ཡུལ་བརྡ་

ཡོང་ཁུངས་Wikipedia

ཡུལ་བརྡ་ཞེས་པ་ནི་ཡུལ་སྐད་རང་བཞིན་གྱི་མིང་སྟེ། དེ་ནི་སྤྱི་སྐད་རང་བཞིན་གྱི་མིང་དང་ཕན་ཚུན་ལྟོས་བཅས་ཀྱིས་རིགས་སུ་དགར་བ་ཞིག་ཡིན། དེ་ཡང་འདིར་བཤད་པའི་སྤྱི་སྐད་ནི་བོད་ཕྱི་ནང་ཀུན་གྱིས་ཐུན་མོང་དུ་སྤྱོད་བཞིན་པའི་བོད་ཀྱི་སྐད་ཡིག་དེ་ཡིན་ཞིང་། དེ་ནི་ངག་ཐོག་དང་ཡིག་ཐོག་གཉིས་སུ་ལག་ལེན་བྱེད་པ་ལས་ངག་ཐོག་གི་ལག་ལེན་དེ་ཁྱབ་ཆེར་སྤེལ་ཐུབ་ཀྱི་མེད། ཡུལ་སྐད་ཅེས་པ་ནི་ཐུན་མོང་གི་ཡིག་སྐད་ཀྱི་ལུགས་དེ་ལ་བསྟུན་མི་དགོས་པའི་ཡུལ་ལུང་སོ་སོའི་ཁ་སྐད་དག་ཡིན་ལ། དེ་ཡང་ངག་ཐོག་ཏུ་མ་ཟད་ཡིག་ཐོག་ཏུ་ཡང་ཅུང་ཙམ་རེ་ཡོང་གི་ཡོད། ཡུལ་སྐད་དང་སྤྱི་སྐད་ཀྱི་འབྲེལ་བ་ཐག་གཅོད་བྱེད་ཐབས་ནི། སྤྱི་སྐད་ཉིད་ཐ་སྙད་དམ་མིང་གི་ཚོགས་པའི་ཕྱོགས་ནས་ཚད་ལྡན་དུ་ཆགས་ཐབས་ལ་ཡུལ་བརྡ་རྣམས་ཇི་ལྟར་འདོར་ལེན་བྱེད་ཐབས་ཏེ། སྤྱི་སྐད་ཀྱི་མིང་ཚོགས་འཐུས་སྒོ་ཇེ་ཚང་དུ་གཏོང་ཐབས་རང་ཡིན།


ཡུལ་བརྡ་སྐྱོན་མེད་སྤྱི་སྐད་དུ་སྡུད་ལེན་བྱེད་པ།[རྩོམ་སྒྲིག]

དངོས་པོ་འམ་དོན་གང་ཞིག་མཚོན་བྱེད་དུ་སྤྱི་སྐད་དུ་མིང་མེད་ཀྱང་ཡུལ་སྐད་དུ་ཡོད་པ་ཡིན་ན། མིང་དེ་ཚུར་སྤྱི་སྐད་ནང་དུ་བླངས་ནས་འཁོལ་དགོས། སྐབས་འདིའི་སྤྱི་སྐད་དུ་མིང་མེད་ཀྱང་ཡུལ་སྐད་དུ་ཡོད་པ་ཞེས་པ་ནི་ཡིག་ཐོག་གི་སྐད་ཆ་སྟེ་ཡིག་ཐོག་གི་བརྩམས་ཆོས་དང་དག་ཡིག་མིང་མཛོད་སོགས་སུ་མིང་གང་དེ་བེད་སྤྱོད་དང་སྡུད་འཁོད་བྱུང་མེད་ཀྱང་ཁ་སྐད་དག་ཏུ་བཀོལ་གྱི་ཡོད་པའི་དོན་ཏེ། གལ་ཏེ་མིང་བརྡ་དེ་དག་སྤྱི་སྐད་དུ་མ་བླངས་ན་དོན་གང་དེ་དག་མཚོན་པ་ལ་སྤྱི་སྐད་དུ་མིང་གནད་འཁེལ་ཞིག་སྤྱོད་དུ་མེད་པས་མིང་དེ་རིགས་སྤྱི་སྐད་དུ་ལེན་དགོས། འདིར་སྤྱི་སྐད་དུ་ལེན་པར་འོས་པའི་བྱ་ཚིག་འགའི་དཔེ་འགའ་བཀོད་ན། བརྗོད་བྱ་ལ་སེར་སྣས་མ་ཐོང་བའི་རྣམ་འགྱུར་བྱུང་བ་ཞིག་བརྗོད་དགོས་ཚེ། སེར་སྣ་བྱེད་པ་ཞེས་པ་ལྟ་བུར་བརྗོད་ངེས་ཀྱང་། དོན་དུ་བྱ་བ་དེ་མཚོན་པ་ལ་ཚིག་གིས་བརྗོད་མ་དགོས་པར་འཁུམ་ཞེས་པའི་བྱ་ཚིག་གཅིག་གིས་ཨམ་སྐད་དུ་བརྗོད་སྲོལ་ཡོད་ན་བྱ་ཚིག་དེ་ལྟ་བུ་དང་། ཡང་ཚིག་མཛོད་དུ་དཔེར་ན། བརྩེད་པ་ཞེས་པ་ལ་ཕྱུགས་ཀྱི་རྨིག་པ་བརྩེད་པའི་དོན་འགྲེལ་བཀོད་ཡོད་པ་མ་གཏོགས། བྱ་ཚིག་དེའི་དོན་གྱི་རྣམ་གྲངས་ལ་ཡིད་འཚེར་བའི་རྣམ་འགྱུར་ཏེ། དཔེར་ན་སྐམ་བཤའ་བ་ལ་ལག་བརྩེད། མི་གསོད་པ་ལ་ལྟ་བར་མིག་བརྩེད་ཅེས་པ་ལྟ་བུའི་ཚིག་ཞུགས་པའི་དོན་གྱི་རྣམ་གྲངས་ལྟ་བུ་ནི་མིང་མཛོད་དང་སྤྱི་སྐད་དུ་ཁོད་མེད་པའི་རིགས་དང་། ད་དུང་བྱ་ཚིག་འདུས་མའི་ཐད་ནས་དཔེར་ན། རྒྱ་ནག་གི་སྐད་དུ(诈用假话试探,使对方吐露真情)ཞེས་པ་དབུས་སྐད་དུ་ཚོད་དཔག་གཡུག་པ་ཞེས་པ་དང་། ཨམ་སྐད་དུ་ཀླད་རྒྱག་ཡེད་པ་ཞེས་པ་ལྟ་བུ། རྒྱ་ནག་གི་སྐད(挑食)ཞེས་པར་ཨམ་སྐད་དུ་ཁ་འདེམས་ཟེར་བ་ལྟ་བུ་སོགས་བྱ་ཚིག་འདུས་མའི་མཚོན་བྱའི་དོན་ལ་བོད་ཀྱི་སྤྱི་སྐད་དུ་མིང་བརྡ་དོན་སྦྱོར་རེ་མེད་པ་ཡིན་ན། དེ་དང་དེ་ལྟ་བུའི་ཡུལ་སྐད་ནང་གི་བྱ་ཚིག་གནད་འཁེལ་དག་སྤྱི་སྐད་ནང་དུ་སྡུད་ལེན་བྱེད་འོས་ཤིང་། དེ་བཞིན་དུ་དོན་གང་ཞིག་མཚོན་པ་ལ་སྤྱི་སྐད་ན་མེད་ཀྱང་ཡུལ་སྐད་དུ་ཡོད་པའི་མིང་ཚིག་དང་རྒྱན་ཚིག་སོགས་ཀྱང་མང་པོ་ཡོད་པ་དེ་བཞིན་དུ་སྡུད་ལེན་བྱེད་འོས་སོ། །

ཡུལ་བརྡ་སྐྱོན་ཅན་སྤྱི་སྐད་ཀྱིས་སྤང་རྒྱུ།[རྩོམ་སྒྲིག]

དེ་ནི་ཡུལ་སྐད་སྤྱི་སྐད་གཉིས་ཀར་ཡོད་མཉམ་གྱི་མིང་གི་འདོར་ལེན་བྱེད་སྟངས་ཏེ། དོན་གང་ལ་སྤྱི་སྐད་དུ་མིང་ཡོད་བཞིན་དུ་ཡུལ་སྐད་ཀྱི་མིང་བཀོལ་བར་མི་བྱ་སྟེ། ཕྱོགས་གཅིག་ནས་ཡུལ་སྐད་ཀྱི་མིང་བཀོལ་བ་སྤྱི་སྐད་ལག་ལེན་གྱི་གེག་ཏུ་འགྲོ་ཞིང་། ཕྱོགས་གཅིག་ནས་ཡུལ་སྐད་ཀྱི་མིང་ཁ་ཅིག་ལ་དག་ཆ་ཉམས་པ་སོགས་ཀྱི་སྐྱོན་ཡོད་ཕྱིར་མིང་དེ་རིགས་སྐད་བརྡ་ཚད་ལྡན་ནམ་སྤྱི་སྐད་ལག་ལེན་ཁྲོད་དུ་སྤང་བྱ་ཡིན།

མིང་བརྡ་ལྷག་མར་སོང་བའི་སྐྱོན།[རྩོམ་སྒྲིག]

དཔེར་ན་ཨ་ཕ། ཨ་མ། ཨ་ཇོ་ལ་སོགས་པའི་མིང་སྤྱི་སྐད་དུ་ཡོད་བཞིན་དུ་ཨ་མདོའི་ལུང་སྐད་འགར་ཨ་རྒྱ་དང་། ཨ་པ། ཨ་དགའ་ཞེས་འབོད་ཀྱི་ཡོད་པ་དག་གལ་ཏེ་སྤྱི་སྐད་དུ་བཀོལ་ན་གཅིག་གྱུར་གྱི་མིང་ཡོད་བཞིན་པ་ལ་ལོག་འབོད་ཅིག་བྱས་པ་ཙམ་ལས་མཚོན་དོན་གྱི་ཕྱོགས་ནས་དམིགས་བསལ་གྱི་དགེ་མཚན་མེད་པ་དག་སྤྱི་སྐད་དམ་ཡིག་སྐད་དུ་སྤང་བྱ་ཡིན་ནོ། །

བརྡ་དོན་མཚོན་ནུས་དམན་པའི་སྐྱོན།[རྩོམ་སྒྲིག]

དཔེར་ན། བོད་ཀྱི་ཡིག་སྐད་ཁ་སྐད་གཉིས་ཀར་ནུ་བོའམ་གཅུང་བོ་དང་གཅུང་མོའམ་སྲིང་ཆུང་ཞེས་པ་སོགས་ཀྱི་མིང་བརྡ་ཡོད་ཡོད་ལ་དབུས་ཀྱི་ལུང་སྐད་འགར་སྲིང་མོ་ཆུང་བ་དང་ནུ་བོ་གཉིས་ཀ་ལ་གོ་བརྡ་གསལ་བོ་མེད་པའི་མིང་གི་བརྡ་འོག་མ་ཞེས་པ་ཞིག་བེད་སྤྱོད་པ་ནི་གོ་བྱ་ཐད་ཀ་ནས་མཚོན་ནུས་ཞན་པའི་དཔེ་སྟེ། དཔེར་ན། ང་ལ་འོག་མ་གཉིས་ཡོད་ཅེས་ཚེ་སྐད་ཆར་ཉན་མཁན་དེས་སླར་ཡང་བུ་རེད་དམ་བུ་མོ་རེད་ཅེས་དྲི་དགོས་པ་ལྟ་བུ་ནི་ཐབས་སྐྱོ་བ་ཞིག་ཡིན་པས་ན། དེ་དང་དེ་འདྲ་བའི་དོན་མཚོན་པར་ནུས་པ་ཞན་པའི་མིང་ནི་སྤྱི་སྐད་དམ་ཡིག་སྐད་དུ་འདོར་བྱའི་རིགས་སོ། །

མིང་བརྡ་དོན་ལ་འབྱོར་བོ་མིན་པའི་སྐྱོན།[རྩོམ་སྒྲིག]

མིང་བརྡ་དོན་གནད་དུ་མི་འབྱོར་བ་ཡང་དཔེར་ན། ཟ་མ་ཁ་ལ་སྐྱེལ་བྱེད་ཉག་མའམ་རྐང་ཐུར་གཉིས་ཅན་གྱི་མིང་ལ་ཨམ་སྐད་དང་ཁམས་སྐད་དུ་ཐུར་མའམ་ཟ་ཐུར་ཟེར་ཞིང་། དབུས་གཙང་་ཁ་སྐད་དུ་ཁེམ་བུ་ལ་ཐུར་མ་ཞེས་བརྗོད་ཀྱི་ཡོད་པ་ནི་འབོད་བྱེད་དོན་ལ་མི་གནས་པའམ་མིང་བཀོལ་ནོར་བ་མ་དག་རྒྱུན་འབྱམས་སུ་སོང་བའི་དཔེ་དང་། ཡང་དཔེར་ན། བཟའ་བྱ་ལ་ཟ་མ་ཞེས་པ་ཡོད་བཞིན་དུ་དབུས་དང་ཨ་མདོའི་ཁ་སྐད་འགར་ལག་དང་ལྟོ་ཞེས་པ་སོགས་བེད་སྤྱོད་པ་ནི་མིང་བརྡ་དོན་ལ་འབྱོར་པོ་མིན་པའི་དཔེ་དེ་ལྟ་བུ་ནི་སྤྱི་སྐད་དུ་སྤང་བྱའི་རིགས་སོ། །

མིང་བརྡ་མཚོན་དོན་གཞན་ལ་སྤོས་པའི་སྐྱོན།[རྩོམ་སྒྲིག]

དཔེར་ན། གྲྭ་པའམ་དགེ་འདུན་པ་དང་དགེ་མ་ཞེས་པ་སོགས་ཀྱི་མིང་བརྡ་སྤྱི་སྐད་དུ་ཡོད་ཡོད་ལ་ཡུལ་སྐད་སོ་སོར་ཨ་ཁུའམ་ཨ་ཞང་། བླ་མའམ་སྐུ་ཞབས་ཞེས་པ་དང་། ཨ་ནེ་ཞེས་པ་སོགས་བཀོལ་བ་ལྟ་བུ་དང་། ཡང་དཔེར་ན། གཙང་གི་ས་ཆ་འགའ་ནས་མ་ཕྱོགས་ཀྱི་ཨ་ནེ་ལ་སྲུ་མོ་ཞེས་འབོད་པ་དང་། ཕའི་བུ་སྤུན་རྣམས་ལས་རྒན་པ་ལ་པ་ལགས་ཞེས་དང་རྒན་པའི་འོག་མ་རྣམས་ལ་ཨ་ཁུ་ཞེས་འབོད་པ་ལྟ་བུ་དང་། མཚོ་སྔོན་གྱི་ས་ཆ་འགས་ཕ་དང་ན་མཉམ་གྱི་ཨ་ཁུ་ལ་ཨ་པ་ཞེས་འབོད་པ་ལྟ་བུ་སོགས་འབོད་ཡུལ་ལ་དོན་གཞན་གྱི་མིང་སྤོས་པ་ལ་རིག་གནས་ཀྱི་རྒྱབ་ལྗོངས་རེ་ཡོད་ངེས་ཀྱང་། སྤྱིད་སྐད་དུ་དེ་རིགས་བཀོལ་ན་མི་འོས་སོ། །

མིང་བརྡའི་སྦྱོར་བར་དག་ཆ་མེད་པའི་སྐྱོན།[རྩོམ་སྒྲིག]

ཡིག་སྐད་ཕྱོགས་ནས་དཔེར་ན་བདག་སྒྲའི་སྐོར་ནས་ཡིག་སྐད་ཀྱི་འགྲོས་ལྟར་དུ་ཚན་རིག་པ། ལག་རྩལ་པ། ཚན་རིག་མཁས་པ་དང་ལ་རྩལ་ཆེད་མཁས་པ་ཞེས་བརྗོད་ཆོག་ཆོག་ཏུ་ཡོད་པ་ལྟར་མ་བྱས་པ། དབུས་གཙང་གི་ཡུལ་སྐད་དུ་ཚན་རིག་མཁས་ཅན་དང་ལག་རྩལ་མཁས་ཅན་ཞེ་པ་ལྟ་བུའི་བརྗོད་སྲོལ་ནི་བརྡའི་ལུགས་དང་མི་མཐུན་པ་སྟེ། ཅན་ཞེས་པའི་སྒྲ་ཞེས་བྱ་བའི་མིང་གི་མཐའ་ལ་མི་འཇུག་པས་ཚིག་སྦྱོར་དེ་རིགས་ནི་སྤྱི་སྐད་དུ་བཀོལ་བ་སྤང་བར་བྱའོ། །

ཡུལ་སྐད་ཀྱི་མིང་སྤྱི་སྐད་དུ་ལེན་པའི་བླང་བྱ།[རྩོམ་སྒྲིག]

ཡི་གེའི་དག་ཆ་ལ་ཞུན་བརྡར་གཏོང་དགོས།[རྩོམ་སྒྲིག]

མིང་གི་སྒྲ་ལ་ཞུན་བརྡར་གཏོང་བ་གལ་ཆེ་སྟེ། དཔེར་ན་རྒྱ་ནག་གི་སྐད་དུ(吃醋)ཞེས་པའི་དོན་ཅན་ལ་བོད་སྐད་དབུས་གཙང་དང་ཁམས་ཀྱི་ཁ་སྐད་དུ་མིག་གཟེར་རྒྱག་པ་ཞེས་པ་ཚིག་མཛོད་དུ་དྲངས་པར་མིག་སེར་རྒྱག་པ་ཞེས་སུ་བཀོད་པ་ནི་དོན་ལ་འབྲེལ་བའི་སྒྲ་མིང་གི་རྣམ་པར་མ་ཁོད་པའི་སྐྱོན་ཏེ། དོན་དེ་ནི་མིག་ལ་གཟེར་བརྡབ་པའམ་གཟེར་ལངས་པ་ལྟ་བུའི་དོན་ཅན་ཡིན་པ་ལས་མིག་ལ་ཁ་དོག་སེར་པོ་རྒྱག་མི་རྒྱག་གི་དོན་ཅན་མ་ཡིན་ན་སྒྲ་འགོད་ནོར་བ་ལྟ་བུ་ནི་སྦང་བྱའོ། །

ཟུར་བརྗེ་བའི་རྗོད་སྲོལ་གོམས་བདེ་བྱེད་རྒྱུ་ཡོད་པ།[རྩོམ་སྒྲིག]

ཡང་མིང་གསར་བ་ཡུལ་སྐད་ཁྲོད་ནས་སྤྱི་སྐད་དུ་ལེན་པའི་སྐབས་སུ། གལ་ཏེ་ལེན་རྒྱུའི་མིང་འགའ་དག་གི་དག་ཆ་ག་འདྲ་ཡིན་མིན་དང་འགོའི་སྒྲ་ལ་འཚོལ་འདེད་བྱས་ན་དེའི་སྒྲ་ཡུལ་སྐད་དུ་བཀོལ་མེད་པས་སྐབས་དོན་གོ་མི་བདེ་ཞིང་མིང་འདྲ་ཆགས་མི་འོངས་ལ། དེ་ལ་གཞན་དུ་ནོར་རྒྱུ་མེད་ལ་ཁ་སྐད་དུ་སྤྱོད་པའི་སྒྲ་དང་ཡང་ཉེ་བ་ཞིག་བཞག་ན་བཀོལ་བདེ་ཡོང་སྲིད་པ་ལྟ་བུ་ཡོད་དེ། དཔེར་ན། མདོ་སྨད་ཀྱི་ཁ་སྐད་དུ་ཁོག་འཆེབ་ནི་སྦ་གསང་བྱེད་པའི་དོན་གྱི་འཆེབ་ཅེས་པའི་མིང་གི་སྒྲའི་འགྱུར་དོད་ཡིན་སྲིད་ཀྱང་། གལ་ཏེ་འཆབ་བྱེད་ཀི་ཞེའམ་འཆབ་རྒན་ཞེས་པ་ལྟ་བུའི་སྒྲ་རྣམ་པར་བཀོད་པའི་མིང་བཀོལ་ན་སྐབས་དོན་གང་ཞིག་སྦ་གསང་ཁོག་བཅུག་གིས་རང་འདོད་ཅིག་ཡོང་ལ་ངང་སྒུག་བྱེད་པའི་དོན་གོ་དཀའ་བར་འགྱུར་ངེས་ཏེ། འཆབ་ཡེད་ཀིའམ་འཆབ་རྒན་ཞེས་པ་ལྟ་བུའི་མིང་དང་སྒྲ་ཁ་སྐད་དུ་འཚོལ་དུ་མེད་པས་སོ། ། སྤྱོད་རྒྱུན་གྱི་སྒྲ་དེ་སྔ་མའི་མཆེད་ཁུངས་ལས་ཟུར་འགྱུར་ཡོད་པ་ལ་བསམ་བློ་གཏོང་དགོས་ཤིང་། ཟུར་འགྱུར་གྱི་སྒྲ་ཡང་དོན་གཞན་ལ་གོ་ནོར་འགྲོ་ས་མེད་པ་ཞིག་དགོས་པ་ཡིན། དེ་བཞིན་ཞེ་དྲགས་ཞེས་པ་ཡང་གོམས་བདེ་ཡིན་ལ། གལ་ཏེ་ཞེ་དྲགས་ཞེས་པ་དང་འགོའི་འབྱུང་ཁུངས་ཞེད་སྐྲག་གི་སྒྲ་གཞིར་བཞག་ན་ནི་གོ་བདེ་དེ་ཙམ་མེད་པའི་ཚུལ་དུ་འགྲོ་ངེས་པ་ཡིན་ནོ། །