ཡར་དུང་

ཡོང་ཁུངས་Wikipedia
File:ཡར་དུང་།.jpg

ངོ་སྤྲོད་མདོར་བསྡུས།[རྩོམ་སྒྲིག]

ཡར་དུང་གི་མཚན་དངོས་ལ་ཉི་མ་ཚེ་རིང་ཞུ་བ་དང་། ཁོང་ནི་སྤྱི་ལོ༡༩༦༣ལོར་ཁམས་སྡེ་དགེ་རིག་པའི་འབྱུང་གནས་ཞེས་པར་སྐུ་འཁྲུངས། བོད་ཆོལ་ཁ་གསུམ་གྱི་ཡུལ་གྲུར་སྙན་པའི་གྲགས་པ་འབར་པའི་གླུ་བ་གྲགས་ཅན་ཞིག་ཡིན།

ལོ་རྒྱུས།[རྩོམ་སྒྲིག]

ལོ་ན་༡༢ལ་སོན་སྐབས་ཚེ་སྲོག་གནང་བའི་དྲིན་ཆེན་ཡབ་ཚེ་ལས་འདས་ཏེ་མ་བུ་གསུམ་ཤུལ་དུ་ལྷག་པས་དགའ་སྐྱོ་གཉིས་འདྲེས་ཀྱི་མི་ཚེ་འགྲོ་ལམ་བགྲོད་འགོ་བརྩམས། ཕ་མེད་པའི་བྱིས་པ་ཆུང་ངུ་ཞིག་ལ་མཚོན་ན་འགྲོ་འདུག་ཉལ་འཆག་སོགས་གང་ཅིའི་ཐད་ལ་བཟོད་མི་ཐུབ་པའི་དཀའ་ངལ་འཕྲད་མོད། ལས་ལ་བརྩོན་ཞིང་དཔའ་ངར་ཅན་གྱི་ཡུམ་གྱི་བྱམས་སྐྱོང་དང་སྐུལ་མ་ལ་བརྟེན་ནས་དཀའ་སྡུ་གི་མདུན་དུ་མགོ་བོ་མ་སྒུར་པར་མདུན་སྐྱོད་ཀྱི་གོམ་པ་རེ་རེ་བརྟན་པོས་སྤོས། གངས་རི་མཐོན་པོ་དང་རྩྭ་ཐང་ཡངས་མོ་ལས་བརྒལ་ཏེ་ཕྱི་རོལ་འཇིག་རྟེན་གྱི་ལྟད་མོ་མཐོང་ཐུབ་ན་མི་ཞེག་གི་ཐུགས་རྒྱ་དང་བསམ་རྒྱ་ཇེ་ཆེ་རུ་སོང་སྟེ་ཀུན་གྱིས་སྨོན་པའི་རེ་འབྲས་ཀྱང་སྨིན་ཐག་ཆོད་རེད། གནད་དེ་ལ་དགོངས་ནས་གོང་རིམ་གྱི་འགོ་ཁྲིད་དང་ཁྱིམ་མི་རྣམས་ཀྱི་དྲིན་ལས་ཁོ་རང་དམག་ནང་དུ་ཞུགས། དམག་ནང་ཞུགས་པའི་རིང་ཁོང་གིས་མི་རིགས་གཞན་གྱི་གླུ་གཞས་དང་བྲོ་གར་ལ་ཉམས་ལེན་བྱེད་པའི་གོ་སྐབས་ཐོབ་པས་ཉ་གསེར་མིག་ཅན་ཆུ་བོ་དང་འཕྲད་པ་ནང་བཞིན་རང་དགའ་རང་འདོད་ཀྱིས་གླུ་གཞས་འདྲ་མིན་སྣ་ཚོགས་ལེན་པའི་ལད་མོ་དང་འཚོལ་ཉུལ་བྱས། ཁོང་གི་སྐད་གསང་མཐོ་དམའ་སྦོམ་ཕྲ་གང་ལའང་འགག་ཐོག་མེད་པའི་ལྷན་སྐྱེས་ཀྱི་ངག་གི་རྩལ་དང་གླུ་ལེན་པར་དགའ་ཞིང་བྲོ་འཁྲབ་པར་མོས་པའི་གཤིས་ཀ་བཟང་པོ་ལ་ཀུན་གྱིས་དགའ་བསུ་ཆེན་པོ་བྱས། སྤྱི་ལོ༡༩༨༡ལོར་ཁོ་རང་དམག་དཔུང་ནས་ཕྱིར་ལོག་སྟེ་གོང་རིམ་གྱི་བཀའ་ལྟར་སྡེ་དགེ་རྫོང་ལུས་རྩལ་ཨུ་ལྷན་ཁང་དུ་ལས་ཀ་གཉེར། ཆུང་དུས་ནས་གླུ་དབྱངས་ལ་དགའ་ཞེན་ཆེ་བ་དང་ལྷན་སྐྱེས་ཀྱི་ཤེས་རབ་ཀྱང་མི་དམན་པ་ཐོབ་པས་གླུ་དང་རོལ་ཆ་པི་ཝང་རྒྱུད་དྲུག་མ་སོགས་གང་མང་ཞིག་ལ་རང་སྦྱོང་བྱས་པས་ཡུན་མི་རིང་བར་ཀུན་གྱི་ཧ་ལས་དགོས་པའི་འབྲས་བུ་སྨིན། ཕྱི་ནང་ཀུན་གྱི་ཁ་ཞེ་གཉིས་མེདཀྱི་བསྟོད་བསྔགས་དང་རང་ཉིད་ཀྱི་ཕྱིར་མི་ལྡོག་པའི་དགའ་ཞེན་གྱིས་རྗེས་སུ་དེད་པས་དེ་ནས་གླུ་དབྱངས་སྒྱུ་རྩལ་པ་ཞིག་བྱ་རྒྱུའི་རེ་འདུན་འཁྲུངས། འོན་ཀྱང་རེ་འདོན་ཡོད་པ་ཙམ་གྱིསབསམ་དོན་མི་འགྲུབ་ལ་ཕྱི་ནང་གི་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས་པས་ཁོང་གིས་ཐབས་སྣ་ཚོགས་སྤྱད་དེ་རླངས་འཁོར་ཞིག་ཉོས་ཏེ་ཞོར་དུ་ཤིང་ཆ་འདྲེན་བའི་ལས་ལ་འཇུག གླུ་དབྱངས་ལ་ལྷག་ཏུ་དུངས་བ་ལ་གནམ་རྒན་མ་ཡིས་ཐུགས་སུ་བསྒོམས་པ་ཡིན་ནམ་གླུ་ཡི་རྒྱལ་པོས་ཆེད་དུ་མགྲོན་དུ་གདན་འདྲེན་ཞུས་པ་ཡིན། གང་ལྟར་སྟབས་ལེགས་པ་ཞིག་ནི་ཁོ་རང་དར་མདོ་བརྒྱུད་དེ་ཡུལ་ཁྲི་འདུ་རུ་འགྲོ་སྐབས། དཀར་མཛེས་ཁུལ་གླུ་གར་ཚོགས་པའི་གྲོགས་པོ་ཞིག་གི་སར་པི་ཝང་དཀྲོལ་ཏེ་གླུ་ཞིག་བླངས་པས་ལྷན་དུ་ཞུགས་པའི་གྲོགས་པོ་རྣམས་ཧ་ལས་དགོས་པར་གྱུར་པ་མ་ཚད་སྐབས་དེས་དུས་ཀྱི་གླུ་གར་ཚོགས་པའི་ཚོགས་དཔོན་གྱི་ཡིད་སེམས་རབ་ཏུ་འཕྲོག་པས་གྲོགས་པོ་དང་འབྲེལ་ཡོད་སྐྱེས་ཆེན་རྣམས་ཀྱི་རྟིང་སྐུལ་དང་རོགས་རམ་ལ་བརྟེན་ནས་ཁོ་རང་གིས་དཀར་མཛེས་ཁུག་མང་ཚོགས་སྒྱུ་རྩལ་ཁང་དུ་ལས་དོན་གཉེར་བའི་གོ་སྐབས་ཪྙེད་པ་རེད། ཁོང་ལ་ཆ་བཞག་ན་དེ་ནི་ཡར་འགྲོ་མར་འགྲོའི་ས་མཚམས་སུ་རྟ་ཁ་སྲབ་ཀྱིས་བསྒྱུར་བའི་དུས་ཤིག་ཡིན་པས་སྒྱུ་རྩལ་གྱི་ཕོ་བྲང་ལ་འཛེག་བྱེད་ཀྱི་ཐེམ་སྐས་བརྟན་པོ་ཞིག་བཙུགས་ཏེ་གླུ་ཡི་རྒྱལ་སྲས་ཤིག་ཇ་དར་རྩེ་མདོ་ནས་དོན་དངོས་ཀྱིས་མཚར་ལོངས་འབྱུང་འགོ་བརྩམས། དེ་ནས་བག་ལ་ཉལ་བའི་སྒྱུ་རྩལ་གྱི་སྤོབས་པ་གློ་བུར་དུ་གཉིད་ལས་སད་པ་ལྟར་པི་ཝང་དང་ས་ཁེ་སི་སོགས་རོལ་ཆ་སྣ་ཚོགས་ལ་སྦྱངས་པ་བྱས་ཏེ་དེ་དག་གི་སྦྱང་བརྡར་འཛིན་གྲྭ་ཡང་བཙུགས་པས་མིང་དོན་གཉིས་ཀྱི་ཐོག་ནས་སྐད་གྲགས་ཆེ། ལོ་དེར་ཁོང་གིས་གངས་ཏི་སེའི་རོལ་དབྱངས་ཚོགས་པ་ཞེས་པ་ཞིག་གསར་དུ་བཙུགས་ནས་སི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་བོད་ཀྱི་ས་ཁུལ་དུ་བསྐོར་བསྐྱོད་འཁྲབ་སྟོན་བྱས་པས་དགའ་བསུ་རྒྱ་ཆེར་ཐོབ། ཉིན་མཚན་དབྱེར་མེད་དུ་དཀའ་ངལ་གྱི་རྔུལ་ཆུའི་ཐིགས་པ་རེ་རེ་ཟག་ཅིང་འཚོལ་སྙེག་གི་ཟུངས་ཁྲག་ཕངས་མེད་བཞུར་བའི་འབྲས་བུར་ཁོང་གི་ཆེས་ཐོག་མའི་ཆེད་སྒྲིག་རྒྱུད་ཐག་ལྡོམ་པོའི་སེམས་པ་ཞེས་པ་དེ་སི་ཁྲོན་ཞིང་ཆེན་རྒྱང་བསྒྲགས་གློག་འཕྲིན་ཁང་གིས་བསྐྲུན་སྤེལ་བྱས། གླུ་མ་རྒྱ་མོ་སྐྱིད་དང་མཉམ་ལེན་བྱས་པའི་གངས་རིའི་བརྩེ་གླུ་ཞེས་པ་མཚོ་སྔོན་མི་རིགས་ཁུན་ལུན་རི་བོ་སྒྲ་བཪྙན་ཁང་གིས་བསྐྲུན་སྤེལ་བྱས་པས་ཁོང་གི་རེ་འགར་གནམ་ས་འགུལ་བར་བྱས་པའི་མཐོ་ཞིང་བརྗིད་པའི་སྐད་གསང་མཐོན་པོ་དང་མཚམས་རེར་མཚོ་མོར་དར་ཁ་ཆགས་པའི་ལྷོད་ཅིང་འཇམ་པའི་འགྱུར་ཁུག་གིས་རྒྱ་བོད་མི་རིགས་ཀུན་གྱི་ཡིད་ཀྱི་དང་བ་དབང་མེད་དུ་འཕྲོག་སྟེ་ན་གཞོན་ཕོ་མོ་ཀུན་གྱི་དད་པའི་ཡུལ་དུ་གྱུར། གཡུར་དུ་ཟ་བའི་འབྲས་བུ་ལ་དམིགས་ནས་རྒྱལ་ཡོངས་དང་ཞིང་ཆེན་རིམ་པ་ཚུད་པའི་གླུ་པ་འགྲན་བསྡུར་གྱི་བྱ་དགའ་རིགས་བཅུ་ཕྲག་ལྷག་ཐོབ་མྱོང་ལ་གླུ་ལེན་ཙམ་དུ་མ་ཟད་པར་པི་ཝང་རྒྱུད་དྲུག་མ་དང་། ས་ཁི་སེ་སོགས་རོལ་ཆས་སྣ་ཚོགས་ཀྱི་འབུད་རྡུང་དཀྲོལ་བའི་རིག་རྩལ་ལ་རང་སྟོབས་ཀྱི་ཤེས་རབ་དང་ལྡན་པ་ཞིག་ཀྱང་ཡིན་ནོ།

File:ཡར་དུང་གི་བརྩམས་ཆོས།.jpg

སྒྱུ་རྩལ་ཐོག་གི་གྲུབ་འབྲས།[རྩོམ་སྒྲིག]

སྤྱི་ལོ་༡༩༩༥ལོར་ལྷོ་ནུབ་མཁའ་འགྲུལ་གཞུང་གཉེར་ཁང་གིས་ཆེད་དུ་གདན་འདྲེན་ཞུས་ཏེ་བཪྙན་འཕྲིན་གླུ་དབྱངས་ཐང་དཀར་རྒོད་པོ་ལ་འཁོར་བའི་སེམས་པ་ཞེས་པ་བཪྙན་འཕྲིན་དུ་ཕབ་རྗེས་བོད་རྒྱ་དང་ཕྱི་རྒྱལ་བ་ཚུད་པའི་ཉན་མཁན་དང་ལྟ་མཁན་མང་པོས་བསྔགས་བརྗོད་ཡང་ཡང་བྱས། སླར་ཀྲུང་དབྱང་བཪྙན་འཕྲིན་ཁང་གིས་ལོ་དེར་གཉེར་བའི་རྒྱལ་ཡོངས་ཀྱི་གླུ་དབྱངས་འགྲན་སྡུར་ཐོག་ཆེས་དགའ་བསུ་ཐོབ་པའི་ཀྲུང་གོའི་གླུ་དབྱངས་ཞེས་པར་འདེམས་ཐོན་བྱས་པ་མ་ཟད་གསེར་གྱི་རྟགས་མའི་བྱ་དགའ་ཡང་གནང་། ཁོང་གིས་སྔ་རྗེས་སུ་ ༼ཨ་མའི་པགས་ཚག༽ ༼བྱམས་སེམས་ཅན་གྱི་ཨ་མ༽ ༼དྲན་གདུང༽ ༼མདོ་དབུས་མཐོ་སྒང༽ ༼རྨི་ལམ་ནང་གི་སྒྲོལ་མ༽ ༼སྒྲོལ་མ༽ ༼བུ་མོ་ཟླ་བ་སྒྲོལ་མ༽ ༼ཟླ་འོད་ས་ལ་ལྷུང་བའི་སྒྲ་དབྱངས༽༼འཚོལ་ཉུལ༽ ༼གླིང་གེ་སེར་རྒྱལ་བོ༽ ༼བརྩེ་ལྡན་གྱི་ནུ་བོ༽ ༼ ལས་དབང ༽སོགས་ཤིན་དུ་མང་བའི་བརྩམས་ཆོས་སྐྱེས་སུ་འབུལ་མནང་ཡོད།