ་ཕྱིས་སུ་འཛམ་གླིང་འདིར་བེད་སྤྱོད་ཤིན་ཏུ་ཆེ་བར་གྱུར་པ་ནི་རྡོ་སྣུམ་རེད། རྡོ་སྣུམ་ཙམ་དུ་མ་ཟད་ང་ཚོའི་ཨང་རྩིས་ཀྱང་སུ་མེར་གྱི་རིག་གཞུང་ནས་དར་ན་ཡང་ཁོ་ཚོའི་ལུགས་སུ་གྲངས་གནས་ནི་གཅིག་ནས་བཅུའི་བར་དུ་མ་ཡིན་པར་གཅིག་ནས་བཅུ་གཉིས་བར་དུ་བརྩི་སྲོལ་ཡོད།

དེར་བརྟེན་ང་ཚོའི་ཆུ་ཚོད་ཉི་ཤུ་རྩ་བཞི་དང་། སྐར་མ་དྲུག་ཅུ། སྐར་ཆ་དྲུག་ཅུ་སོགས་འཇོག་པ་ཡང་ཁོ་ཚོའི་ལུགས་སྲོལ་ལས་བྱུང་བ་ཞིག་རེད། ད་དུང་སུ་མེར་མི་རིགས་ཀྱིས་འཁོར་ལོ་ཐོག་མར་གསར་གཏོད་བྱས་པ་ལ། དེ་ལ་བརྟེན་ནས་ཤིང་རྟ་འཁོར་ལོ་དང་རིམ་པས་ཉེ་དུས་སོགས་རླངས་འཁོར་དང་མེ་འཁོར་སོགས་བྱུང་སྟེ་མིའི་རིགས་ཀྱི་ལོ་རྒྱུས་ལ་འཕོ་འགྱུར་ཆེན་པོ་ཐེབས། སྤྱི་ལོའི་སྔོན་གྱི་ལོ་གཅིག་སྟོང་ཉིས་བརྒྱ་ཙམ་གྱི་གོང་དུ་མིའི་རིགས་ཀྱིས་མེ་ལ་བསྲེགས་ཏེ་ལྕགས་ཀྱི་རིགས་རྣམས་མཚོན་ཆ་དང་ལག་ཆར་བཟོ་བསྒྱུར་བྱེད་པའི་རིག་པ་གསར་གཏོད་བྱས་པ་ནི་ལྕགས་ཆས་ཀྱི་དུས་སྐབས་ཞེས་འབོད།

༧ འཛམ་གླིང་སླར་ཡང་འབྲེལ་བ་བྱུང་ཚུལ།[རྩོམ་སྒྲིག]

དེ་ནས་སྤྱི་ལོ་དྲུག་བརྒྱ་ཙམ་དུ་མིའི་རིགས་ཀྱི་རྟ་ལ་ཞོན་ཏེ་ལྕགས་ཀྱི་མཚོན་ཆ་ཐོགས་ནས་དམག་འཁྲུགས་བྱེད་པའི་ལུགས་སྲོལ་ཐོག་མར་བྱུང་། ད་ཆ་མིའི་རིགས་ལ་དམག་འཁྲུགས་ཀྱི་ཆ་རྐྱེན་འཛོམས་པོ་ཡོད་པས་སྟོབས་ཤུགས་ཇེ་ཆེར་གྱུར་ཏེ་འཛམ་གླིང་གི་ཕྱོགས་གང་སར་རྒྱལ་ཁབ་སྟོབས་ཆེ་བ་ཨི་རན་གྱི་པེར་ཤ་ཡ་དང་། རྒི་རི་སིའི་ཨ་ལེཀ་སེན་ཌེར་དང་། རྒྱ་ནག་གི་ཧན། ཡུ་རོབ་ཀྱི་རོ་མན་སོགས་བྱུང་། རྒྱལ་པོ་དང་རྒྱལ་ཁབ་དེ་དག་གི་སྟོབས་ཤུགས་གོང་འཕེལ་དུ་ཕྱིན་པས་དེ་དང་ལྷན་དུ་ཆོས་ལུགས་འགའ་ཤས་ཀྱང་དར་ཁྱབ་ཤིན་ཏུ་ཆེན་པོ་བྱུང་བ་སྟེ། ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས་གཉིས་ཀྱི་འབྱུང་ཁུངས་སུ་གྱུར་པའི་རྗེའུ་ཤུའི་ཆོས་ལུགས་དང་། ཧིན་དྷུ་དང་ནང་ཆོས་བཅས་ཕལ་མོ་ཆེ་འདི་སྐབས་ཐོག་མར་དར།

བར་སྐབས་ལོ་གྲངས་ས་ཡ་ལྔ་བཅུའི་གོང་དུ་ཧི་མ་ལ་ཡའི་གངས་རི་རྣམས་འབུར་དུ་ཐོན་པ་ལ་བརྟེན་ནས་ཤར་ནུབ་ཀྱི་གླིང་ཕྲན་དག་གི་བར་དུ་འབྲེལ་བ་མེད་ན་ཡང་སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཕྲག་ཙམ་དུ་རྒྱ་ནག་གི་རྒྱལ་པོས་ཕོ་ཉ་བ་ཞིག་ནུབ་ཕྱོགས་སུ་མངགས་པ་ལ་དེས་གསར་རྙེད་བྱུང་བའི་ལམ་ནི་ཕྱིས་སུ་ཟ་འོག་གི་དར་ལམ་ཞེས་གྲགས་པའི་འཛམ་གླིང་འབྲེལ་མཐུད་ཀྱི་ལམ་གལ་ཆེ་ཤོས་སུ་གྱུར། དེ་ལ་བརྟེན་ནས་ཤར་ཕྱོགས་ཀྱི་རྒྱ་ནག་ནས་བཟུང་སྟེ་ནུབ་ཕྱོགས་ཀྱི་རོམ་གྱི་བར་དུ་ཚོང་འབྲེལ་བྱུང་།

ཤར་ནུབ་ཕལ་མོ་ཆེ་འབྲེལ་མཐུད་བྱེད་པའི་ལམ་ཆེན་དག་ལ་བརྟེན་ནས་ངན་ས་ནས་ནད་དང་ན་ཚའི་རིགས་མང་པོ་ཡང་ཕར་བརྒྱུད་ཚུར་བརྒྱུད་བྱས་ནས་སྤྱི་ལོ་མགོ་ཚུགས་པ་ཙམ་དུ་རོམ་དང་རྒྱ་ནག་གཉིས་ཀར་མི་འབོར་གྲངས་མེད་པར་གོད་ཤི་ཐེབས་པ་དང་། ཡང་བཟང་ས་ནས་ལམ་ཆེན་དེ་དག་ལ་བརྟེན་ནས་ཆོས་ལུགས་དང་ལྟ་གྲུབ་དག་ཀྱང་ས་ཆ་གཅིག་ནས་གཞན་དུ་དར་བས་ན་སྤྱི་ལོ་༣༢༤ ལོར་རོམ་གྱི་རྒྱལ་ཁབ་ཆོས་ལུགས་ཡེ་ཤུ་ལ་གྱུར། དེ་ལ་བརྟེན་ནས་རིམ་པས་ཡེ་ཤུའི་ཆོས་ལུགས་ནི་ནུབ་ཕྱོགས་ལུང་པ་ཕལ་མོ་ཆེའི་ཆོས་ལུགས་སུ་གྱུར།

དུས་རབས་གསུམ་གྱི་རྗེས་སུ་ཁ་ཆེའི་ཆོས་ལུགས་ཀྱང་ཐོག་མར་དར། ཁ་ཆེའི་ཆོས་ལུགས་ནི་དཀྱིལ་ཤར་ཁུལ་དུ་དར་བས་ཤར་ནུབ་ཀྱི་ལུང་པ་གཉིས་ཀྱི་བར་དུ་དར་ཁྱབ་བྱུང་ཡོད། དེར་བརྟེན་ཁོ་ཚོར་ཚོང་ལས་ཀྱི་གོ་སྐབས་དང་ཁེ་བཟང་ཆེན་པོ་ཐོབ། ཁོ་ཚོའི་ཚོང་ལས་ལ་ཤུགས་རྐྱེན་ཆེ་ཤོས་ཐེབས་མཁན་གྱི་སེམས་ཅན་གྱི་རིགས་ནི་རྔ་མོང་རེད། རྔ་མོང་གི་རིགས་ཀྱང་རྟ་བཞིན་དུ་ཐོག་མར་བྱང་ཨ་མེ་རི་ཀ་ནས་བྱུང་བ་ཞིག་ཡིན་ན་ཡང་རིམ་པས་ས་ཁུལ་འདི་དག་ཏུ་ཁྱབ་པར་གྱུར་ཏེ། དཀྱིལ་ཤར་ཁུལ་གྱི་ཚོང་ལས་པ་རྣམས་ལ་མཚོན་ན་བོང་བུ་ལས་ཀྱང་ལྡབ་ལོག་གིས་ཕན་ནུས་ཆེ་བར་གྱུར།

ཁོ་ཚོ་རྒྱ་གར་དང་རྒྱ་ནག་སོགས་ལ་བསྐྱོད་པའི་སྐབས་སུ་ཚོང་ལས་དང་འབྲེལ་བའི་སྒོ་ནས་རྒྱ་གར་དང་རྒྱ་ནག་ནས་དར་བའི་རིག་གནས་དང་གསར་གཏོད་ཀྱི་ཐབས་ལམ་རྣམས་ནུབ་ཕྱོགས་ཀྱི་ལུང་པར་བརྒྱུད་སྤྲོད་བྱེད་པ་དེས་རྒྱ་ནག་ནས་དར་བའི་ཤོག་བུ་བཟོ་བའི་རིག་པ་ཡང་ནུབ་ཕྱོགས་པས་ཐོབ། མ་ཟད་ད་ལྟ་འཛམ་གླིང་དུ་ཡོངས་སུ་གྲགས་པ་ལིམ་བུའམ་ལེ་མོན་དང་། ཀོ་ཧྥེ་ལ་སོགས་པ་དེ་ཚོ་ཆ་ཚང་ཨ་རབ་ནས་བྱུང་བ་ཞིག་རེད། དེ་བཞིན་ཁོ་ཚོས་ནུབ་ཕྱོགས་ལ་ཤིང་ཐོག་གི་རིགས་འདྲ་མིན་ཞིག་ཁུར་ནས་སླེབས་པ་ལ་དཔེར་ན་ཚ་ལུ་མ་ལྟ་བུ་ནི་རྒྱ་ནག་ལྷོ་ཕྱོགས་ནས་བྱུང་བ་ཞིག་རེད།

ཡང་ཨ་རབ་ཀྱི་ཚོང་པ་རྣམས་ཀྱིས་རྒྱ་གར་ནས་དར་བའི་ཨང་རྩིས་བེད་སྤྱོད་གཏོང་གི་ཡོད་པ་དེ་དབྱི་ཊ་ལི་ནས་ཡིན་པའི་མཁས་པ་ Leonardo Fibonacci ལེའོ་ནར་ཌོ་ཧྥི་བྷོ་ན་ཅི་གིས་སྦྱངས་ཏེ་ནུབ་ཕྱོགས་སུ་སྤེལ་བར་བརྟེན་ད་ལྟའི་བར་འཛམ་གླིང་ཡོངས་ཁྱབ་ཀྱི་ཚུལ་དུ་བེད་སྤྱོད་གཏོང་བཞིན་པའི་ཨ་རབ་ལུགས་ཀྱི་ཨང་གྲངས་འདི་དག་བྱུང་། དེ་དག་ལས་ཀྱང་ཤུགས་རྐྱེན་ཆེ་བ་ནི་རྒྱ་ནག་ཏུ་ལོ་མང་པོའི་རིང་འཆེ་མེད་ཚེ་ཡི་རྫས་སྦྱོར་གསར་རྙེད་ཡོང་བའི་ཐབས་སུ་རྫས་སྦྱོར་རིག་པ་ལ་ཞིབ་འཇུག་མང་དུ་བྱས་པའི་འབྲས་བུར་དུས་རབས་བརྒྱད་པའི་ནང་དུ་རྒྱ་ནག་གི་རྫས་སྦྱོར་རིག་པ་བ་རྣམས་ཀྱིས་རྫས་འགའ་ཤས་ལྷན་སྦྱོར་བྱས་ན་ཉེན་ཁ་ཅན་གྱི་ནུས་པ་ཡོད་པ་གསར་རྙེད་བྱུང་། ཨ་རབ་ཀྱི་མི་ཚོས་ཐབས་ལམ་དེ་ཉིད་ཨ་རབ་ཏུ་ཁྱེར་ནས་ཁ་ཆེ་དང་ཡེ་ཤུའི་དམག་འཐབ་སྐབས་སུ་རྫས་སྦྱོར་དེ་ལ་བརྟེན་ནས་སྒྱོགས་མདེལ་བཟོས་ནས་ཡེ་ཤུའི་དམག་མི་ཚོར་བརྒྱབ། དེ་དག་ལ་ཞིབ་འཇུག་བྱས་ཏེ་ཡུ་རོབ་ཀྱི་དམག་མི་ཚོས་མེ་མདའ་བཟོ་བའི་ཐབས་ལམ་གསར་རྙེད་བྱུང་།

༨ ནུབ་ཕྱོགས་པས་འཛམ་གླིང་དབང་བསྒྱུར་ཚུལ།[རྩོམ་སྒྲིག]

འོན་ཀྱང་ད་དུང་ཡང་ཤར་ནུབ་ཀྱི་ལུང་པ་ཕལ་མོ་ཆེ་ཕན་ཚུན་དམག་འཐབས་དང་ཚོང་ལས་ཀྱི་དབང་གིས་འབྲེལ་བ་ཡོད་པ་ལས། གཞན་ཨ་མེ་རི་ཀའི་ལུང་པར་མ་ཡ་དང་ཨི་ཀ་སོགས་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་དང་མི་རིགས་འགའ་ཤས་ཡོད་ཀྱང་དེ་ཚོ་འཛམ་གླིང་གི་ལུང་པ་གཞན་རྣམས་ལ་འབྲེལ་བ་གང་ཡང་མེད་པར་ཁེར་རྐྱང་དུ་གནས་ཡོད། དེ་ཙམ་དུ་ཡུ་རོབ་ལ་དབང་སྒྱུར་མཁན་གྱི་རོམ་གྱི་སྟོབས་ཤུགས་ཉམས་ནས་ཡུ་རོབ་ཕལ་མོ་ཆེ་སྒོ་ང་ནང་བཞིན་དུམ་བུར་འཐོར་ནས་རང་བཙན་ཅན་གྱི་རྒྱལ་ཁབ་མང་དུ་བྱུང་།

དེ་དག་ལས་སྤྱི་ལོ་༡༤༩༢ ལོར་སི་པན་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་སྟེ་Christopher Columbusཀོ་ལུམ་སྦུ་སུ་ཞེས་པའི་ཚོང་པ་དེས་ཨ་རབ་ནས་བྱུང་བའི་གྲུ་གཟིངས་གཏོང་ཚུལ་དང་རྒྱ་ནག་ནས་བྱུང་བའི་ཁ་ཕྱོགས་ལྟ་བྱེད་དང་། གཞན་ཡང་འཛམ་གླིང་གི་རྡུལ་རྫས་དམིགས་བསལ་བ་སྟེ་རྡོ་ཁབ་ལེན་སོགས་ལ་བརྟེན་ནས་རྒྱ་མཚོའི་ནང་ནས་དཔག་ཚད་མང་པོར་རྒྱང་བསྐྱོད་བྱས་ཏེ་རྒྱ་གར་གྱི་ཕྱོགས་སུ་ཕྱིན་ཀྱང་རྒྱ་གར་དུ་མ་སླེབས་པར་ཨ་མེ་རི་ཀའི་གླིང་ཕྲན་ལ་འབྱོར།

དེ་ནས་བཟུང་སྟེ་འཛམ་གླིང་གི་གླིང་ཕྲན་ཕལ་མོ་ཆེའི་བར་དུ་ཚོང་དང་གནས་ཚུལ་བརྒྱུད་སྤྲོད་ཀྱི་འབྲེལ་བ་བྱུང་བ་མ་ཟད་ལྷག་པར་དེའི་སྔོན་དུ་ཤར་ཕྱོགས་ཀྱི་རིག་གནས་ལྟེ་གནས་རྣམས་དང་ནུབ་ཕྱོགས་ཀྱི་རིག་གནས་ཀྱི་ལྟེ་གནས་རྣམས་ཕལ་ཆེར་འདྲ་མཉམ་དང་དེ་ཡང་ཤར་ཕྱོགས་སྔོན་ཐོན་ཆེ་ན་ཡང་དེ་ནས་བཟུང་འཛམ་གླིང་ཕལ་མོ་ཆེ་ནུབ་ཕྱོགས་པས་དབང་བསྒྱུར་བྱས།

དེ་ནས་འབྱུང་འགྱུར་གྱི་དུས་རབས་གསུམ་ཙམ་གྱི་རིང་དུ་འཛམ་གླིང་གི་མི་འབོར་ཡང་ལྡབ་ལོག་གིས་འཕར་ཏེ་ས་ཡ་དགུ་བརྒྱ་ཙམ་དུ་གྱུར། འོན་ཀྱང་ཀོ་ལུམ་བྷུ་སི་སླེབས་པའི་རྗེས་སུ་ཡུ་རོབ་ཀྱི་མི་མང་པོ་ཨ་མེ་རི་ཀར་གཅིག་རྗེས་གཉིས་མཐུད་འབྱོར་ནས་ཨ་རིའི་རང་གི་གདོད་མི་མི་རིགས་མི་ཉུང་བ་ཞིག་ཡོད་ཀྱང་དེ་དག་གིས་ཡུ་རོབ་ཀྱི་དམག་མི་རྟ་དང་མེ་མདའ་ཡོད་པ་དག་ལ་གླགས་མ་ཁེལ་ནས་འགའ་ཤས་ནི་ཡུ་རོབ་པས་བསད་ཅིང་ཕལ་མོ་ཆེ་ནི་ཡུ་རོབ་པས་ཁྱེེར་ཡོད་པའི་ནད་ཡམས་ཀྱིས་ཤི་ནས་ཨ་རིའི་གདོད་མའི་མི་རིགས་བརྒྱ་ཆ་དགུ་བཅུ་གོ་ལྔ་ཙམ་རྩ་མེད་གྱུར།

ཡུ་རོབ་ཀྱི་མི་ཚོས་ཨ་རིའི་ལུང་པར་ཡོད་པའི་གསེར་དངུལ་སོགས་ཕལ་མོ་ཆེ་འཕྲོགས་ཟིན་རྗེས་ད་ལྟ་ཁོ་ཚོས་བྱེད་འདོད་པ་གལ་ཆེ་ཤོས་གཅིག་ཡོད་པ་ནི་བུར་ཤིང་འདེབས་འཛུགས་རེད། བུར་ཤིང་ལས་བྱེ་མ་ཀ་ར་འབྱུང་ཞིང་བྱེ་མ་ཀ་ར་ནི་མིའི་རིགས་ཀྱིས་ཀླད་པས་རང་བཞིན་གྱིས་འདོད་རྔམས་བྱེད་སའི་ཟས་གཅིག་པུ་རེད། བུར་ཤིང་ནི་གཙོ་བོ་ཨེ་ཤ་ཡའི་ས་ཁུལ་དུ་སྐྱེ་ཡི་ཡོད་པ་ལ་ཡེ་ཤུ་དང་ཁ་ཆེའི་དམག་འཐབས་ཀྱི་སྐབས་སུ་ཡུ་རོབ་པ་རྣམས་ཀྱིས་ཀྱང་བྱེ་མ་ཀ་ར་ཐོབ་ནས་སེམས་འདོད་རྔམས་ཀྱིས་ཁེངས་ན་ཡང་ཡུ་རོབ་ཏུ་བུར་ཤིང་འདེབས་འཛུགས་བྱེད་ཐབས་མ་རྙེད། དེ་ནས་ཀོ་ལུམ་བྷུ་སི་སོགས་ཀྱིས་ཨ་རིའི་ལུང་པར་བུར་ཤིང་འདེབས་འཛུགས་བྱས་ན་ཡང་ཡུ་རོབ་ཀྱི་མི་ཚོར་ལས་ཀ་བྱེད་འདོད་མེད་པར་བརྟེན་ཨ་ཧྥ་རི་ཀའི་མི་མང་པོ་ཞིག་ཨ་རིར་ཁྲིད་ནས་གཡོག་ཏུ་བསྐོས་པ་དེས་བྲན་གཡོག་རིང་ལུགས་དར།

ལས་ཀ་ཕལ་མོ་ཆེ་གནའ་སྔ་མོ་ནས་མི་རང་གིས་གཟུགས་སྟོབས་ལ་བརྟེན་ནས་བྱེད་དགོས་པ་དང་། དུས་རབས་བཅུ་བདུན་པ་ཙམ་གྱི་བར་དུ་མི་ཚོས་གང་བྱས་ཀྱང་བརྒྱ་ཆ་བདུན་ཅུ་ཙམ་གཟུགས་པོའི་སྟོབས་ཀྱིས་བྱེད་དགོས་པ་ཁོ་ན་རེད། མ་ཟད་ཁོ་ཚོའི་བྱ་ཐབས་ཕལ་མོ་ཆེ་ཡང་ལོ་སྟོང་ཕྲག་མང་པོའི་རིང་གཅིག་མཚུངས་སུ་གནས་ཡོད་ན་ཡང་ད་ནས་ཡར་བརྩིས་པའི་ལོ་སུམ་བརྒྱ་ཙམ་གྱི་གོང་དུ་ཡུ་རོབ་ཏུ་དེ་ལ་འགྱུར་བ་བསམ་གྱིས་མི་ཁྱབ་པ་ཐེབས། དེ་ལྟར་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་དབྱིན་ལན་ཌི་ལུང་པར་བུད་ཤིང་ཇེ་ཉུང་དུ་གྱུར་ཏེ་མེ་འབུད་པར་རྫས་གཞན་དགོས་པས་ན་རྡོ་སོལ་སྔོག་འདོན་བྱས་པ་དེ་རེད།

རྡོ་སོལ་རང་གིས་མིའི་ལོ་རྒྱུས་ལ་འགྱུར་བ་ཆེན་པོ་ཐེབས་མེད་ན་ཡང་། རྡོ་སོལ་སྔོག་འདོན་བྱེད་སྐབས་རྡོ་སོལ་མང་པོ་ཆུ་ནང་དུ་འདྲེས་ཡོད་པས་ཆུ་དང་རྡོ་སོལ་ཐ་དད་དུ་དབྱེ་བྱེད་དུ་འཕྲུལ་ཆས་ཤིག་བཟོས་པ་ལ་བརྟེན་ནས་རླངས་ཤུགས་ཐོག་མར་གསར་རྙེད་བྱུང་། རླངས་ཤུགས་བེད་སྤྱད་ནས་དབྱིན་ལན་ཌི་ནས་ལྕགས་ཀྱི་འཕྲུལ་ཆས་མང་དུ་བཟོས་ནས་བཟོ་གྲྭའི་དུས་སྐབས་བྱུང་། དབྱིན་ལན་ཌིས་མེ་འཁོར་བཟོས་ཤིང་རྗེར་མི་ནིས་རླངས་འཁོར་བཟོས། མ་ཟད་རིམ་པས་གནམ་གྲུ་དང་། ཁ་པར་སོགས་བཟོས་པ་མ་ཟད། གློག་སྒྲོན་བཟོས་པ་ལ་བརྟེན་ནས་མཚན་མོ་ཡང་ཉིན་མོ་ལྟ་བུར་བསྒྱུར་ཐུབ་པ་བྱུང་། དེ་ལ་བརྟེན་ནས་ད་ཆ་འཛམ་གླིང་གི་སྤྱི་ཚོགས་ནི་གནའ་སྔ་མོ་དང་ཁྱོན་ནས་མི་འདྲ་བའི་སྤྱི་ཚོགས་གསར་པ་ཞིག་གི་རྣམ་པར་གྱུར་པ་མ་ཟད་དེ་ནི་གནའ་སྔ་མོའི་མི་དག་གི་བསམ་ཡུལ་ལས་ཀྱང་འདས་པར་གྱུར་ཡོད།

མ་ཟད་བཟོ་གྲྭའི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ལོ་༡༨༠༠ ཙམ་དུ་ཡུ་རོབ་ཀྱི་མི་བརྒྱུད་ཀྱིས་འཛམ་གླིང་གི་བརྒྱ་ཆ་སུམ་ཅུ་ཡས་མས་ལ་དབང་བསྒྱུར་བྱེད་བཞིན་པ་ཡིན་ན་ཡང་སྤྱི་ལོ་༡༩༠༠ ཙམ་དུ་ཡུ་རོབ་པས་འཛམ་གླིང་གི་རྒྱ་ཁྱོན་བརྒྱ་ཆ་བརྒྱད་ཅུ་གྱ་ལྔ་ཙམ་དབང་དུ་བསྒྱུར་མགོ་ཚུགས། འཕྲུལ་ཆས་ཀྱི་ནུས་པ་ཇེ་ཆེར་གྱུར་ཏེ་དམག་དོན་གྱི་འབྲེལ་བ་ཡང་ཇེ་ཆེར་གྱུར་ནས་འཛམ་གླིང་ཧྲིལ་པོ་དམག་འཁྲུགས་ལ་ཞུགས། དེའི་རྐྱེན་གྱིས་དུས་རབས་ཉི་ཤུ་པའི་ནང་དུ་བྱུང་བའི་འཛམ་གླིང་གི་དམག་ཆེན་གྱིས་དེ་སྔོན་གྱི་ལོ་ཉིས་སྟོང་ཙམ་གྱི་རིང་དུ་མི་བསད་པ་ལས་ལྡབ་གསུམ་གྱི་མང་བ་བསད།

འོན་ཀྱང་བཟོ་ལས་ཀྱི་འཛུགས་བསྐྲུན་སོགས་ལ་བརྟེན་ནས་མི་འབོར་འཕར་ཚད་ཀྱང་སྔར་ལས་ཤུགས་ཆེ་བར་གྱུར་ཏེ། འགྲོ་བ་མིའི་རིགས་ཐོག་མར་བྱུང་བ་ནས་མིའི་རིགས་ཀྱི་གྲངས་འབོར་རིམ་པས་འཕར་ནས་སྤྱི་ལོ་༡༩༠༠ བར་དུ་ཐེར་འབུམ་གཅིག་དང་ཚག་དྲུག་བར་དུ་ལས་ཟིན་གྱི་མེད་ན་ཡང་། དེ་ནས་ལོ་བརྒྱའི་ནང་དུ་སྔར་ལས་ཀྱང་མང་བ་འཕར་ཏེ་ཐེར་འབུམ་དྲུག་གི་བར་དུ་འཕར་བར་གྱུར། ལྷག་པར་དུས་རབས་ཉི་ཤུ་པ་ནི་འགྱུར་ལྡོག་གི་རྣམ་པ་ཡང་ཆེ་ཤོས་སུ་གྱུར་ཏེ། ད་ལྟའི་ཆར་ང་ཚོའི་འཛམ་གླིང་འདིར་མི་གྲངས་ཐེར་འབུམ་བདུན་ལྷག་ཡོད་ཅིང་། འཛམ་གླིང་འདིར་ཡོད་པའི་སེམས་ཅན་གྱི་རིགས་གྲངས་མེད་པ་ཡོད་ན་ཡང་འགྲན་ཟླ་མེད་པ་ནི་ང་ཚོ་མི་ཡི་རིགས་གྱུར་ཡོད། ད་ཆ་ང་ཚོ་འཕྲུལ་ཆས་སོགས་ཀྱི་བརྒྱུད་ནས་ཕན་ཚུན་འབྲེལ་བ་མེད་པ་སུ་ཡང་མེད་པས་ང་ཚོ་མི་རེ་རེའི་བཟང་ངན་གྱི་བྱ་སྤྱོད་ཀྱིས་ཀྱང་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ནུས་པ་ཡོད་པས་ང་ཚོ་ལ་ནུས་པ་དང་གོ་སྐབས་ཀྱང་སྔར་ལས་ཆེ་བ་ཡོད་ཅིང་ཉེན་ཁ་དང་གནོན་ཤུགས་ཀྱང་སྔར་ལས་ཆེ་བ་ཡིན།