ཡེ་ཤེས་ཆོས་བཟང་།

ཡོང་ཁུངས་Wikipedia

ངོ་སྤྲོད།

མིང་། ཡེ་ཤེས ཆོས་བཟང་། ཕ་ཡུལ། ལི་ཐང་། ལས་གནས། ཆ་འཕྲིན་རྩོམ་སྒྲིག་པ། ད་ལྟའི་སྡོད་གནས། དྷ་ས། གུས་ལི་ཐང་༼ཡེ་ཤེས་ཆོས་བཟང་༽ ངམ་༼སེ་གེ༽ནི་བོད་ཀྱི་གསར་འགོད་པ་ཞིག་དང་རྩོམ་པ་པོ་ཞིག་ཡིན་ལ། ཁོང་གིས་ལོ་ངོ་བཅུ་ཕྲག་གི་རིང་བྲིས་པའི་རྩོམ་ཡིག་ཁག་ཚགས་པར་དང་དུས་དེབ། དེ་བཞིན་དྲ་རྒྱ་འདྲ་མིན་དུ་མཐོང་རྒྱུ་ཡོད་པ་རེད། རྩོམ་ཡིག་མང་པོ་ཞིག་དབྱིན་ཡིག་ཏུ་བྲིས་གནང་ཡོད།


ལོ་རྒྱུས་མདོར་བསྡུས


ཧི་མ་ལ་ཡའི་སྐད་ཡིག་དགེ་རྩ་ཚོགས་པའི་འགན་འཛིན་དང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་རྩོམ་སྒྲིག་འགན་འཛིན་ཡེ་ཤེས་ཆོས་བཟང་ནི་ཕྱི་ལོ་༡༩༧༤ལོར་ཁམས་ལི་ཐང་ཉག་ཆུ་འགོ་ལོག་སྟོད་དུ་སྐྱེས་ཤིང་ལོ་ན་ཕྲ་བའི་སྐབས་ནས་ཕ་ཡུལ་དུ་གཞི་རིམ་སློབ་གྲྭ་བསྐྱོད་དེ་བོད་ཡིག་འབྲི་ཀློག་དང་ནང་ཆོས་བཅས་ལ་སློབ་གཉེར་ཞུས།


སློབ་གཉེར།


༡༩༨༤ལོར་བོད་ནས་བཙན་བྱོལ་དུ་སླེབས་ནས་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་རྒྱུད་སྨད་ནང་བསྟན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་མི་ལོ་༥ལྷག་རིང་མདོ་སྔགས་གཞུང་ལུགས་དང་བོད་ཀྱི་རིག་གནས་དབྱིན་ཡིག་བཅས་ལ་སློབ་གཉེར་ཞུས་རྗེས། བཞུགས་སྒར་དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་འཛིན་རིམ་བཅུ་པའི་ཤེས་ཚད་ཐོག་ཚུད་རྒྱུགས་ཕུལ་ནས་སློབ་འཇུག་ཐོབ་སྟེ་ནང་དོན་རིག་པ་གཙོས་པའི་བོད་ཀྱི་རིག་གནས་དང་དབྱིན་ཡིག་གློག་ཀླད་བཅས་ལ་སྦྱངས་བརྩོན་གྱིས་ཕྱི་ལོ་༢༠༠༠ལོར་རིགས་ལམ་སློབ་གཉེར་ཁང་ནས་ཕར་ཕྱིན་རབ་འབྱམས་པའམ་(BA)སློབ་ཐོན།


སྲི་ཞུ་ལས་དོན།


དེ་རྗེས་བལ་ཡུལ་དུ་ཡོད་པའི་བོད་གཞུང་སྲོང་བཙན་བལ་བཟའ་སློབ་གྲྭའི་མཐོ་རིམ་བོད་དགེ་ལས་གནས་ལོ་གསུམ་ཙམ་ཞུས་ཡོད། དེ་སྔོན་༡༩༩༧ནས་༢༠༠༠ལོའི་བར་རིཌ་སློབ་ཀྱི་ལོ་རེའི་དུས་དེབལྷག་བསམ་བརྩེགས་པ་ཞེས་པའི་རྒྱལ་རབས་ཕབ་སྒྱུར་སྡེ་ཚན་གྱི་རྩོམ་སྒྱུར་བ་དང༌། མཐོ་སློབ་དེའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་འོས་སྦྱོང་བརྡར་ལ་དམིགས་ནས་སློབ་ཁྲིད་ཇི་ལྟར་བྱེད་ཚུལ་ཞེས་པའི་དཔེ་དེབ་ཀྱི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི། དེ་བཞིན་བལ་ཡུལ་སྲོང་བཙན་མཐོ་སློབ་ཏུ་བཞུགས་རིང་ཁུལ་དེའི་བོད་གཞུང་གི་སློབ་གྲྭ་ཁག་༡༢ཡོད་པ་དེ་དག་གི་རྒྱུགས་བཞེས་ལྷན་ཚོགས་ཀྱི་ཚོགས་མིའི་ལས་ཁུར་ཞུས་ཡོད།


གསར་འགོད་ལས་རིགས།


༢༠༠༣ལོ་མཇུག་ནས་བོད་ཀྱི་བང་ཆེན་གསར་ཁང་གི་རྩོམ་སྒྲིག་ལས་རོགས་དང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་དྲུང་ཆེ་གཅིག་ལྕོགས་ལོ་བཞི་དང༌སྐབས་དེར་ཚོགས་པ་དེའི་དེབ་སྐྱེལ་གྱིས་མཚོན། རྒྱལ་ཕྱི་ནང་གི་གསར་འགྱུར་གིས་གཙོས་བོད་དོན་དང་འབྲེལ་བའི་གསར་འགྱུར་འབྲི་ཕབ་དང་དེ་བཞིན་འཛམ་གླིང་གི་རྒྱལ་༡༡ལྷག་གི་ལོ་རྒྱུས་མདོར་བསྡུས་བོད་ཡིག་ཐོག་ཕབ་སྒྱུར་སོགས་ཀྱི་ཞབས་ཞུ་ཧུར་ཐག་བྱས། དེ་བཞིན་བོད་ཀྱི་གསར་འགོད་པ་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ལས་ཐོག་ཐེངས་གཉིས་ཀྱི་ལས་འགན་སྒྲུབ་རིང་མཐུན་ཚོགས་དེ་བཞིན་ཁྲིམས་མཐུན་གྱི་འགན་གཙོ་བོ་ཞུས་པ་དང་ཚོགས་པའི་གསར་འགོད་ལས་རིགས་ཀྱི་ཚོགས་ཆེན་དང་ཟབ་སྦྱོང་གི་ལས་དོན་ཁག་ལ་ལས་དོན་བསྒྲུབས་ཡོད། ༢༠༠༤ལོ་ནས་རྒྱལ་ཁབ་༡༢༠ལྷག་གི་གསར་འགོད་པ་རེ་ཡོད་པའི་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཡོད་པའི་རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་(www.rsf.org)ཀྱི་བོད་ཀྱི་གསར་འགོད་པའི་ལས་ཁུར་ཞུ་བཞིན་པ་དང༌། ཕྱི་ལོ་༢༠༠༨ལོར་བཞུགས་སྒར་དུ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ལྡན་པའི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་(www.thetibetpost.com)ཞེས་པ་གསར་ཁང་གསར་འཛུགས་ཀྱིས་གསར་ཁང་དེའི་འགན་འཛིན་དང་རྩོམ་སྒྲིག་པ་གཅིག་ལྕོགས་ཞུ་བཞིན་པ་མ་ཚད། བོད་དོན་ཆེད་དྲ་རྒྱ་གཞན་མང་པོ་ཞིག་གསར་བཟོ་ཞུས་ཡོད་པ་དེ་དག་གིས་གཞིས་བྱེས་གཉིས་དང་དམིགས་བསལ་རྒྱ་རིགས་ཚོར་བོད་དོན་གོ་རྟོགས་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནི་བོད་མི་རང་ཉིད་ནས་གསར་འཛུགས་ཞུས་པའི་གསར་ཁང་ཉུང་ཤས་ཀྱི་ནང་ནས་བོད་མིའི་གསར་ཁང་ཞིག་ཆགས་བསྡད་ཡོད་པ་དང་གསར་ཁང་དེ་བཞུགས་སྒར་དྷ་རམ་ས་ལ་རྟེན་བཞིན་ཞུས་ཡོད། དེའི་ལས་ཁུངས་སུ་བོད་མི་གསུམ་དང་བལ་ཡུལ་དུ་གསར་འགོད་པ་གཅིག ཐེ་ཅན་དུ་གསར་འགོད་པ་གཅིག དེ་བཞིན་ཨ་རི་ནས་གསར་འགོད་གཅིག་དང་ལོན་ཌོན་ནས་ཡོ་རོབ་ཀྱི་གསར་འགོད་པ་གཅིག་བཅས་ལས་བྱེད་བདུན་ནས་སྲི་ཞུ་བཞིན་སྒྲུབ་བཞིན་ཡོད། ཧི་མ་ལ་ཡའི་སྐད་ཡིག་དགེ་རྩ་ནི་༢༠༡༠ལོ་དངོས་སུ་རྒྱ་གར་ས་གནས་གཞུང་ལ་དེབ་སྐྱེལ་ཞུས་པ་ཞིག་རེད་ལ། ད་ལྟ་ལས་ཁུངས་འགྲོ་བཞིན་ཡོད།


ད་ལྟའི་ལས་དོན།


དེ་བཞིན་འཛམ་གླིང་གང་ས་ནས་ལས་བྱེད་༡༨༠ལྷག་དང་ཡུལ་གྲུ་ཁག་༥ལ་གསར་ཁང་ཡོད་པའི་འཛམ་གླིང་གསར་འགྱུར་(www.wn.com)ཞེས་པའི་གསར་ཁང་གི་གསར་འགོད་པ་རྒན་པའི་ལས་དོན་ཡང་ཞུ་བཞིན་དུ་ཡོད་ཅིང་། ཁོང་ནི་བཙན་བྱོལ་༸གོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་དང་བཙན་བྱོལ་བོད་གཞུང་གི་ལམ་སྟོན་འོག་བོད་མིའི་སྤྱི་ཚོགས་སུ་འཚར་ལོང་བྱུང་བ་དང་ཕྱི་ནང་གཉིས་ཀའི་ཤེས་ཡོན་སྦྱོང་རྒྱུའི་གོ་སྐབས་ཐོབ་པར་བརྟེན། ཐུགས་ཕན་ཇི་ཙམ་གསོ་ཐུབ་མིན་ལ་མ་ལྟོས་པར་དུས་ནམ་རང་ཉིད་ཀྱི་མི་ཚེ་འདི་ཉིད་མགོན་པོ་གང་ཉིད་ཀྱི་བཀའ་སློབ་ཁག་ཡིད་ལ་བཅངས་ནས་རང་གཞུང་གི་ལམ་སྟོན་འོག་བོད་བསྟན་པ་ཆབ་སྲིད་དང་བོད་རང་དབང་སླར་གསོའི་ཆེད་དུ་སྲི་ཞུ་བསྒྲུབ་རྒྱུའི་དམ་བཅའ་བརྟན་པོ་ཐོག་མ་ནས་བཞག་པ་ལྟར་སྒྲུབ་བཞིན་ཡོད་ལ། དེ་དག་ལ་སྤོབས་པའང་བསྐྱེད་བཞིན་འདུག། མ་འོངས་པར་ཡང་དེ་བཞིན་གཞི་སེམས་གཡོ་བ་མེད་པའི་སྒོ་ནས་རང་ནུས་གང་ཡོད་བཏོན་དེ་ལྷག་བསམ་རྣམ་དག་གིས་སྲི་ཞུ་བསྒྲུབ་རྒྱུ་ཡིན་པའི་ཆོད་སེམས་བརྟན་པོ་ཡོད།


ཞོར་གྱི་སྤྱི་ཚོགས་ཞབས་ཞུ།


ཕྱི་ལོ་༢༠༠༩ལོ་ནས་མདོ་ཁམས་ལི་ཐང་ཚོགས་པའི་དབྱིན་དྲུང་དང་༢༠༡༠ལོར་ལི་ཐང་ཚོགས་པ་ཁྲིམས་མཐུན་དེབ་སྐྱེལ་གྱི་ལས་འགན་བསྒྲུབས་ནས་ད་ལྟ་ཚོགས་ཁྲིམས་མཐུན་ཆགས་ཐུབ་པ་བྱུང་ཡོད་ལ། དེ་བཞིན་ཚོགས་པ་འདི་ཉིད་དང་ཚོགས་པའི་ཞབས་འོག་ཏུ་ཡོད་པ་མི་ཉུང་བ་ཞིག་ལ་གང་ཅིའི་ཐོག་ནས་རྒྱབ་སྐྱོར་རོགས་རམ་ཞུས་ཡོད། སོ་སོའི་ཉམས་མྱོང་སྟེ་གསར་འགྱུར་བརྒྱུད་ལམ་གྱི་ཐོག་ནས་འདས་པའི་མི་ལོ་༡༠ལྷག་གི་རིང་རྒྱལ་སྤྱི་རྒྱལ་ནང་གི་གནས་ཚུལ་དེ་དག་རྟོག་ཞིབ་དང་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་སོགས་ཀྱི་ཉམས་ཞིབ་བྱེད་རྒྱུའི་གོ་སྐབས་བྱུང་བ་དེ་ལས་ཆབ་སྲིད་ཀྱི་གོ་རྟོགས་མི་དམན་པ་ཞིག་ཐོབ་ཡོད་པ་རེད།


འབྲེལ་གཏུགས།


Yeshe Choesang (Sangay) The Tibet Post International, Room No. 1, Top Floor, New Varuni House, Dalai Lama Temple Road, Mcleod Ganj, Dharamsala, Distt. Kangra H.P 176219 India

http://www.thetibetpost.com