Jump to content

ཡབ་རྒྱལ་པོ་ཟས་གཙང་མ་དང་ཡུམ་སྒྱུ་འཕྲུལ་ཆེན་མོ་

ཡོང་ཁུངས་Wikipedia

གནའ་སྔ་མོ་ཞིག་ན། རྒྱ་གར་བྱང་ཕྱོགས་ཀྱི་སེར་སྐྱའི་གཞི་ཞེས་བྱ་བར་མཚན་ལ་ཟས་གཙང་མ (SUDDHODANA) ཞེས་པའི་རྒྱལ་པོ་ཞིག་ཡོད། རྒྱལ་པོ་དེས་མཛེས་སྡུག་ཡིད་དུ་འོང་བའི་ཀོ་ལི་ཡའི་རིགས་ཀྱི་སྲས་མོ་སྒྱུ་འཕྲུལ་ཆེན་མོ (MAHAMAYA) དང་ལྷན་དུ་གཉེན་སྒྲིག་བྱས་ཏེ། ཁོང་རྣམ་གཉིས་ཀྱིས་ཤཱཀྱའི་རིགས་ཀྱི་མངའ་འབངས་ལ་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས། ཤཱཀྱའི་རིགས་ཀྱི་རྒྱལ་ས་ནི་སེར་སྐྱའི་གཞི (KAPILAVATTHU) ཞེས་བྱ་བ་དེ་ཡིན་ཞིང་། དེ་ནི་རྒྱ་གར་བྱང་ཕྱོགས་ཀོ་ལི་ཡའི་རྒྱལ་ཕྲན་གྱི་ཉེ་འདབས་སུ་ཆགས་ཡོད། རྒྱལ་པོ་ཟས་གཙང་མ་ནི་ཧ་ཅང་གི་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་ཡིན་ལ། ཁོང་གི་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ཡང་དེ་དང་གཅིག་མཚུངས་ཀྱི་ཀུན་སྤྱོད་ལ་ལྷད་མེད་པ་ཞིག་གོ །དེར་བརྟེན་ཕོ་བྲང་དུ་ཡོད་པའི་འཁོར་གཡོག་མཐོ་དམན་ཚང་མ་ཁོང་རྣམ་གཉིས་ལ་སྙིང་ཐག་པ་ནས་དགའ་མོས་དང་བརྩེ་ཞེན་ཆེ། འོན་ཀྱང་རྒྱལ་པོ་དང་བཙུན་མོས་དུས་ཡུན་རིང་མོ་ཞིག་གི་སྔོན་ནས་སྲས་ཤིག་འཁྲུངས་རྒྱུར་ངང་སྒུག་གི་རེ་བ་བྱས་ནའང་སྲས་གཅིག་ཀྱང་མ་འཁྲུངས། གང་ལྟར་དེ་ལྟའི་ལོ་ཟླ་རིམ་བཞིན་བཞུད་འགྲོ་བའི་མུར་ཚེས་ཆེན་བཅོ་ལྔ་ཞིག་གི་མཚན་མོར། བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ལ་མཚན་ལམ་ཡ་མཚར་བ་ཞིག་བྱུང་། མཚན་ལམ་དེའི་ནང་ལྷ་དང་ལྷ་མོ་བཞི་ཡིས་བཙུན་མོ་ཁོང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཚོ་མ་དྲོས (ANOTATTA) ཞེས་པ་དེར་ཁྲིད་ནས། ལྷ་དང་ལྷ་མོའི་ཚོགས་ཀྱིས་མཚོ་མོ་དེར་ཁོང་གི་སྐུ་གཟུགས་འཁྲུད་ཅིང་སྐུ་ཁྲུས་གསོལ་བར་བྱས་ཏེ། རབ་འཇམ་ལྷ་རྫས་ཀྱི་ན་བཟའ་དག་གཡོག་པའི་མཇུག་ཐོག་དེར། དུང་ལྟར་དཀར་བའི་གླང་ཆེན་ཞིག་གི་མཆེ་བའི་དཀྱིལ་པད་དཀར་གྱི་མེ་ཏོག་འགའ་ཁྱེར་ནས། ཁོང་ལ་ལན་གསུམ་གྱི་བར་དུ་བསྐོར་བ་བྱས་ཏེ་མཐར་གླང་ཆེན་དེ་མི་མངོན་པར་གྱུར་ཏོ། །དེ་ནས་ཁོང་མནལ་ལས་སད་པས་དེ་ཚོ་ཚང་མ་རྨི་ལམ་ཡིན་པ་གཞི་ནས་ཤེས། འོན་ཀྱང་ཕྱི་ཉིན་ཞོགས་པ་སྔ་མོ་དེར། བཙུན་མོ་སྒྱུ་འཕྲུལ་ཆེན་མོ་རྒྱལ་པོ་ཟས་གཙང་མའི་མདུན་དུ་བཅར་ནས་མདང་ནུབ་རྨིས་པའི་མཚན་ལམ་གྱི་སྐོར་ཇི་བཞིན་ཞུས་པ་ན། རྒྱལ་པོ་ཆེན་མོས་མཚན་ལམ་དེའི་དོན་གནད་མ་རྟོགས་པར་བརྟེན། ཁོང་གིས་མཁྱེན་རྒྱ་ཆེ་ཞིང་ཤེས་ཡོན་གྱིས་ཕྱུག་པའི་དྲང་སྲོང་འགའ་ཕོ་བྲང་དུ་བོས་ཏེ། མཚན་ལྟས་ལ་བརྟག་དཔྱད་བྱེད་དུ་བཅུག་ནས་དེའི་སྐོར་བཀའ་འདྲི་ཞུས་པར། མཁྱེན་རྒྱ་ཆེ་བའི་དྲང་སྲོང་དག་གིས་མགྲིན་གཅིག་ཏུ་ཞུ་དོན། ཀྱེ་རྒྱལ་པོ་ཆེན་པོ་ལགས། ལྷ་དང་ལྷ་མོའི་ཚོགས་ཀྱིས་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་སངས་རྒྱས་ཀྱི་ཡུམ་ཆེན་དུ་བདམས་པ་ལགས་ན། ཁྱེད་ནི་ཇི་འདྲའི་སྐུ་བསོད་དང་ལྡན་པ་ཞིག དེས་ན་སྲས་དེ་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཞིག་ཏུ་འགྱུར་བར་ངེས་སོ་ཞེས་ཞུས་པ་ན། བཀྲ་ཤིས་པའི་གཏམ་བཟང་དེས་རྒྱལ་པོ་ཡབ་ཡུམ་གཉིས་ལ་སྤྲོ་སྣང་དང་དགའ་སྐྱིད་ཚད་མེད་པ་ཞིག་བྱིན། བཀྲ་ཤིས་པའི་གཏམ་བཟང་དེས་རྒྱལ་བློན་གཡོག་འཁོར་དང་བཅས་པ་ལ་ནོན་པར་དཀའ་བའི་སྤྲོ་བ་སྟེར་བར་བརྟེན། རྒྱལ་ཕྲན་དེའི་ཡུལ་མི་ཡོད་དོ་ཅོག་ཕོ་བྲང་དུ་མགྲོན་འབོད་བགྱིས་ཏེ་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ཤིང་། བཀྲ་ཤིས་ཤིང་དོན་འགྲུབ་པའི་གཏམ་བཟང་གི་གནས་ཚུལ་དེ་ཡོངས་ཁྱབ་ཏུ་གསལ་བསྒྲགས་གནང་། ཐ་ན་ཡུལ་མི་དབུལ་ཞིང་ཕོངས་པ་དག་ལའང་ཟས་གོས་ཀྱི་སྦྱིན་གཏོང་གནང་རྒྱུ་སོགས་མདོར་ན་དགོས་ངེས་ཀྱི་བྱེད་སྒོ་མཐའ་དག་མ་བརྗེད་པར་བསྒྲུབས་སོ། །

གསལ་འདེབས། སྤྱིར་བོད་རང་གིས་བརྩམས་པ་དང་བསྒྱུར་བའི་སྟོན་པའི་མཛད་རྣམ། སྐྱེས་རབས་སོ་བཞི་དཔག་བསམ་འཁྲི་ཤིང་སོགས་སྔ་ཕྱི་མི་ཉུང་བ་ཞིག་བཞུགས། ཡིན་ནའང་འདི་ནི་དེ་དག་དང་མི་འདྲ་བར་ཚིག་གི་སྡེབ་སྦྱོར་གོ་སླ་ཞིང་། དོན་དུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་འགྲོ་བ་ཐུན་མོང་གི་མཐོང་སྣང་ལྟར་དངོས་ཡོད་མི་ཞིག་གི་བྱུང་རབས་ལྟར་བརྗོད་ཡོད། མ་ཟད་ལྷ་སྒྲུང་དང་དག་སྣང་རྐྱང་བས་གྱ་ཚོམ་དུ་མ་འཇུག་པར། ཞིབ་འཚོལ་རྩད་གཅོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་གཞི་རྐང་བཙུགས། ཁོང་གིས་བྲན་གཡོག་ལམ་ལུགས་ལ་འགོག་རྒོལ་དང་དམངས་གཙོའི་ལམ་ལུགས་བསླངས་པ། རིགས་རུས་མཆོག་དམན་གྱི་ལྟ་བ་དགག་པ། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ། ཕྱི་རོལ་བའི་སྟོན་པ་དང་ཆོས་ལུགས་སོགས་ལ་གུ་ཡངས་དང་གུས་ཞབས་བྱེད་སྟངས། ཁོང་གི་རྗེས་འཇུག་པ་ཚོས་རྫུ་འཕྲུལ་སྟོན་པ་ནི་ངོ་ཚ་དགོས་པའི་གནས་ཤིག་ཡིན་པ་སོགས་གདམས་པ་ཁྱད་པར་ཅན་དུ་མ་ཞིག་ཀྱང་མཛད་རྣམ་འདིའི་ཟུར་དུ་མངོན་ཡོད།