ཡིག་བརྒྱ་
རྡོ་རྗེ་སེམས་དཔའི་ཡིག་བརྒྱའི་འགྲེལ་བཤད། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་སྒྲིབ་སྦྱོང་གི་ཐབས་མཆོག་ཏུ་གྱུར་པ་ཞིག་ཡིན། རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཀུན་བཟང་བླ་མའི་ཞལ་ལུང་ལས་གསུངས་པ་ལྟར། སྒྲིབ་པ་སྦྱོང་བའི་ཐབས་གྲངས་མེད་པ་ཞིག་རྒྱལ་བས་བསྟན་པ་ལས། དེ་དག་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི། བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཡིན།[༡] ཞེས་པ་ལྟར་རོ། །
སྔགས་འདི་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ། ཡི་གེ་བརྒྱ་པ་ཞེས་བྱ་བ་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོ[༢] ཞེས་དྲི་མེད་བཤགས་རྒྱུད་ལས་གསུངས་པ་ལྟར། སྡིག་སྒྲིབ་སྦྱོང་བའི་སྔགས་ཀྱི་རྒྱལ་པོ་ཡིན་ནོ། །
སྔགས་འདི་ལ་ཡིག་བརྒྱ་ཞེས་བྱ་བའི་རྒྱུ་མཚན་ནི། སྔགས་ཀྱི་ཡིག་འབྲུ་གྲངས་ཏག་ཏག་བརྒྱ་ཡོད་པས་ཡིན་ཏེ། དེ་ཡང་ཨོཾ་ནས་བཟུང་སྟེ་ཨཱཿ་བར་ཡིག་འབྲུ་བརྒྱ་ཚང་བ་ཡོད་དོ། །འདི་ནི་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་སྡིག་སྒྲིབ་སྦྱོང་བ་དང་། ཉམས་ཆག་བསྐང་བ། དམ་ཚིག་སྲུང་བ་སོགས་ཀྱི་སྔགས་མཆོག་ཏུ་གྱུར་པ་ཞིག་ཡིན་ནོ། །
༡། རྡོ་རྗེ་སེམས་དཔའི་ངོ་སྤྲོད།
[རྩོམ་སྒྲིག]༡.༡ སྐུ་གཟུགས་ཀྱི་རྣམ་པ།
[རྩོམ་སྒྲིག]
རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ཐེག་པའི་ལྷ་ཚོགས་ཀྱི་གཙོ་བོ་ཞིག་ཡིན། སྐུ་མདོག་དཀར་པོ་ཡིན་ཞིང་། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་པས་དྲིལ་བུ་འཛིན་པ་ཡིན། རྡོ་རྗེ་ནི་མི་ཕྱེད་པའི་ཡེ་ཤེས་མཚོན་ཞིང་། དྲིལ་བུ་ནི་ཤེས་རབ་མཚོན།
༡.༢ ཐུགས་ཀྱི་ཡོན་ཏན།
[རྩོམ་སྒྲིག]ཁོང་ནི་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་རང་བཞིན་དང་། སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་ཀྱི་ངོ་བོ་ཡིན།
༡.༣ གསང་སྔགས་ལམ་གྱི་གནད་དུ་གྱུར་ཚུལ།
[རྩོམ་སྒྲིག]རྡོ་རྗེ་སེམས་དཔའ་ནི་དབང་བསྐུར་བའི་བདག་པོ་ཡིན་པས། གསང་སྔགས་ཀྱི་ལམ་ལ་ཞུགས་པ་ཐམས་ཅད་ཀྱིས་བླ་མར་བསྟེན་དགོས། ཁོང་གི་སྔགས་ཨོཾ་བཛྲ་སཏྭ་ཧཱུྃ་ནི་སྡིག་སྒྲིབ་སྦྱོང་བའི་མཆོག་ཏུ་གྱུར་པ་ཡིན། མདོར་ན། རྡོ་རྗེ་སེམས་དཔའ་ནི་རྒྱུད་སྡེ་ཀུན་གྱི་མངའ་བདག་དང་། རིག་པ་གཉུག་མའི་ངོ་བོ། སྒྲིབ་གཉིས་སྦྱོང་མཁན་གྱི་ལྷ་མཆོག་ཡིན་ནོ། །
༢། ཡིག་བརྒྱའི་སྔགས་ཀྱི་ཡིག་འབྲུ་སོ་སོའི་གོ་དོན།
[རྩོམ་སྒྲིག]༢.༡ སྔགས་ཀྱི་ཡིག་འབྲུ་རྣམས་ཀྱི་སྤྱི་དོན།
[རྩོམ་སྒྲིག]རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ནི། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་པ་སྟེ། ཡིག་འབྲུ་བརྒྱ་ཡོད་པས་ཡིག་བརྒྱ་ཞེས་བྱའོ། །
སྔགས་འདི་ནི་རྡོ་རྗེ་སེམས་དཔའི་དམ་ཚིག་གི་སྔགས་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཐུགས་རྗེ་ལ་བརྟེན་ནས་སྡིག་སྒྲིབ་སྦྱོང་བ་དང་། དམ་ཚིག་སྲུང་བ། བྱིན་རླབས་དང་དངོས་གྲུབ་ཐོབ་པའི་སྔགས་མཆོག་ཏུ་གྱུར་པ་ཞིག་ཡིན་ནོ། །
༢.༢ ཡིག་འབྲུ་སོ་སོའི་བྱེ་བྲག་གི་དོན།
[རྩོམ་སྒྲིག]- ༀ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་གཞོམ་མེད་ཡི་གེའི་རྣམ་པར་ཤར་བ་སྐུ་ལྔའམ་སྐུ་གསུམ་སྐབས་འདིར་གཙོ་བོ་མཚོན་པའོ།།
- བཛྲ་ནི་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་མཚོན།
- སཏྭ་ནི་སེམས་དཔའ་སྟེ་ཐབས་སྙིང་རྗེ་ཆེན་པོའི་དོན།
- ས་མ་ཡ་ནི་དམ་ཚིག་སྟེ་སྔགས་ཀྱི་དམ་ཚིག་སྲུང་བའི་ངོ་བོ་ཡིན།
- མ་ནུ་པཱ་ལ་ཡ་ནི་མ་ནུ་ནི་རྗེས་སུ། པཱ་ལ་ཡ་ནི་སྐྱོང་བ། བདག་ལ་རྗེས་སུ་སྐྱོང་མཛོད་ཀྱེ།
- བཛྲ་སཏྭ་ཏྲྭེ་ནོ་པ་ནི་རྡོ་རྗེ། སཏྭ་ནི་སེམས་དཔའ། ཏྭེ་ནོ་པ་ནི་ཁྱེད་ཀྱིས་ཉེ་བར་ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་ཁྱེད་ཉེ་བར།
- ཏིཥྛ་དྲཱྀ་ཌྷོ་མེ་བྷ་ཝ་སྟེ་ཏིཥྛ་ནི་བཞུགས་པ། དྲཱྀ་ཌྷོ་ནི་བརྟན་པར། མེ་ནི་བདག བྷ་ཝ་ནི་མཛོད་ཅིག བརྟན་པར་བདག་ལ་བཞུགས་པར་མཛོད།
- སུ་ཏོ་ཥྱོ་མེ་བྷ་ཝ་སྟེ་སུ་ནི་ལེགས་པར། ཏོ་ཥྱོ་ནི་ཚིམ་པར། མེ་ནི་བདག བྷ་ཝ་ནི་མཛོད་ཅིག ལེགས་པར་ཚིམ་པར་བདག་མཛོད་ཅིག
- སུ་པོ་ཥྱོ་མེ་བྷ་ཝ་སྟེ་སུ་ནི་ལེགས་པར། པོ་ཥྱོ་ནི་རྒྱས་པར། མེ་ནི་བདག བྷ་ཝ་ནི་མཛོད་ཅིག ལེགས་པར་རྒྱས་པར་བདག་མཛོད་ཅིག
- ཨ་ནུ་རཀྟོ་མེ་བྷ་ཝ་སྟེ་ཨ་ནུ་ནི་རྗེས་སུ། རཀྟོ་ནི་ཆགས་པར། མེ་ནི་བདག བྷ་ཝ་ནི་མཛོད་ཅིག བདག་ལ་རྗེས་སུ་ཆགས་པར་མཛོད།
- སརྦ་སིདྡྷི་མྨེ་པྲ་ཡཙྪ་སྟེ་སརྦ་ནི་ཐམས་ཅད་དང་། སིདྡྷི་ནི་དངོས་གྲུབ་དང་། མྨེ་ནི་བདག་ལ་དང་། པྲ་ཡཙྪ་ནི་སྩོལ་ཅིག་ཅེས་པའོ། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ།
- སརྦ་ཀརྨ་སུ་ཙ་མེ་སྟེ་སརྦ་ནི་ཐམས་ཅད། ཀརྨ་ནི་ལས། སུ་ནི་རྣམས། ཙ་ནི་ཡང་། མེ་ནི་བདག་སྟེ། ལས་རྣམས་ཐམས་ཅད་ལའང་བདག
- ཙིཏྟཾ་ཤྲཱེ་ཡཾ་ཀུ་རུ་ཧཱུྃ་སྟེ་ཙིཏྟཾ་ནི་སེམས། ཤྲཱེ་ཡཾ་ནི་དགེ་བར། ཀུ་རུ་ནི་མཛོད་ཅིག བདག་གི་སེམས་ནི་དགེ་བར་མཛོད། ཧཱུྃ་ནི་ཐུགས་ཡེ་ཤེས་ཆེན་པོ་མཚོན།
- ཧ་ཧ་ཧ་ཧ་ཧོཿ ཧ་བཞི་ནི་གཞི་ལམ་འབྲས་བུའི་ཆོས་མཚོན། ཧོཿནི་གཉིས་སུ་མེད་པའི་ལྟ་བ་ཆེན་པོ་མཚོན།
- བྷ་ག་ཝཱན། བྷ་ག་ཝཱན་ནི་བཅོམ་ལྡན་འདས།
- སརྦ་ཏ་ཐཱ་ག་ཏ། སརྦ་ནི་ཐམས་ཅད། ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཞེས་བྱ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན།
- བཛྲ་མཱ་མེ་མུཉྩ་སྟེ་བཛྲ་ནི་རྡོ་རྗེ། མ་ནི་དགག་སྒྲ། མེ་ནི་བདག མུཉྩ་དོར་ཅིག རྡོ་རྗེ་བདག་ནི་མ་དོར་ཅིག
- བཛྲི་བྷ་ཝ་སྟེ་བཛྲི་ནི་རྡོ་རྗེ་ཅན། བྷ་ཝ་ནི་མཛོད་ཅིག རྡོ་རྗེ་ཅན་དུ་མཛད་དུ་གསོལ།
- མ་ཧཱ་ས་མ་ཡ་སཏྭ་ཨཱཿ མ་ཧཱ་ནི་ཆེན་པོ། ས་མ་ཡ་ནི་དམ་ཚིག སཏྭ་ནི་སེམས་དཔའ། ཨཱཿནི་གསུང་རྡོ་རྗེ་མཚོན་པའི་ཡིག་འབྲུའོ། །དམ་ཚིག་ཆེན་པོ་སེམས་དཔའ་གསུང་། ཨཱཿནི་གསུང་རྡོ་རྗེའི་ངོ་བོ་མཚོན།
༣། ཡིག་བརྒྱའི་ཀློག་ཐབས།
[རྩོམ་སྒྲིག]༣.༡ སྒྲ་དག་གི་སྐོར།
[རྩོམ་སྒྲིག]ཡིག་བརྒྱ་བཟླ་བའི་ཚེ་སྒྲ་དག་པར་བཟླ་དགོས་ཏེ། "སྔགས་དང་བསྙེན་པ་བཟླ་བའི་དུས་སུ་ཐ་མལ་མ་དག་པའི་ལོང་གཏམ་གཞན་དང་བསྲེས་ནས་བཟླ་བ་ནི། སྔགས་མ་དག་པ་ཡིན་ཏེ། དཔེར་ན་གསེར་དང་དངུལ་ལ་ར་གན་ནམ་ཟངས་ལ་སོགས་པ་ཅུང་ཟད་འདྲེས་ཀྱང༌། གསེར་མིན་ནམ་དངུལ་ལོག་ཏུ་གྲགས་ཏེ། དེས་གསེར་དངུལ་གྱི་གོ་མི་ཆོད་པ་དང་འདྲ།"[༣] ཡིག་འབྲུ་རེ་རེ་བཞིན་གསལ་པོར་བཏོན་ཏེ། མགྱོགས་དྲགས་པ་དང་དལ་དྲགས་པ་གཉིས་ཀ་སྤངས་ནས། རང་བཞིན་གྱི་ཀློག་ཚད་དུ་བཟླ་དགོས། ཁྱད་པར་དུ་སྔགས་ཀྱི་ཚིག་མཚམས་རྣམས་གསལ་པོར་ཕྱེ་སྟེ་བཟླ་དགོས་སོ། །
༣.༢ བཟླས་པའི་ཚུལ།
[རྩོམ་སྒྲིག]"ཨོ་རྒྱན་ཆེན་པོའི་ཞལ་ནས་ཀྱང༌། །ལོ་གཅིག་འབད་བསྙེན་བྱས་པ་བས། ཟླ་གཅིག་སྨྲ་བཅད་བྱས་པ་དགའ། །ཞེས་གསུངས།"[༤] དེས་ན་བཟླས་པའི་ཚེ་སྨྲ་བཅད་བྱས་ཏེ། སེམས་རྩེ་གཅིག་ཏུ་གཏད་ནས་བཟླ་དགོས་སོ། །"དེས་ན་ད་ལྟའི་དུས་གྲོང་ཆོག་པ་རྣམས་ཀྱང་ཚོགས་གྲལ་སོགས་སུ་འདོན་པ་དང་བཟླས་བརྗོད་ཀྱི་དུས་སྨྲ་བཅད་བྱེད་པ་ནི་ཅི་ནས་ཀྱང་གལ་ཆེ། ཐ་མལ་པའི་ངག་འཁྱལ་དང་འདྲེས་པའི་འདོན་བཟླས་སོགས་ལ་སྙིང་པོ་ཅི་ཡང་མེད་པ།"[༥] དེས་ན་བཟླས་པའི་སྐབས་སུ་གཞན་གྱི་གཏམ་གླེང་སོགས་རྩ་བ་ནས་མི་བྱའོ། །
༤། སྒོམ་བཟླས་བྱེད་ཚུལ།
[རྩོམ་སྒྲིག]༤.༡ སྒོམ་པའི་དམིགས་པ།
[རྩོམ་སྒྲིག]༤.༡.༡ རྟེན་གྱི་སྟོབས།
[རྩོམ་སྒྲིག]"རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་མདའ་གང་ཙམ་གྱི་སྟེང་གི་ནམ་མཁར་པདྨ་དཀར་པོ་འདབ་མ་སྟོང་ལྡན་ཞིག་བསྒོམ། དེའི་སྟང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཞིག་བསྒོམ། ཉ་གང་ཟེར་བ་དེ་ཆེ་ཆུང་གི་ཚད་མ་ཡིན་གྱི། ཟླ་བའི་ཆ་ཤས་ཐམས་ཅད་ཁ་གང་བའི་ཚེས་བཅོ་ལྔའི་ཟླ་བ་ལྟ་བུ་ཕྱོགས་ཐམས་ཅད་ལ་ཡ་ཡོ་འཁྱག་འཁྱོག་མེད་པར་འཁྱིལ་ལེར་ཡོད་པའི་དོན་ཡིན། དེའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་འོད་ཟེར་བཀྲག་མདངས་དང་ལྡན་པ་གཅིག་སྒོམ།"[༦] "དེ་ནས་སྐད་ཅིག་གིས་ཧཱུྃ་ཡིག་དེ་ཉིད་གནས་འགྱུར་ནས། ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་རིའི་ཕུང་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རིག་སྟོང་གི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་པ། གཡོན་སྣང་སྟོང་གི་དྲིལ་བུ་དཀུ་ལ་བརྟེན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ།"[༧] "ཡུམ་སྙེམས་མ་དཀར་མོ་དང་གཉིས་མེད་དུ་འཁྲིལ་བ། སྐུ་སྣང་ལ་རང་བཞིན་མ་གྲུབ་པ་སྣང་སྟོང་ཆུ་ཟླ་ལྟ་བུའམ། མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟ་བུ་བཀྲ་ལམ་མེ་ཡོད་པ། རང་གི་སྤྱི་བོར་རང་གི་ཁ་ལྟ་ཕྱོགས་སུ་ཞལ་གྱུ་ནས་བཞུགས་ཡོད་པ་དེ་ལྟ་བུ་ཞིག་བསྒོམ་པ་དེ་རྟེན་གྱི་སྟོབས་ཡིན།"[༨] རྒྱན་ཆ་བཅུ་གསུམ་ནི། དར་གྱི་ཆས་གོས་ལྔ་(ཅོད་པན། སྟོད་གཡོགས། དར་དཔྱངས། སྐུ་རེགས། སྨད་དཀྲིས)དང་། རིན་པོ་ཆེའི་རྒྱན་བརྒྱད་(དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། དོ་ཤལ། ཕྱག་གདུབ། སོར་གདུབ། ཞབས་གདུབ)བཅས་སོ། ། གསལ་བཏབ་པའི་སྐུ་དེ་ཡང་"སྣང་ཆ་ནས་སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་བ་ལ། སྟོང་ཆ་ནས་དངོས་པོ་གདོས་བཅས་ཤ་ཁྲག་ནང་ཁྲོལ་ལ་སོགས་པའི་རྣམ་པར་གྲུབ་པ་སྤུ་ཙམ་ཡང་མེད་པ། ནམ་མཁར་འཇའ་ཚོན་ཤར་བའམ། ཤེས་བུ་མ་དྲི་མ་མེད་པ་ལྟ་བུ། དྲིན་ཆེན་རྩ་བའི་བླ་མ་དང་མགོན་པོ་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པའི་རང་བཞིན་ཐུགས་ཡེ་ཤེས་ཀྱི་མཁྱེན་ཆ་དང་བཅས་པས། བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་དགོངས་ཏེ་བཞུགས་པ།"[༩] ཞེས་གསལ་སྣང་དང་རིག་སྟོང་དབྱེར་མེད་དུ་བསྒོམ་མོ། །
༤.༡.༢ བདུད་རྩིའི་རྒྱུན་འབེབས་པ།
[རྩོམ་སྒྲིག]རྡོ་རྗེ་སེམས་དཔའི་སྤྱན་སྔར་སྔར་བྱས་ཀྱི་སྡིག་སྒྲིབ་ཐམས་ཅད་མཐོལ་ལོ་བཤགས་སོ་སྙམ་དུ་འགྱོད་པ་དྲག་པོས་བཤགས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་དུ་སྡོམ་སེམས་བརྟན་པོ་བྱས་ནས། "ཨཱཿབདག་ཉིད་ཐ་མལ་སྤྱི་བོ་རུ། །སོགས་ནས། མ་ལུས་བྱང་པར་མཛད་དུ་གསོལ། །ཞེས་བརྗོད།"[༡༠] "དེ་ནས་རྡོར་སེམས་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཡུངས་ཀར་གླེབས་པ་ཙམ་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་སྤུས་བྲིས་པ་ལྟ་བུ་ཞིག་གསལ་ལ། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས། ཡི་གེ་བརྒྱ་པ་ཚར་གཅིག་བརྗོད་པས། ཧཱུྃ་གི་མཐའ་སྐོར་དུ་ཡི་གེ་བརྒྱ་པོར་ལངས་པ་ལྟ་བུ་གཅིག་ལ་གཅིག་མ་རེག་ཙམ་དུ་བསྐོར་བར་བསམ།"[༡༡] "དེ་ནས་རང་གི་ངག་ནས་ཡི་གེ་བརྒྱ་པ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། ཡིག་འབྲུ་རྣམས་ལས་ཐུགས་རྗེ་ཡེ་ཤེས་ཀྱི་བདུད་རྩི་འཁྱགས་རོམ་མེས་ཞུ་བ་ལས་ཆུའི་ཐིགས་པ་ལྟར། ཐིག་ཐིག་ཧྲམ་ཧྲམ་དུ་བབས་པ། སྐུའི་དབྱིབས་བརྒྱུད་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ཐོན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས།"[༡༢] "ལུས་ཀྱི་ནང་གི་ནད་ཐམས་ཅད་ཁྲག་རུལ་རྣག་རུལ། གདོན་ཐམས་ཅད་སྲོག་ཆགས་སྡོམ་སྡིག་པ་སྦལ་བ་ཉ་སྦྲུལ་ལྕོང་མོ་ཤིག་ལ་སོགས་པའི་རྣམ་པ། སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུ་ཐལ་དུད་སྤྲིན་པ་རླངས་པའི་རྣམ་པར་ཆུ་སྣ་རྒྱུག་པས་ས་རྡུལ་དེད་པ་ལྟར་བདུད་རྩིའི་རྒྱུན་གྱིས་ཐོགས་པ་མེད་པར་དེད་དེ་རྐང་མཐིལ་འོག་སྒོ་བ་སྤུའི་བུ་ག་རྣམས་ནས་ནག་ཉིལ་གྱིས་ཕྱིར་ཐོན།"[༡༣] "རང་གི་འོག་ཏུ་ས་གས་པའི་མར་ཞབས་ན། འཆི་བདག་ལས་ཀྱི་གཤིན་རྗེ་ལ་འཁོར་ལན་ཆགས་བུ་ལོན་ཤ་མཁོན་གྱི་བདག་པོ་བདག་མོ་ཐམས་ཅད་ཀྱིས་བསྐོར་ཏེ་ཁ་ལག་སྦར་གསུམ་བཟེད་ནས་ཡོད་པའི་ནང་དུ་སོང་བར་བསམས་ལ་ཡིག་བརྒྱ་བཟླ།"[༡༤]
དམིགས་པ་གསལ་པོར་འཛིན་མ་ནུས་ན། "རེས་འགའ་རྡོ་རྗེ་སེམས་དཔའི་སྐུ་ཞལ་ཕྱག་སོགས་ལ་དམིགས་པ་གཏད་དེ་བཟླ། རེས་འགའ་རྒྱན་ཆ་ལུགས་ལ་དམིགས་པ་གཏད་དེ་བཟླ། རེས་འགའ་བདུད་རྩིའི་རྒྱུན་གྱིས་ནད་གདོན་སྡིག་སྒྲིབ་བཀྲུ་བ་ལ་དམིགས་པ་གཏད་དེ་བཟླ། རེས་འགའ་འགྱོད་པ་དང་སྡོམ་སེམས་དྲན་པར་བྱས་ཏེ་བཟླ།"[༡༥]
བཟླས་པའི་མཐར། "ས་འོག་ན་འཁོད་པའི་འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་ལན་ཆགས་བུ་ལོན་ཤ་མཁོན་གྱི་བདག་པོ་རྣམས་ཀྱང་ངོམས་ཤིང་ཚིམ། ལན་ཆགས་འཁོར། བུ་ལོན་སོད། ཤ་མཁོན་བྱང༌། སྡིག་སྒྲིབ་དག་གཤིན་རྗེ་དེའི་ཁ་ལག་སྦར་གསུམ་ཡང་ཟུམ། ས་གས་པ་ཡང་སོས།"[༡༦] "རང་གི་ལུས་འདི་ཡང་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་དུ་ཡོད་པའི་ལུས་དབུས་སུ་རྩ་དབུ་མ་དང༌། དེ་ལས་གྱེས་པའི་འཁོར་ལོ་བཞི་པོ་གདུགས་ཀྱི་རྩི་བསམ་ལྟ་བུ།"[༡༧] ལྟེ་བ་སྤྲུལ་པའི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་བཅས་གསལ་གདབ་བོ། །
"སླར་ཡང་བདུད་རྩིའི་རྒྱུན་སྔར་ལྟར་བབ་པས། རང་གི་ལུས་སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་ནས་བཟུང་སྟེ་རྩ་འཁོར་ལོ་བཞི་པོ་ཐམས་ཅད་དང༌། དེ་ལས་གྱེས་པའི་ལུས་ཀྱི་ནང་ཐམས་ཅད་རྐང་ལག་གི་སོར་མོའི་རྩེ་ཚུན་ཆད། ཤེས་བུམ་འོ་མས་གང་བ་ལྟར་བདུད་རྩིའི་རྒྱུན་གྱིས་སྐྱ་ལྟེམ་མེ་གང༌། བུམ་དབང༌། གསང་དབང་། ཤེར་དབང༌། ཚིག་དབང་རིན་པོ་ཆེ་སྟེ་དབང་བཞི་ཐོབ།"[༡༨] "ལས་ཀྱི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ། བག་ཆགས་ཀྱི་སྒྲིག་པ་སྟེ་སྒྲིབ་པ་བཞི་དག་པ། དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ། ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུ་སྟེ་སྐུ་བཞིའི་གོ་འཕང་རྒྱུད་ལ་བཞག་པར་བསམ།"[༡༩]
༤.༡.༣ རང་གཞན་དོན་གཉིས་ཀྱི་དམིགས་པ།
[རྩོམ་སྒྲིག]གནོང་འགྱོད་ཀྱི་ཚིག་བརྗོད་མ་ཐག་ཏུ། "བླ་མ་རྡོ་རྗེ་སེམས་དཔའ་དགྱེས་བཞིན་ཞལ་འཛུམ་པ་དང་བཅས་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ཏེ་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་གྱིས་རང་ཉིད་སྔར་བསྐྱེད་པ་དང་འདྲ་བའི་རྡོ་རྗེ་སེམས་དཔར་གནས་འགྱུར།"[༢༠]
རང་དོན་གྱི་དམིགས་པ་ནི། "དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཡུངས་འབྲུ་གླེབས་པ་ཙམ་གྱི་སྟེང་དུ། དབུས་སུ་ཧཱུྃ་མཐིང་ག་དེའི་མདུན་དུ་ཨོཾ་དཀར་པོ། གཡས་སུ་བཛྲ་སེར་པོ། རྒྱབ་ཏུ་ས་དམར་པོ། གཡོན་དུ་ཏྭ་ལྗང་གུ་རྣམས་གསལ་ནས། །ཨོཾ་བཛྲས་ཏྭ་ཧཱུྃ། ཞེས་བཟླས་པ་དང་མཉམ་དུ་ཡིག་འབྲུ་ལྔ་པོ་ལས། འོད་ཟེར་ཁ་དོག་དཀར་སེར་དམར་ལྗང་མཐིང་ག་ལྔ་ཡར་འཕྲོས།"[༢༡] "དེའི་རྩེ་ལ་སྒེག་སོགས་འདོད་ཡོན་གྱི་ལྷ་མོ་རྣམས་ཀྱི་ཕྱག་ན་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འཕེན་གདུགས། རྒྱལ་མཚན། བླ་རེ། གསེར་གྱི་འཁོར་ལོ་རྩིབས་སྟོང༌། དུང་དཀར་གཡས་སུ་འཁྱིལ་བ་ལ་སོགས་མཆོད་རྫས་དཔག་ཏུ་མེད་པ་སྤྲོས་ནས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་བསམ་གྱིས་མི་ཁྱབ་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ།"[༢༢] "ཚོགས་རྫོགས་སྒྲིབ་པ་དག་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བྱུང་ནས་རང་ལ་ཐིམ་པས། མཆོག་ཐུན་མོང་གི་དངོས་གྲུབ་ལམ་དང་འབྲེལ་བ་རིག་འཛིན་བཞི་དང༌། མཐར་ཐུག་གི་འབྲས་བུ་མི་སློབ་ཟུང་འཇུག་གི་གོ་འཕང་མངོན་དུ་གྱུར་པར་བསམ་པ་དེ། རང་དོན་ཆོས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན།"[༢༣]
གཞན་དོན་གྱི་དམིགས་པ་ནི། "ཡང་ཡིག་འབྲུ་ལྔ་པོ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བརྒྱ་སྟོང་གྲངས་མེད་པ་མར་འཕྲོས། ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག། དེ་རྣམས་ཀྱི་རྒྱུད་ལ་ཡོད་པའི་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་དང་བཅས་པ་ཐམས་ཅད་མུན་པར་ཉི་མ་ཤར་བ་ལྟར་སངས་སངས་དག།"[༢༤] "ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བའི་ཞིང་ཁམས་དང༌། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའ་དཀར་སེར་དམར་ལྗང་མཐིང་ག་ལྔའི་རང་བཞིན་དུ་གྱུར་ནས། དེ་ཐམས་ཅད་ཀྱི་ཞལ་ནས། ཨོཾ་བཛྲ་སཏ་ཧཱུྃ། ཞེས་འུར་དི་རི་རི་སྒྲོག་པར་བསམ་ནས་བཟླ་བ་ནི། གཞན་དོན་གཟུགས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན།"[༢༥]
"དེ་ལྟར་ཡང་ཆོས་སྤྱོད་བག་ཆགས་རང་གྲོལ་ལས། འཕྲོ་འདུས་དོན་གཉིས་བྱས་ནས་རྟོག་སྒྲིབ་སྦྱངས། །ཞེས་གསུངས་པ་ཡང་འདི་ལྟ་བུའི་དམིགས་གནད་ལ་ཟེར་བ་ཡིན།"[༢༦] དེས་ན་རང་དོན་དང་གཞན་དོན་གྱི་དམིགས་པ་གཉིས་ཀ་གལ་ཆེའོ། །
༤.༢ བཟླས་པའི་གྲངས་དང་ཚུལ།
[རྩོམ་སྒྲིག]བཟླས་པའི་གྲངས་ལ་ཉུང་མཐའ་དང་མང་མཐའི་ཁྱད་པར་ཡོད་དེ། ཉུང་མཐའ་ནི། "དུས་གཅིག་ལ་ཡི་གེ་བརྒྱ་པ་ལན་བརྒྱ་རྩ་བརྒྱད་བཟླས་ན་སྔར་བྱས་ཀྱི་སྡིག་སྒྲིབ་དང་ཉམས་ཆག་ཐམས་ཅད་ངེས་པར་དག་པ་བླ་མ་རྡོ་རྗེ་སེམས་དཔའི་ཞལ་གྱིས་བཞེས་པ་ཡིན།"[༢༧] ཞེས་གསུངས་པ་ལྟར་རོ།།
ཉིན་རེ་བཞིན་གྱི་ཉམས་ལེན་ལ། "ཉིན་རེ་བཞིན་རྡོ་རྗེ་སེམས་དཔའ་བསྒོམས་ནས་ཡི་གེ་བརྒྱ་པ་ཉི་ཤུ་རྩ་གཅིག་རེ་བཟླས་ན། དེས་ལྟུང་བ་བྱིན་གྱིས་བརླབས་པ་ཞེས་བྱ་སྟེ། ལྟུང་བ་བྱུང་བའི་རྣམ་སྨིན་གོང་དུ་འཕེལ་འགྲོ་རྒྱུ་མེད་པ།"[༢༨] ཞེས་གསུངས། མང་མཐའ་ནི། "ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་བཟླས་ན་ལྟུང་བ་ཐམས་ཅད་རྩ་བ་ནས་དག་པར་སྙིང་པོ་རྒྱན་ལས་གསུངས་ཏེ། པད་དཀར་ཟླ་བའི་གདན་གནས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཏེ། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་རེ་བཟླས་གྱུར་ན། །ལྟུང་སོགས་བྱིན་གྱིས་བརླབས་འགྱུར་ཕྱིར། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱི་བཤད་པས། །རྟག་པར་དུ་ནི་ཉམས་སུ་བླང༌། །འབུམ་ཕྲག་གཅིག་ཏུ་བཟླས་བྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས།"[༢༩]
བཟླས་པའི་ཚུལ་ལ། "རྒྱུད་ལས་ཀྱང༌། གལ་ཏེ་ཏིང་འཛིན་འདི་མེད་ན། །རྒྱ་མཚོའི་འཇིང་གི་ཕ་ཝོང་བཞིན། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་དང༌། དེ་བཞིན་དུ་དག་དང་མ་དག་སྟོང་འགྱུར་ཡིན། །ཏིང་འཛིན་ཡོད་མེད་འབུམ་འགྱུར་ཡིན། །ཞེས་གསུངས།"[༣༠] དེས་ན་སེམས་དམིགས་པ་ལས་མ་ཡེངས་པར་བཟླས་པ་གལ་ཆེའོ།། རྗེ་བླ་མའི་ཞལ་ནས། "གཞན་ལ་སྲུང་སྐྱོབ་བྱེད་པ་དང༌། དཀོར་ཟ་བ་རྣམས་ཀྱིས་དང་པོ་རང་གི་ངག་སྒྲིབ་སྦྱོང་བ་ལ་ཡིག་བརྒྱ་འབུམ་ཐེར་བརྒྱ་རེ་མཐོན་པའི་ཐབས་མེད་ཅེས་གསུངས་ཏེ། རྗེའི་ཞལ་སློབ་ཏུ་གྱུར་པ་ལ། ཡིག་བརྒྱ་འབུམ་ཕྲག་ཉིས་བརྒྱ་རེ་དང་བརྒྱ་རེ་ཐུབ་པ་དུ་མ་ཡོད་ཅིང༌། ཐ་མ་རྣམས་ཀྱང་ཡིག་བརྒྱ་འབུམ་ཕྲག་གཉིས་གསུམ་རེ་མ་སོང་བ་ནི་སུ་ཡང་མེད་པ་ལྟ་བུ་ཡིན་ནོ། །"[༣༡]
༤.༣ ཐུན་མཚམས་སུ་བྱ་བ།
[རྩོམ་སྒྲིག]ཐུན་བསྡུ་བའི་ཚེ། "ཕྱི་སྣོད་ཀྱི་འཇིག་རྟེན་མངོན་དགའི་ཞིང་དུ་སྣང་བ་ཐམས་ཅད་ནང་བཅུད་ཀྱི་རྡོར་སེམས་རིགས་ལྔའི་ལྷ་ཚོགས་ལ་བསྡུ། དེ་རྣམས་ཀྱང་རིམ་གྱིས་འོད་དུ་ཡལ་ནས་རང་ལ་བསྡུ། རང་ཡང་མཐའ་ནས་རིམ་གྱིས་འོད་དུ་ཡལ་ནས་ཐུགས་ཀའི་ཨོཾ་ལ་ཐིམ། ཨོཾ་བཛྲ་ལ། བཛྲ་ས་ལ། སཏ་ལ། ཏ་ཧཱུྃ་གི་ཞབས་ཀྱུ། འ་ཆུང་ཧ་ཁོག། མགོ་བོ་ཟླ་ཚེས་ཐིག་ལེ་ནཱ་དའི་བར་རིམ་བཞིན་ཐིམ་ནས། ནཱ་ད་ཡང་ནམ་མཁར་འཇའ་ཚོན་ཡལ་བ་ལྟར་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་ལ་དར་ཅིག་ལྷོད་དེ་མཉམ་པར་བཞག"[༣༢]
སྤྲོས་བྲལ་གྱི་ངང་ལས་སླར་ལྡང་བའི་ཚེ། "དེ་ནས་ཡང་རྣམ་རྟོག་ཅིག་འཆར་བ་རྩོམ་པ་ན། སླར་ཡང་སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་བཀྲ་ལམ་གྱིས་གསལ་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །སོགས་བསྔོ་བ་དང་སྨོན་ལམ་བྱ།"[༣༣]
དེ་ལྟར་བསྒོམས་པས་"དམིགས་པའི་གནད་འདི་ལྟ་བུ་ལ་བརྟེན་ནས་གསང་སྔགས་རྡོ་རྗེ་ཐེག་པ་ཐབས་མཁས་པའི་གནད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཡང་སྐད་ཅིག་མ་རེ་ལ་རྫོགས་ཤིང༌། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྱི་དོན་ཡང་མཉམ་དུ་བསྒྲུབ་ནུས་པ་ཡིན།"[༣༤]
༥། སྒོམ་བཟླས་ཀྱི་ཕན་ཡོན།
[རྩོམ་སྒྲིག]༥.༡ སྡིག་སྒྲིབ་དག་པའི་ཕན་ཡོན།
[རྩོམ་སྒྲིག]སྔོན་གྱི་དམ་པ་རྣམས་ཀྱིས། "སྤྱིར་སྡིག་པ་ལ་ཡོན་ཏན་མེད་ཀྱང༌། བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན་གསུངས།"[༣༥] ཡིག་བརྒྱ་བཟླས་པས་སྡིག་པ་ཅི་ཙམ་ཚབས་ཆེ་ཡང་དག་པར་འགྱུར་ཏེ། "ཕྱི་སོ་ཐར་གྱི་སྡོམ་པ་དང་འགལ་བ། ནང་བྱང་ཆུབ་སེམས་ཀྱི་བསླབ་བྱ་དང་འགལ་བ། གསང་བ་སྔགས་ཀྱི་དམ་ཚིག་ཉམས་པ་སོགས་སྡིག་པའི་ལས་ཅི་ཙམ་ཚབས་ཆེ་ཡང༌། བཤགས་པས་མི་འདག་པ་མེད།"[༣༦] དཔེར་ན། "བྲམ་ཟེའི་ཁྱེའུ་མི་གདུང་བའམ་སོར་མོའི་ཕྲེང་བ་ཅན་གྱི་མི་སྟོང་དགུ་བརྒྱ་གོ་དགུ་བསད་པ་ཡང༌། བཤགས་པས་སོར་ཆུད་དེ་ཚེ་དེ་ལ་དགྲ་བཅོམ་པའི་གོ་འཕང་ཐོབ། རྒྱལ་པོ་མ་སྐྱེས་དགྲས་རང་གི་ཕ་བསད་པ་ཡང་ཕྱིས་བཤགས་པས་སོར་ཆུད་དེ། དམྱལ་བ་དར་གྱི་ཕོ་ལང་བརྡབས་པ་ཙམ་མྱངས་ནས་ཐར་པ་སོགས་དུ་མ་རྫོགས་པའི་སངས་རྒྱས་ཀྱིས་མདོ་སྡེ་རྣམས་ལས་གསུངས།"[༣༧] མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། "གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས།"[༣༨] རྗེ་མི་ལའི་ཞལ་ནས། "སྡིག་བཤགས་པས་ཨེ་འདག་སྙམ་པ་ན། །དགེ་བ་དྲན་ན་འདག་པ་ཡིན། །ཞེས་གསུངས།"[༣༩] དེས་ན་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་ན་སྡིག་སྒྲིབ་ཐམས་ཅད་དག་པར་འགྱུར་རོ། །དྭགས་པོ་རིན་པོ་ཆེའི་སློབ་མ་ཞིག་གིས་སྔར་གསུང་རབ་ཀྱི་བླུས་ཟོས་པ་དྲན་ནས་འགྱོད་དེ་ཞུས་པས། གསུང་རབ་བཞེངས་པ་ལ་རྣམ་གཡེང་མང་དུ་བྱུང་བས། "སྔར་བྱས་པའི་སྡིག་པའི་ཕུང་པོ་རི་རམ་ཙམ་ཡོད་ཀྱང༌། ངོ་བོ་མཐོང་བའི་སྐད་ཅིག་ལ་འདག་པ་ཡིན་གསུངས།"[༤༠] དེས་ན་སྡིག་སྦྱོང་གི་ཐབས་ཟབ་མོ་ཡིན་ནོ། །
༥.༢ ཉམས་ཆགས་སྦྱོང་བའི་ཕན་ཡོན།
[རྩོམ་སྒྲིག]གསང་སྔགས་ཀྱི་དམ་ཚིག་ཉམས་པ་རྣམས་ཀྱང་ཡིག་བརྒྱ་བཟླས་པས་དག་པར་འགྱུར་ཏེ། ཉན་ཐོས་ཀྱི་ལུགས་ལ་རྩ་ལྟུང་བྱུང་ན་རྫ་བེའུ་ཆག་པ་ལྟར་སླར་གསོ་བའི་ཐབས་མེད། བྱང་སྡོམ་ནི་རིན་པོ་ཆེའི་ཉེར་སྤྱད་ཆག་པ་ལྟར་གཞན་ལ་བརྟེན་ནས་གསོ་དགོས། "གསང་སྔགས་ཀྱི་སྡོམ་པ་ནི་རིན་པོ་ཆེའི་ཉེར་སྤྱད་ཅུང་ཟད་ཞོམ་པ་དང་འདྲ་སྟེ། རང་ཉིད་ཀྱིས་ཀྱང་ལྷ་སྔགས་ཏིང་འཛིན་ལ་བརྟེན་ནས་བཤགས་པ་བྱས་ཀྱང་ལྷག་མ་མེད་པར་དག་པར་གསུངས་པ་ཡིན།"[༤༡] "དེ་ཡང་འཕྲལ་དང་འབྲལ་དུ་བཤགས་ན་འདག་སླ་སྟེ། ཡུན་ལོན་ནས་ནི་ཉེས་པ་གོང་ནས་གོང་དུ་འཕེལ་བ་ཡིན་པས་བཤགས་ལྷག་པར་དཀའ་ཞིང༌། ལོ་གསུམ་འདས་ཕན་ཆད་བཤགས་པའི་ཡུལ་ལས་འདས་པས་བཤགས་པ་བྱས་ཀྱང་མི་འདག་པར་གསུངས་སོ། །"[༤༢]
གསང་སྔགས་ཀྱི་དམ་ཚིག་ནི་"ཕྲ་ཞིང་གྲངས་མང་ལ་སྲུང་དཀའ་བ་ཡིན་པས། ཇོ་བོ་ལྷ་གཅིག་ལྟ་བུས་ཀྱང༌། སྔགས་ལ་ཞུགས་པའི་དུས་ཉེས་པ་ཅར་རྒྱག་ཉར་རྒྱག་བྱུང་གསུངས།"[༤༣] རྒྱུད་ལས། "རྡོ་རྗེ་སྲིན་པོས་སྙིང་ཁྲག་འཐུང་བ་དང༌། །ཚེ་ཐུང་ནད་མང་ནོར་ཡལ་དགྲས་འཇིགས་དང༌། །མནར་མེད་དམྱལ་བ་ཤིན་ཏུ་སྐྱི་གཡའ་བར། །སྡུག་བསྔལ་མི་བཟད་ཡུན་རིང་གནས་པར་འགྱུར། །ཞེས་གསུངས།"[༤༤] དེས་ན་ཉམས་ཆགས་བྱུང་ན་མྱུར་དུ་བཤགས་དགོས་སོ།། སྔགས་ལ་ཞུགས་པའི་སྐྱེས་བུ་ནི། "སྔགས་ལ་ཞུགས་པའི་སྐྱེས་བུ་ངན་སོང་དང༌། །སངས་རྒྱས་གཉིས་ལས་འགྲོ་ས་གསུམ་པ་མེད། །ཅེས་གསུངས།"[༤༥] དེས་ན་དམ་ཚིག་སྲུང་བ་ལ་འབད་དགོས་ཤིང་། ཉམས་ན་ཡིག་བརྒྱས་བཤགས་པ་བྱེད་དགོས་སོ། །
༥.༣ དངོས་གྲུབ་ཐོབ་པའི་ཕན་ཡོན།
[རྩོམ་སྒྲིག]དྲི་མེད་བཤགས་རྒྱུད་ལས། "རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་འདི་ལའང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་སྲུང་སྐྱོབ་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་པ་གདོན་མི་ཟའོ། །"[༤༦]
ངག་གི་ནུས་པ་དང་བྱིན་རླབས་འབྱུང་བའི་ཕན་ཡོན་ཡང་ཡོད་དེ། "ངག་ནུས་དང་བྱིན་རླབས་ཀྱི་སྒོ་ནས་གཞན་གྱི་སྲུང་སྐྱོབ་བྱེད་པ་དང༌། སད་སེར་དང་ནད་ཡམས་གཅོད་པ། ནད་པ་དང་སྲིའུ་གསོ་བ་སོགས་རང་དོན་དང་གཞན་དོན་སྦྲེལ་མར་བྱེད་པ་རྣམས་ཀྱང༌། ངག་ནུས་དང་བྱིན་རླབས་ཡོད་པར་བྱེད་པ་ལ། ངག་གི་སྒྲིབ་པ་དག་དགོས་ཤིང༌། ངག་གི་སྒྲིབ་པ་དག་པར་བྱེད་པ་ལ་སྙིང་པོ་ཡི་གེ་བརྒྱ་པ་ལས་ལྷག་པ་སུ་ཡང་མེད།"[༤༧] སྤྱོད་འཇུག་ལས། "སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང༌། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བསྟེན་ནས་ཡུད་ཀྱིས་གྲོལ་འགྱུར་ན། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་འགྱུར། །ཞེས་གསུངས།"[༤༨]
མདོར་ན། "བླ་མ་རྡོ་རྗེ་སེམས་དཔའ་ནི། རིགས་བརྒྱ་རིགས་གཅིག་ཏུ་འདུས་པའི་རང་བཞིན། གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། ཡི་དམ་གྱི་ལྷ་ཞི་ཁྲོ་རབ་འབྱམས་བསམ་གྱིས་མི་ཁྱབ་པ་དག་ཀྱང༌། རྡོ་རྗེ་སེམས་དཔའ་ལ་མ་འདུས་པ་མེད། ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་དུ་བསྒོམས་པས། བླ་མའི་རྣལ་འབྱོར་ཀྱང་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་པ་ཞེས་ཤིན་ཏུ་ཟབ་པའི་མཐར་ཐུག་པ་ཡིན། སྔགས་ཀྱང་སྙིང་པོ་ཡི་གེ་བརྒྱ་པ་ལས་ལྷག་པ་མེད་ཚུལ་སྔར་བཤད་པ་ལྟར་ཡིན་པས། འདི་ལས་ཟབ་པའི་ཆོས་ནི་གང་ན་ཡང་མེད་པར་ཤེས་པར་བྱའོ།"[༤༩]
མཇུག་བསྡུ་བ།
[རྩོམ་སྒྲིག]རྡོ་རྗེ་སེམས་དཔའི་ཡིག་བརྒྱ་འདི་ནི་སྒྲིབ་པ་སྦྱོང་བའི་ཐབས་མཆོག་ཏུ་གྱུར་པ་ཞིག་ཡིན་ཏེ། གཉེན་པོ་སྟོབས་བཞི་དང་ལྡན་པའི་སྒོ་ནས་བསྒོམས་ན་སྡིག་སྒྲིབ་དང་ཉམས་ཆག་ཐམས་ཅད་དག་པར་འགྱུར་རོ། །དེས་ན་སྔགས་པ་རྣམས་ཀྱིས་དུས་རྒྱུན་དུ་འདི་ལ་འབད་པ་གལ་ཆེ་བར་རྫ་དཔལ་སྤྲུལ་རིན་པོ་ཆེས་གསུངས་སོ། །
"ཕན་པའི་གདམས་ངག་ཐོས་ཀྱང་ཚིག་ཏུ་ལུས། །ཅུང་ཟད་ཉམས་སུ་བླངས་ཀྱང་གཡེང་བས་བསླུས། །བདག་དང་བདག་འདྲར་འཁྲུལ་གཟུགས་སེམས་ཅན་རྣམས། །བསྐྱེད་རྫོགས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །"[༥༠] ཞེས་པའི་སྨོན་ལམ་གྱིས་མཇུག་བསྡུའོ།།
ཆོས་ཚན་འདི་དང་འབྲེལ་ཡོད་དྲ་ཐག་ཁག
[རྩོམ་སྒྲིག]༡༽ ཡིག་བརྒྱའི་འགྲེལ་པ། པཎ་ཆེན་བློ་བཟང་ཆོས་རྒྱན།
༢༽ ཡིག་བརྒྱའི་གོ་དོན་ཉུང་ངུ་། སི་ཏུ་ཆོས་ཀྱི་འབྱུང་གནས།
༣༽ རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཨ་ཁུ་ཤེས་རབ་རྒྱ་མཚོ།
ལུང་ཁུངས།
[རྩོམ་སྒྲིག]- ↑ རྫ་དཔལ་སྤྲུལ། ཀུན་བཟང་བླ་མའི་ཞལ་ལུང། Wikisource
- ↑ རྫ་དཔལ་སྤྲུལ། དྲི་མེད་བཤགས་རྒྱུད། ཀུན་བཟང་བླ་མའི་ཞལ་ལུང་དུ་དྲངས། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ སྙིང་པོ་རྒྱན། (རྫ་དཔལ་སྤྲུལ་གྱིས་དྲངས་པ།) Wikisource
- ↑ རྒྱུད། (རྫ་དཔལ་སྤྲུལ་གྱིས་དྲངས་པ།) Wikisource
- ↑ རྗེ་བླ་མ། (རྫ་དཔལ་སྤྲུལ་གྱིས་དྲངས་པ།) Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ སྔོན་གྱི་དམ་པ་རྣམས། (རྫ་དཔལ་སྤྲུལ་གྱིས་དྲངས་པ།) Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ མགོན་པོ་ཀླུ་སྒྲུབ། (རྫ་དཔལ་སྤྲུལ་གྱིས་དྲངས་པ།) Wikisource
- ↑ རྗེ་མི་ལ་རས་པ། (རྫ་དཔལ་སྤྲུལ་གྱིས་དྲངས་པ།) Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ (རྫ་དཔལ་སྤྲུལ་གྱིས་དྲངས་པ།) Wikisource
- ↑ རྒྱུད། (རྫ་དཔལ་སྤྲུལ་གྱིས་དྲངས་པ།) Wikisource
- ↑ ཡོན་ཏན་མཛོད། (རྫ་དཔལ་སྤྲུལ་གྱིས་དྲངས་པ།) Wikisource
- ↑ དྲི་མེད་བཤགས་རྒྱུད། (རྫ་དཔལ་སྤྲུལ་གྱིས་དྲངས་པ།) Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ ཤཱནྟི་དེ་ཝ། སྤྱོད་འཇུག (རྫ་དཔལ་སྤྲུལ་གྱིས་དྲངས་པ།) Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource
- ↑ རྫ་དཔལ་སྤྲུལ་རིན་པོ་ཆེ། ཀུན་བཟང་བླ་མའི་ཞལ་ལུང་། Wikisource