ཡི་དྭགས་

ཡི་དྭགས་(ལེགས་སྦྱར་སྐད: प्रेतཔྲེ་ཏ)ནི་ཧིན་རྡུ་ཆོས་ལུགས་དང་ནང་བསྟན་ཁྲོད་རང་བྱུང་ལས་འདས་པའི་སྐྱེ་དངོས་ཤིག་ཡིན། ཁོ་ཚོ་ནི་མིའི་རིགས་ལས་སྡུག་བསྔལ་ཆེ་བ་དང་།ལྷག་པར་དུ་བཀྲེས་ལྟོགས་དང་སྐོམ་པས་ཆུ་འདོད་པ་རེད།
ཡི་དྭགས་ཞེས་པ་ནི་ངན་འགྲོ་གསུམ་གྱི་ནང་གསེས་ཤིག་སྟེ། སེར་སྣ་དང་མ་སྦྱིན་པའི་ལས་ཀྱིས་སྡུག་བསྔལ་ཆེན་པོ་མྱོང་བའི་སེམས་ཅན་ཞིག་ལ་ཟེར།
སྒྲ་བཤད།
[རྩོམ་སྒྲིག]ཡི་དྭགས་ཞེས་པའི་སྒྲ་འདི་རྒྱ་གར་སྐད་དུ་པྲི་ཏ་(Preta)ཞེས་ཟེར་ཞིང་། པྲི་ཏ་ཞེས་བཀྲེས་ཤིང་གདུང་བས་ན་ཡི་དྭགས་ཞེས་གསུངས་པ་ལྟར། བཀྲེས་སྐོམ་གྱི་སྡུག་བསྔལ་གྱིས་ཤིན་ཏུ་གདུངས་པའི་སེམས་ཅན་ལ་བརྗོད།
རིག་དྲུག་གི་ནང་གསེས་སུ་ཡོད་ཚུལ།
[རྩོམ་སྒྲིག]ཡི་དྭགས་ནི་སྲིད་པ་རིག་དྲུག་གི་ཁོངས་ངན་འགྲོ་གསུམ་གྱི་ནང་གསེས་ཤིག་ཡིན་ཏེ། "དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་མི་འབྱུང་བ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་འདི་དག་སྤངས་པས་དལ་བའོ། །"[༡]ཞེས་གསུངས་པ་ལྟར། མི་ཁོམ་པ་བརྒྱད་ཀྱི་ནང་དུ་དམྱལ་བ་དང་མཉམ་དུ་དྲངས་ཡོད།
དབྱེ་བ།
[རྩོམ་སྒྲིག]ཕྱིའི་སྒྲིབ་པ་ཅན། ཕྱི་རོལ་གྱི་རྐྱེན་གྱིས་ཟས་སྐོམ་ལ་ལོངས་སྤྱོད་མི་ནུས་པ་སྟེ། "གཙོ་བོ་རྣམས་གཤིན་རྗེར་གཏོགས་པ་གཞན་སྲོག་ གིས་འཚོ་བ་དང་ཕལ་བ་རྣམས་ཕྱིའི་སྒྲིབ་པ་ཅན་ལ་སོགས་པ་སྟེ། ཏཱའ་ལ་ཡ་ཐོག་བསྐམས་འདྲའི་ཡི་དྭགས་གཟུགས། །བལྟས་པ་ཙམ་གྱིས་ཆུ་རླུང་རྒྱུན་སྐེམ་ཞིང༌། །ལྗོན་ཤིང་འབྲས་བུ་མེད་འགྱུར་དེ་དག་གོ །"[༢]ཞེས་གསུངས་པ་ལྟར། དེ་རྣམས་མཐོང་བ་ཙམ་གྱིས་ཆུ་རླུང་དང་ཤིང་འབྲས་སོགས་ཀྱང་འགྲིབ་པར་འགྱུར།
ནང་གི་སྒྲིབ་པ་ཅན། རང་ཉིད་ཀྱི་ལུས་ལ་གནོད་འཚེའི་རྐྱེན་ཡོད་པ་སྟེ། "ཟས་སྐོམ་ཅུང་ཟད་རེ་རྙེད་ཀྱང་ཁ་ཁབ་མིག་ལྟར་དོག་པ་དང༌། མགྲིན་པ་རྟ་རྔ་ལྟར་ཕྲ་བས་མི་ཆུད་པ་དང་ཅུང་ཟད་ཆུད་ཀྱང་ལྟོ་བ་ཡུལ་ལྗོངས་ལྟར་ཡངས་པ་མི་ཁེངས་པ་དང༌། ལྟོ་བདེ་ཙམ་ལྟོ་བར་སོང་ཡང་དེ་ལ་མེ་འབར་བས་གློ་སྙིང་སོགས་ནང་ཁྲོལ་ཐམས་ཅད་བསྲེག་པས་སྡུག་བསྔལ་བ་"[༣]ཞེས་གསུངས།
སྒོས་ཁུར་གྱི་སྒྲིབ་པ་ཅན། "སྒོས་ཁུར་གྱི་སྒྲིབ་པ་ཅན་ནི་ཡི་དྭགས་རེ་རེའི་ལུས་ལ་གཞན་མང་པོས་ཚང་བཅས་ནས་ཟ་བར་བྱེད་པ་ལ་སོགས་པ་"[༤]ཞེས་གསུངས་པ་ལྟར་ཕན་ཚུན་འཛིང་འཐབ་བྱས་ཏེ་རྨ་བའི་རྣག་ཁྲག་གིས་འཚོ་བ་རྣམས་སོ།
སྡུག་བསྔལ།
[རྩོམ་སྒྲིག]བཀྲེས་སྐོམ་གྱི་སྡུག་བསྔལ། ཡི་དྭགས་རྣམས་ཀྱི་གཙོ་བོའི་སྡུག་བསྔལ་ནི་བཀྲེས་སྐོམ་ཡིན་ཏེ། "བདག་ཅག་བཀྲེས་སོ། །སྐོམ་མོ།"[༥] ཞེས་གསུངས་ཤིང་། ཟས་སྐོམ་རྙེད་པར་ཤིན་ཏུ་དཀའ་ལ། རྙེད་ཀྱང་ལོངས་སྤྱོད་མི་ནུས་པའི་སྡུག་བསྔལ་མྱོང་།
ལུས་ཀྱི་སྡུག་བསྔལ། "ཡི་དྭགས་ཁ་ནས་མེ་འབར་བ་ཡན་ལག་འཇག་མ་ལྟར་ཕྲ་བ་ལུས་རི་བོ་ཙམ་པ་"[༦]ཞེས་གསུངས་པ་ལྟར། ལུས་ཆེན་པོ་ཡིན་ཡང་ཡན་ལག་ཕྲ་མོ། ཁ་ནས་མེ་འབར་བ་སོགས་ཀྱི་སྡུག་བསྔལ་མྱོང་།
རྒྱུ་རྐྱེན།
[རྩོམ་སྒྲིག]སེར་སྣ་དང་དམ་བཅའ་བ། "ཟས་ལ་སོགས་པའི་དངོས་པོ་ཕལ་པ་ཅུང་ཟད་ལའང་ཡིད་ཀྱིས་སྦྱིན་པར་བསམ་བྱས་ནས་མི་གང་ཞིག་སླར་དེ་སྦྱིན་པར་མི་བྱེད་པ་དེ་ཡང་ཡི་དྭགས་ཀྱི་རྒྱུ་ཡིན་པར་དམ་པའི་ཆོས་དྲན་པ་ཉེར་གཞག་ལས། ཅུང་ཟད་ཙམ་བསམ་པ་ལས་མ་བྱིན་ན་ཡི་དྭགས་སུ་སྐྱེ་ལ། དམ་བཅས་པ་ལས་མ་བྱིན་ན་སེམས་ཅན་དམྱལ་བར་འགྲོའོ། །"[༧]ཞེས་གསུང་བ་ལྟར་ཡི་དྭགས་སུ་སྐྱེ་བའི་གཙོ་རྒྱུ་ནི་སེར་སྣའོ།
ལུས་ཚད་དང་ཚེ་ཚད།
[རྩོམ་སྒྲིག]ལུས་ཀྱི་ཚད། "རྒྱུ་གཞན་གྱི་ཟས་ནོར་ལ་རློམས་སེམས་དང་རང་གི་ཟས་ནོར་ལ་སེར་སྣ་བྱེད་པ་ལ་སོགས་པའི་འབྲས་བུ་རིམ་པར་ཕྱི་ནང་གི་སྒྲིབ་པ་ཅན་སོགས་ཀྱི་ཡི་དྭགས་ཏེ་དེ་ཡང་ལུས་ཀྱི་ཚད་ཉི་མའི་སྙིང་པོར་ཆུང་བ་མཐོ་གང་དང་ཆེ་བ་དཔག་ཚད་སྟོང་གི་བར་ཡོད་པར་གསུངས་ལ།"[༨] ཞེས་གསུངས།
ཚེ་ཚད། "ཚེ་ཚད། མིའི་ཟླ་བ་ལ་ཞག་ཏུ་བྱས་པའི་ལོ་ལྔ་བརྒྱ་སྟེ། ཟླ་བ་ཉིན་ཞག་གི་ལྔ་བརྒྱ།"[༩] ཞེས་གསུངས། དེ་ནི་མིའི་ཟླ་བ་གཅིག་ཡི་དྭགས་ཀྱི་ཉིན་གཅིག་དང་མཚུངས་པར་བྱས་ན་མིའི་ལོ་ལྔ་བརྒྱ་ཡི་དྭགས་ཀྱི་ལོ་གཅིག་ཡིན།
བསྡུས་དོན།
[རྩོམ་སྒྲིག]ཡི་དྭགས་ཞེས་པ་ནི་སེར་སྣ་དང་མ་སྦྱིན་པའི་ལས་ཀྱིས་སྐྱེས་ཏེ་བཀྲེས་སྐོམ་གྱི་སྡུག་བསྔལ་ཆེན་པོ་མྱོང་བའི་སེམས་ཅན་ཞིག་ལ་ཟེར། དེ་དག་ནི་ས་འོག་དཔག་ཚད་ལྔ་བརྒྱའི་གནས་སུ་གཙོ་བོར་གནས་ཤིང་། ཚེ་ཚད་ནི་མིའི་ལོ་ལྔ་བརྒྱ་ཡིན། ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། སྒོས་ཁུར་གྱི་སྒྲིབ་པ་ཅན་སོགས་སུ་དབྱེ། གཙོ་བོའི་རྒྱུ་ནི་སེར་སྣ་དང་དམ་བཅས་ནས་མ་སྦྱིན་པ་ཡིན་ལ། སྡུག་བསྔལ་གྱི་གཙོ་བོ་ནི་བཀྲེས་སྐོམ་དང་ལུས་ཀྱི་སྡུག་བསྔལ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། 8
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། 941
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 687
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 687
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། 945
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། 945
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། 51
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 685-686
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། 941