ཡར་ཀླུང་ཤེལ་བྲག་གི་གནས་ཡིག

ཡོང་ཁུངས་Wikipedia

༄༅།།ཡོན་ཏན་གནས་མཆོག་ཡར་ལུང་ཤེལ་བྲག་གི་གནས་ཡིག་ངོ་མཚར་ཡིད་འཕྲོག ། ཨོཾ་སྭཱསྟིདྡྷྃ། ཆོས་དབྱིངས་སྤྲོས་བྲལ་དྲི་མེད་དག་པའི་ཀློང། །རང་བཞིན་སྒྱུ་འཕྲུལ་འགགས་མེད་གཟུགས་པའི་གར།།དཔལ་ལྡན་སང་རྒྱས་མཐའ་མེད་འགྲོ་བའི་མགོན། །དབང་བཅུའི་བདག་ཉིད་བླ་མེད་སྟོན་མཆོག་རྒྱལ།།ཀུན་བཟང་ཀློང་ཆེན་རིན་འཛིན་ ཡོངས་ཀྱི་རྗེ། །སྙིགས་དུ་འགྲོ་ལ་ཐུགས་བརྩེའི་ཆུ་འཛིན་འཁྲིགས། །ཟབ་རྒྱས་ཆོས་ཀྱི་གྲུ་ཆར་ཚ་གདུང་བཀྲུ།།ཀུན་མཁྱེན་པདྨ་ཀཱ་རཱ་དུས་འདིར་དྲན།།གང་དེའི་གསང་གསུམ་སྒྱུུ་འཕྲུལ་ངུར་སྨིག་གར། །གསུང་དབྱངས་ཆོས་སྒྲས་འགྲོ་ཀུན་ཞི་བདེར་བཀྲི།།དཔལ་ལྡན་བླ་མ་རིགས་ཀུན་ཁྱབ་བདག་རྗེ། །ཚེ་དཔག་ཀུན་ཏུ་འབྲལ་མེད་སྤྱི་བོར་མཆོད། །ཅེས་མཆོད་ཚིག་མེ་ཏོག་གི་ཕྲེང་བ་མགྲིན་པའི་རྒྱན་དུ་སྤུས་ཏེ་ལེགས་པར་སྔོན་བསུས་ནས་འདིར་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་མཚོ་ལས་སྐྱེས་པའི་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱིས་གངས་ཅན་བོད་ཀྱི་ཡུལ་འདིར་ས་རྡོ་རི་བྲག་ཆུ་ཀླུང་ནགས་ཚལ་ཐམས་ཅད་བྱིན་གྱིས་བརླབས་ཅིང་ཆོས་ནོར་གཏེར་ཁ་ཀུན་གྱི་ཕྱུར་བུར་གཏམ་པའི་ནང་ནས།།ཁྱད་པར་འཇམ་པའི་སྐུའི་དབེན་གནས་སྒྲགས་ཀྱི་ཡང་རྫོང་། །པདྨ་གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུ།།ཡང་དག་ཐུགས་ཀྱི་དབེན་གནས་ལྷོ་བྲག་མཁར་ཆུ། །བདུད་རྩི་ཡོན་ཏན་གྱི་དབེན་གནས་ཡར་ཀླུངས་ཤེལ་བྲག།།ཕྲིན་ལས་ཕུར་བུའི་དབེན་གནས་མོན་ཁ་ཤྲི་རྫོང།།མ་མོ་རྦོད་གཏོང་གི་དབེན་གནས་ཡར་སྟོད་ཤམ་པོ། །འཇིག་རྟེན་མཆོད་སྟོད་ཀྱི་དབེན་གནས་སྤ་གྲོ་སྟག་ཚང། །སྨོད་པ་དྲག་སྔགས་ཀྱི་དབེན་གནས་བྲག་དམར་གཡའ་མ་ལུང་དང་བཅས་པའི་སྒྲུབ་གནས་ཆེན་པོ་བརྒྱད་ཀྱི་ནང་ནས་ལྷག་པར་ཡོན་ཏན་གྱི་དབེན་གནས་ཡར་ཀླུང་ཤེལ་གྱི་བྲག་ཕུག་འདི་ཉིད་ནི།བཀའ་ཐང་ལས། ཁྱད་པར་ཡར་ལུང་ཤེལ་གྱི་ བྲག་ཕུག་འདི༔ བདུད་རྩི་སྨན་སྒྲུབ་བྱས་པའི་གནས་ཡིན་པས༔ གསང་སྔགས་མཐར་ཕྱིན་ཨོ་རྒྱལ་ལྟ་བུ༔ཡ་མཚན་སྒྲུབ་ཁང་བྲག་ཕུག་ཁྱད་འཕགས་ཡོད༔ ཞི་ཁྲོ་སོགས་ཀྱི་གཞལ་ཡས་ཁང་མང་བཞུགས༔ བོད་འབངས་དགའ་དང་སྤྲོ་བར་གྱུར་པའི་བྲག༔ཡོན་ཏན་བརྒྱ་ལྡན་བསམ་ལས་འདས་པར་བརྗོད༔ དེ་ལ་གནས་ཚད་དུཿརུཥྐས་མི་ཕེབས༔གངས་དཀར་ཏི་སེ་ཙ་རི་ཟོམ་བུ་ལུང༔གནས་གཞན་ལ་ཡོན་ཏན་ཡོད་མོད་ཀྱང༔ བསམ་གྲུབ་ཤེལ་གྱི་བྲག་ཕུག་འཆར་མི་ཉེ༔ཨོ་རྒྱན་ཧེ་རུ་ཀ་དང་མཚུངས་དཔེར་བཞག་སྒྲུབ་པ་བྱས་ན་མི་འགྲུབ་གང་ཡང་མེད༔གནས་འབྲེལ་ཙམ་ཡང་རིག་འཛིན་གྲལ་ལ་ཚུད༔ ཕུང་པོ་བོར་ན་མཁའ་སྤྱོད་གནས་སུ་འགྲོ༔ ཚོགས་འཁོར་བྱས་ཚད་ཆུད་ཟོས་སོང་རེ་ཀན༔ཞེས་གསུང་པའི་སྒྲུབ་གནས་ཀུན་ལས་ཁྱད་པར་དུ་འཕགས་པ་འབྲེལ་ཚད་དོན་ལྡན་ཆེན་པོ་འདི་ཉིད་ནི།རྩོད་བྲལ་སྤྲུལ་པའི་གཏེར་ཆེན་མཆོག་འགྱུར་གླིང་པའི་ཟབ་གཏེར་ལས་ཀྱང་། ཡར་ལུང་ཤེལ་གྱི་བྲག་ཕུག་ཡོན་ཏན་གནས༔གནས་འབྲེལ་བྱས་ཚད་རིག་འཛིན་གྲལ་ལ་ཚུད༔ ཚོགས་འཁོར་བྱས་ན་ངན་སོང་སྐྱེ་སྒོ་ཆོད༔ ཕྱག་བསྐོར་གང་བྱས་ལས་ངན་སྡིག་སྒྲིབ་འདགས༔མཐོང་བ་ཙམ་གྱི་ཆོས་ཉིད་མངོན་འགྱུར་ ནས༔ རྩེ་གཅིག་སྒྲུབ་ན་མཆོག་ལ་ལྟ་ཅི་སྨོས༔ བསྟན་མ་བཅུ་གཉིས་ལྷན་ཅིག་བྲན་དུ་གནས༔མཐའ་དམག་བཟློག་པའི་ལས་རྣམས་འདི་ནས་བྱས༔ དེ་ལྟ་བུ་ཡི་ཡོན་ཏན་ལྡན་པའོ༔ དཀར་ཆག་ཐོབ་ལ་གཏེར་དུ་སྦས་པར་མཛོད༔མ་འོངས་འགྲོ་དོན་ཆེན་པོ་བྱུར་བར་ངེས༔ ལྷ་སྲས་ཡབ་ཡུམ་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་པ་ལྟར་གནས་སྐབས་ཀྱི་ཉེར་འཚེར་འགྱུར་པའི་དབྱར་དུས་ཀྱི་ཚ་གདུང་དང་སྡིག་སྤྲུལ་མུག་ལ་འདྲེ་ཤིག་ལ་སོགས་པའི་ཉེས་སྐྱོན་མེད་པའི་མཐུན་རྐྱེན་འཛོམ་ཞིང་རི་མཐོ་ས་གཙང་སྤང་ལྗོངས་ཉམས་དགའ་བར་རི་དྭགས་རྣམས་ཀྱང་བག་ཕེབས་ཤིང་། ནང་རེ་བཞིན་ལྷ་བྱ་གོང་མོའི་གསུང་སྐད་སྙན་པར་སྒྲོགས་ཏེ་སྐྱོ་ཤས་ངེས་འབྱུང་གི་བློ་ཆོས་ལ་བསྐུལ་བ་སོགས་མདོར་ན་ཡོན་ཏན་བརྒྱ་དང་ལྡན་པའི་ཡར་ལུང་ཤེལ་བྲག་ཅེས་ཁམས་དབུས་གཙང་སྟོད་མོན་འབྲུག་དྭགས་ཀོང་སོགས་ལ་རླུང་ལྟར་གྲགས་པའི་རྟརན་གཙོ་རྗེ་འབངས་ཉེར་ལྔའི་ནང་ཚན་རྟོགས་པ་མཆོག་བརྙེས་གཡུ་སྒྲ་སྙིང་པའི་སྐྱེ་ཕྲེང་ཆོས་རྗེ་དུར་ཁྲོད་རལ་ཆེན་ཞེས་དྭགས་པོ་བཀའ་རྒྱུད་ཀྱི་ཆོས་རྒྱུད་འཛིན་པ་དེ་ཉིད་ཀྱིས་ཤེལ་བྲག་འདབས།ཞོལ་བཙན་ཐང་ཉང་སྟོད་སྒང་དུ་ལྷ་ཀླུ་མི་ཡི་རིན་ཆེན་རྣམ་པ་བདུན་བརྟུལ་ གྱི་སྒོ་ནས་སྐུ་སྨས་ལུགས་སུ་བླུག་པས་སྐུ་སྟོད་འབད་རྩོལ་མེད་པར་རང་བྱུང་དུ་མཁའ་སྤྱོད་ནས་འཇའ་འོད་སྒྲ་དང་བཅས་ཏེ་ཕེབས་ཤིང་ནང་བཞུགས་ཀྱི་གཙོ་བོ་ཨོ་རྒྱན་གླིང་པའི་གཏེར་བྱོན་དང་ཐུབ་དབང་སྐུ།གསུང་རྟེན་མདོ་སྡུད་པ།འཇམ་དཔལ་མཚན་བརྗོད།རྫོགས་ཆེན་རྒྱུད་བཅས་གསེར་བྲིས། ཐུགས་རྟེན་བཀའ་གདམས་མཆོད་རྟེན་རྙིང་མ་བྱིན་ཅན་མདོར་ན་རིང་སྲེལ་རྣམ་པ་བཞིས་ཕྱར་བུར་གཏམས་པའི་སྐྱེ་བའོ་བསོད་ནམས་མཆོད་སྡོང་ཆེན་པོར་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ཏུ་ཇི་སྲིད་ཉི་ཟླའི་སྣང་བ་མ་ཟད་ཀྱི་བར་སྒྲོལ་བ་བཞི་ལྡན་དུ་བཞུགས་སུ་གསོལ་ཞིང།ཕྱིས་སུ་ཡང་འཁོན་རིགས་ཀླུངས་ཀྱི་གདུང་ལས་འཇམ་དཔལ་བདུན་བརྒྱུད་དུ་བྱོན་པའི་དཔལ་ལྡན་ས་སྐྱི་བདག་ཆེན་དབང་འདུས་སྙིང་པོར་གསུང་བྱོན་པ་དང། དེར་མ་ཟད་སྐྱེ་བོ་ཀུན་གྱི་སྤྱོད་ཡུལ་དུའང་ཞལ་མདངས་འགྱུར་བ།སྤྱན་རྩ་གཡོ་བ་སོགས་མཐོང་སྣང་དུ་མར་བྱང་ཤིང་ལྷག་ པར་ཐུབ་བསྟན་རྡོ་རྗེ་བྲག་གི་རིག་འཛིན་ཡབ་སྲས་ཞི་བར་གཤེགས་སྐབས་སྤྱན་ཆབ་བྱུང་བ་རྣམས་ནི་རང་ཅག་གི་མངོན་སུམ་དུ་རིག་ཅིང་མདོར་ན་ཡེ་ཤེས་དངོས་ཤུགས་ཅན་བོད་ཡུལ་རྟེན་གྱི་གཙོ་བོ་གུ་རུ་མཐོང་གྲོལ་ཆེན་མོ་སྙིགས་དུས་འགྲོ་བའི་དཔལ་མགོན་འཕྲིན་ལས་མཁའ་ཁྱབ་ཆེན་མོ་སྙིགས་དུས་འགྲོ་བའི་དཔལ་མགོན་འཕྲིན་ལས་མཁའ་ཁྱབ་མཚོ་སྐྱེས་རྡོ་རྗེ་ཡིན་ཏན་བསམ་བརྗོད་ལས་འདས་པའི་གཡས་གཡོན་དུ་མཁའ་འགྲོ་རྣམ་གཉིས་གུ་རུ་བྲག་མཐིལ་བཅས་འབུར་འདོད་དང།བྲག་ཕུག་གཡས་ཕྱོགས་སུ་རྡོ་རྗེ་ཕུར་པ། སྒྲོལ་མ་ཉེར་གཅིག།གནས་བརྟན་བཅུ་དྲུག།མ་འོངས་དུས་གནས་སྒོ་འབྱེད་རྒྱུའི་སྒོ་ལྕགས་ཟེར་སྒྲོ་དང་གཏེར་གྱི་ལྡེ་མིག་རང་བྱོན།ཚེས་བརྒྱད་ཟླ་གཟུགས། འཛམ་ནག།ཨོ་རྒྱན་སྣང་སྲིད་ཟིལ་སྣོན། བཅུ་གཅིག་ཞལ། བལ་ཡུལ་མཆོད་རྟེན།ཚེ་དཔག་མེད་བཅས་ཀྱི་རང་བྱོན། གཡོན་ཕྱོགས་སུ་རྗེ་འབངས་ཉེར་ལྔ། ཉི་ཟླའི་རང་བྱོན། གཏེར་རྟགས།གུ་རུའི་ཞབས་རྗེས་ཆ་གཅིག།དབུས་ཐང་དུ་མཁའ་འགྲོ་སེང་གདོང་དང་ཨོཾ་ཨཱཿ ཧཱུྃ་བཅས་ཀྱི་རང་བྱོན་དཔག་ཏུ་མེད་ཅིང་གུ་རུ་རིན་པོ་ཆེ་ནས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་བྲག་འདིར་བསྟིམས་པར་མཛད་པས་འདི་མང་དུ་ཚུད་པ་ཙམ་གྱིས་བཀའ་བརྒྱད་དབང་སྐུར་རགས་པ་ཐོབ་ཅིང་ཐར་མཐོའི་ས་བོན་འཇོག་པ་ཡིན་ནོ།། ༈ །།དེའི་ཉེ་ཕྲེད་སྟེང་ཁང་གུ་རུ་མཚན་བརྒྱད། ལྔ་པ་ཆེན་པོ།སྨོན་གླིང་གཏེར་ཆེན། ཤེལ་རྡོ་མཐོ་ཚད་གུ་རུའི་ཞབས་རྗེས། རྡོ་རྗེ་གཡུ་སྒྲོན་གྱི་རྟེན་སྒམ་བཅས་ སོ།། ༈ །།འོག་ཁང་མཚན་བརྒྱད་ལྷ་ཁང་ལ་གཞུང་ས་མཆོག་ནས་སིང་བུའི་དམག་ བཟློག་ལ་བཞེངས་པའི་གུ་རུ་མཚན་བརྒྱད་དང་དུར་ཁྲོད་རལ་ཆེན་གྱི་སྐུ་འདྲ་གསེར་ཟངས།གཙོ་བོར་ཨོ་རྒྱན་ཆེན་པོའི་འདྲ་སྐུར་རྒྱལ་མཆོག་བཅུ་གསུམ་པས་རྒྱལ་བླ་ མཚོ་ནས་ཟབ་གཏེར་དུ་བཞེས་པའི་ཨོ་རྒྱན་སྣང་སྲིད་ཟིལ་གནོན་པཎ་ཞྭའི་མདོངས་ལ་ཡེ་ཤེས་སེམས་པར་འབུལ་མཛད་བྱིན་ཅན་དེའི་ཕུར་བསྟན་སྲུང་མགོན་ཁང་བཅས་སོ།།གཟུག་ལག་ཁང་དེའི་བརྒྱབ་ཕྱོགས་ལ་ཚེ་རིང་མཆེད་ལྔའི་གནས་རྟེན་བྲག་རི་དེའ་སྤྱན་གཟིགས།སྤྲེའུ། སྣང་གཡག།བྱ་ཁྲུང་ཁྲུང། སྟག་དང་གུ་རུའི་བཞུགས་ཁྲི་བཅས་བྲག་ལ་རང་བྱོན། དེ་ནས་མར་བགྲོད་ཀྱི་སར་རིམ་བཞིན་མཁའ་འགྲོའི་གསང་ལམ།བར་མདོའི་ཕྲང་རིང་།སྤྱན་རས་གཟིགས་ཕྱག་བཞི་པའི་རང་བྱོན་གྱི་སྐུ་བརྒྱབ་དུ་གུ་རུའི་ཕྱག་རྗེས་ཀྱི་ཞབས་རྗེས།སྒོ་སྲུང་གཤིན་རྗེ་དང་།མགོན་པོ་ཞལ་སྤྲོད་བཅས་ཡོད་དོ།། ༈ །།བླ་བྲང་མཐིལ་འདི་ཐོག་མར་ཆོས་རྗེ་དུར་ཁྲོད་རལ་ཆེན་གྱིས་ཕྱག་བཏབ་པར་གྲགས་ཤིང་འདུ་ཁང་དུ་གཏེན་ཆེན་རཏྣ་གླིང་པའི་ཕྱག་བཟོ་ཨོ་རྒྱན་བྱིནཅན་གཙོ་འཀོར་དང་།དེར་ཁྲོད་རལ་ཆེན་གྱི་འདྲ་སྐུ་དང་གསོ་སྦྱོངས་ཐུབ་དབང་ལུགས་མ། ལྡེབ་བྲིས་ལགཐུགས་ཆེན་འགྲོ་བ་ཀུན་གྱི་ལྷ་ཚོགས།གུ་རུ་དྲག་མཐིང། རིག་འཛིན་བརྒྱད་བཅས་བྱང་གཏེར་སྒྲུབ་སྐོར་རྣམ་གསུམ། གཞན་ཡང་རྡོ་རྗེ་རྣམ་འཛོམས།ཡུམ་ཀ་བདེ་ཆེན་རྒྱལ་མོ། བཀའ་སྲུང་མ་གཟའ་རྡོར་གསུམ།རྒྱལ་པོ་དཔེ་དཀར། གནོད་སྦྱིན་རྩི་དམར།རྡོ་རྗེ་གཡུ་སྒྲོན། སེངྒེ་གནམ་ཡང་གི་གུང་ཆར་རྒྱལ་མཆོག་བཅུ་གསུམ་པ།གཡས་སུ་དུས་གསུམ་སངས་རྒྱས་ཀྱི་གཙོས་ལྟུང་བཤགས་ལྷ་ཚོགས་གཡོན་ཆར་མཁན་སློབ་ཆོས་གསུམ་གྱི་རྗེ་འབངས་ཉེར་ལྔ་བཅས་སོ། །གཙང་ཁང་དུ་གཙོ་བོ་དུས་གསུམ་སངས་རྒྱས་ གཡས་གཡོན་དུ་ཉེ་སྲས་བརྒྱད་དང་ཁྲོ་བོ་རྣམ་གཉིས།དབུས་སུ་རྗེ་ཚུལ་ཁྲིམས་བློ་གྲོས་དེའི་གཡས་སུ་ཆོས་ཀྱི་བློ་གྲོས།།གཡོན་དུ་སངས་རྒྱས་བློ་གྲོས་བཅས་ཀྱི་གདུང་རྟེན་གསེར་ཟངས། འདུ་ཁང་གཡས་སུ་གནས་བདག་རྫོང་བཙན་དང་དགེ་བསྙེན་སྙོ་ཁ་ལས་བྱེད་ཀླུ་བཙན་བཅས་ཀྱི་མགོན་ཁང་དུ་སྐུ་གསོག།འདུ་ཁང་གཡོན་དུ་ཟངས་མདོག་དཔལ་རི་འབུར་འདོད་བཅས་སོ།། ༈ །། དེའི་སྟེང་ཞལ་རས་ལྷ་ཁང་དུ་གཙོ་བོ་དུར་ཁྲོད་རལ་ཆེན་གྱི་སྐུ་དམར་གདུང་བཞུགས་པའི་གདུང་རྟེན་སོགས་སྐུ་ཕྲེང་བཅུ་གཅིག་གདུང་རྟེན་གསེར་ཟངས་ལས་སྒྲུབ་པ་དང་གཞན་ཡང་སྐུ་རྟན་ལྔ་པ་ཆེན་པོའི་གུ་རུ་མཚན་བརྒྱད་བདག་པོ་ནི་རིན་པོ་ཆེའི་སྐུ་དང་ཐུགས་རྟེན་བདེ་གཤེགས་མཆོད་རྟེན་བཅས་སོ།༈།།དེའི་སྟེང་རྒྱལ་བའི་གཟིམ་ཆུང་བཀོད་མཛེས་ཕོ་བྲང་དུ། སྐུ་རྟེན་ལྔ་པ་ཆེན་པོས་གཙོས་གསེར་ཟངས་སྐུ་རྟེན་མང་པོ་དང་གསུང་འབུམ་རྒྱས་བསྡུས་དང་རྙིང་མ་རྒྱུད་འབུམ།ཀུན་མཁྱེན་མཛོད་བདུན།ཐུགས་རྟེན་བཀའ་གདམས་མཆོད་རྟེན་མང་པོ་བཅས་རྟེན་གསུམ་མཐའ་ཡས་པ་བཞུགས་སོ།། ༈ །།གཞན་ཡང་གཡས་རི་རྡོ་རྗེ་ཕག་མོའི་ཐུགས་དཀར་མཚོ་རྒྱལ་བྲག་ཕུག།།རྒྱབ་རིར་བཱི་མའི་བཞུགས་གནས་ཨེ་ཝཾ་བདེ་ཆེན་ཕུག།།གཡོན་རི་གནས་བརྟན་རི་ལ་གུ་རུའི་གཟིམ་ཕུག་གོང་སྨྲོས།དེའི་རྒྱབ་པདྨ་ཤེལ་ཕུག་འདབས་ཤོལ་འཇའ་མཚོན་ཕུག།།མདུན་དུ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གཉིས་པར་མཆོད་རྟེན་བཅས་གནས་རྟེན་ཁྱད་པར་ཅན་ཡར་ལུང་ཤེལ་བྲག་གི་ལོ་རྒྱུས་རག་ཙམ་ཡིན་ནོ།།སླར་སྨྲས་པ། དེ་ལྟར་གྲོལ་བ་བཞི་ལྡན་གནས་མཆོག་ཆེ། །ཀུན་གྱི་གཙོ་བོ་ཡར་ལུང་ཤེལ་བྲག་གི།གནའ་ཡིག་མ་སྦས་གསལ་བར་སྟོན་པའི་དགེས། །འགྲོ་ཀུན་ཆོས་འབྱོར་ཐོབ་པར་ཤོག །ཅེས་ཚོང་དཔོན་ནོར་བུ་བཟང་པོ་གཉིས་པ་གཞུང་ཚོང་སྤང་མདའ་ཚང་གི་བྱམས་གླིང་ཇོ་ལགས་སྐུ་༧ཞབས་མཆོག་ནས་རྒྱ་ཇའི་གནང་སྐྱེས་བཅས་གསུང་བསྐུལ་མཛད་དོན་བཞིན་ཤེལ་གནས་མཁན་མིང་སྡེ་སྣོད་འཛིན་པ་རྒྱལ་སྲས་ཆོས་ཀྱི་བློ་གྲོས་འཕྲེིན་ལས་བཟང་པོ་འབོད་པས་རབ་རྒྱལ་ཆུ་སྤྲེལ་ཆུ་སྟོད་ཟླ་བའི་དཀར་ཚེས་བཟང་པོ་གཉིས་པར་བྲིས་པས་དགེ་བར་གྱུར་ཅིག།།།།སརྦ་མངྒ་ལཾ། ཚེ་དབང་བསྟན་འཛིན་ནས་ཟླ་ཚེས་བཟང་པོར་གློག་ཟིན་དུ་བཏགས།