འཛབ་དགོངས་གྲགས་སྟོང་ཚངས་དབྱངས་བཟླས་ཚད་རང་གྲོལ་

ཡོང་ཁུངས་Wikipedia

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བསྐྱེད་རིམ་ལྷན་ཐབས་འཛབ་དགོངས་གྲགས་སྟོང་ཚངས་དབྱངས་བཟླས་ཚད་རང་གྲོལ་བཞུགས་སོ། ། ཞི་ཁྲོ་རྩ་གསུམ་ལྷ་ཚོགས་འཁོར་བཅས་ལ། །ཕྱག་འཚལ་དེ་ཡི་འཛབ་དགོངས་རིམ་པ་བྲི། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། །འཛབ་མི་གསལ་བས་དེང་སང་ཕྱག་ལེན་དུ། །བཏགས་གྲོལ་སྙིང་པོས་བསྙེན་སྒྲུབ་ལས་གསུམ་བཞེད། །དེ་ཙམ་རྒྱས་དྲགས་མི་ལྕོགས་རང་གཞུང་ནི། །རྩ་སྒྲུབ་ཕྱི་ནང་མང་ཡང་དབང་བཞི་ཡི། །སྔོན་འགྲོ་ཞི་ཁྲོའི་སྤྱི་དྲིལ་བཟླས་པ་འབྱུང༌། །སྒོམ་རིམ་ལྷན་སྐྱེས་རང་གྲོལ་དེ་ལྟར་དང༌། །བསྐང་བཤགས་དེ་ཤམ་ཡིག་བརྒྱ་བཤགས་པ་སོགས། །ཞི་ཁྲོའི་རང་གཞུང་གཞན་འགའ་དང་བསྟུན་ནས། །གང་ཡང་མི་འགལ་འཐད་འོས་གསུམ་བྱའོ། །དེ་ལ་རྒྱས་དང་འབྲིང་དང་བསྡུས་པའོ། དང་པོ་རྒྱས་པ་ལྟར་ན་བདུན་བྱ་སྟེ། འཛབ་ཁ་དབྱེ་བ་དང༌། འཛབ་ལ་བསྐུལ་བ་དང༌། འཛབ་དམིགས་ཏིང་ངེ་འཛིན་དང༌། འཛབ་དངོས་བགྲངས་པ་དང༌། འཛབ་ཤམ་བསྒྱུར་བ་དང༌། འཛབ་བསྟོད་བྱ་བ་དང༌། འཛབ་མཐའ་ཕྲིན་ལས་བཅོལ་བའོ། དང་པོ་འཛབ་ཁ་དབྱེ་བ་ནི། སྒྲུབ་པའི་མཆེད་ལྕམ་ཐམས་ཅད་ཀྱིས་ལུས་ངག་ཡིད་ཀྱི་ཁྱེར་སོ་གསུམ་དང༌། དཀྱིལ་འཁོར་གསུམ་ལྡན་གྱི་ཏིང་ངེ་འཛིན་གྱི་ངང་ནས་གྱེར་དང་དབྱངས་གསལ་རོལ་མོ་དང་བཅས་ཀྱིས་དཀྱིལ་འཁོར་བསྐོར་ཞིང་འདི་སྐད་དོ། ཧཱུྃ། དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར། །ཐབས་ཤེས་ཉི་ཟླ་མ་ཆགས་པདྨའི་དཀྱིལ། །གཙོ་བརྒྱད་དར་ཟབ་རིན་ཆེན་ཁྲི་སྟེང་དུ། །དུས་གསུམ་རྒྱལ་བ་འདུས་པའི་སྐུ་གསུང་ཐུགས། །བླ་མ་ཡི་དམ་རྩ་གསུམ་ཞི་ཁྲོའི་ཚོགས། །ཡབ་ཡུམ་འཁོར་དང་བཅས་པའི་ཆ་ལུགས་ནི། །འབར་བ་ཞི་དང་ཁྲོ་སོགས་གར་དགུར་ལྡན། །བརྗིད་པའི་སྐུ་ལ་རང་རང་ཆས་རྣམས་རྫོགས། །གསུང་གི་སྙིང་པོ་སྒྲ་དབྱངས་སྔགས་དང་བཅས། །ཐུགས་ནི་སྒྲོལ་གྱུར་སྲོག་བཅས་ཡེ་ཤེས་སེམས། །འཛབ་ཀྱི་རྒྱུད་བསྐུལ་མི་གཡོ་སྐུ་གསུང་ཐུགས། །འོད་ཟེར་འཕྲོ་འདུས་འགྲོ་ཀུན་སྡིག་སྒྲིབ་སྦྱངས། །མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ། །མ་འགྲུབ་བར་དུ་མི་བཏང་བསྒྲུབ་པར་བགྱི། །གཉིས་པ་འཛབ་ལ་བསྐུལ་བ་ནི། ཧཱུྃ། ལོངས་སྐུ་གསལ་དག་ཐིག་ལེའི་གཞལ་ཡས་ནས། །སེང་གེ་གླང་རྟ་རྨ་བྱ་ཤང་ཤང་ཁྲི། །འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་དང༌། །རྒྱ་གྲམ་ཉི་ཟླ་པདྨ་གེ་སར་སྟེང༌། །ཞི་དང་ཁྲོ་བོར་སྟོན་པའི་ཡི་དམ་ལྷ། །བདེ་སྟོང་ལྷན་སྐྱེས་སོ་སོའི་ཡུམ་དང་བཅས། །གར་དགུའི་ཉམས་ལྡན་སྐུ་ལ་རྒྱན་རྣམས་རྫོགས། །འཛབ་རྒྱུན་གསུང་མཆོག་ཆོས་ཀྱི་སྒྲ་དབྱངས་སྒྲོགས། །འཕོ་འགྱུར་མེད་པའི་ཐུགས་མཆོག་ཡེ་ཤེས་སེམས། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་ལ། །ཕྱག་འཚལ་མཆོད་བསྟོད་དབང་དང་དངོས་གྲུབ་སྩོལ། །ཨོཾ་གྱིས་སྤྲོས་པས་སྟོང་གསུམ་སྐུ་ཡིས་གང༌། །ཨཱཿཡིས་བསྐུལ་བས་སྔགས་དབྱངས་འཛབ་སྒྲ་སྒྲོགས། །ཧཱུྃ་གིས་དམིགས་པས་མི་གཡོ་ཏིང་འཛིན་བརྟན། །སྐུ་གསུང་ཐུགས་མཆོག་ཡི་དམ་ཞི་ཁྲོའི་ལྷ། །མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ། །མ་འགྲུབ་བར་དུ་དགོངས་པ་མི་བཏང་ངོ༌། །གསུམ་པ་འཛབ་ཀྱི་དམིགས་པའི་ཏིང་ངེ་འཛིན་ནི། ཕལ་ཆེར་སྒྲུབ་པ་ཆེན་པོ་བསྔགས་པ་ལས། འགྲོ་དྲུག་གི་སྡུག་བསྔལ་སོ་སོར་སྦྱོང་བ་ལ། དཔེར་ན་རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུ་སྟེ། བདག་ཉིད་ལྷ་ཡི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་དཔག་ཏུ་མེད་པ་དམྱལ་བའི་གནས་སུ་འཕྲོས་པས། དེའི་བྱིན་རླབས་ཀྱིས་དམྱལ་བ་བཙོ་བསྲེག་ལ་སོགས་པའི་ཚ་གྲང་གི་སྡུག་བསྔལ་ཐམས་ཅད་ཞི་ཞིང་སྡིག་སྒྲིབ་མ་ལུས་པ་བྱང་ནས། ཞི་ཁྲོ་རྩ་བ་གསུམ་གྱི་རང་བཞིན་དུ་གྱུར་ནས་རིན་པོ་ཆེའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བར་སྔགས་སྒྲ་དི་རི་རི་སྒྲོགས་པར་བསམ། འཛབ་རྒྱུན་མ་ཆད་པར་བྱའོ། དེའི་འགྲེས་སོ། བདག་ཉིད་ལྷ་ཡི་ཐུགས་ཀའི་ས་བོན་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་བྱིན་རླབས་ཀྱིས་ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས། མི་སྐྱེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་ལྟུང་བའི་སྡུག་བསྔལ་ཐམས་ཅད་ཞི་ཞིང༌། ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ནས་ཞི་ཁྲོ་རྩ་བ་གསུམ་གྱི་སྐུ་འབའ་ཞིག་ཏུ་གྱུར་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བར་སྔགས་སྒྲ་དི་རི་རི་སྒྲོགས་པར་བསམ་ལ་འཛབ་བཟླའོ། བཞི་པ་འཛབ་སྔགས་དངོས་ནི། རྒྱས་པར་ཞི་ཁྲོ་ཡབ་ཡུམ་འཁོར་དང་བཅས་པའི་སྙིང་པོ་ལས། དང་པོ་ཞི་བ་ཡབ་ཡུམ་འཁོར་བཅས་ནི། ཧཱུྃ་བཛྲ་ཙིཏྟ་ཨཱཿ བཛྲ་ས་མནྟ་བྷ་དྲ་ཨོཾ༔ ཨོཾ་ཛི་ན་ཛིཀ༔ ལཱཾ་ཏེ་ཤྭ་ར་ཏི་སྟྭཾ༔ ཧཱུྃ་བཛྲ་དྷྲྀཀ༔ མཱུཾ་དྷ་ཏུ་ཤྭ་རི་སྟྭཾ༔ སྭཱ་རཏྣ་དྷྲྀཀ༔ མཱཾ་མོ་ཧ་ར་ཏི་སྟྭཾ༔ ཨྃ་ཨ་རོ་ལིཀ༔ པཱཾ་རཱ་ག་ར་ཏི་སྟྭཾ༔ ཧ་པྲཛྙཱ་ཌྷྲྀཀ༔ ཏཱཾ་བཛྲ་ར་ཏི་སྟྭཾ༔ ཀྵི་ཧི་རཱ་ཙ་ཡ་སྭཱ་ཧཱ༔ མཻ་ཏྲི་དྷཱ་ར་ནི་སྭཱ་ཧཱ༔ ཧཱུྃ་སྭཱ་ར་ཙ་ཡ་སྭཱ་ཧཱ༔ ཏྲཱཾ་ཨ་གརྦྷ་ཡ་སྭཱ་ཧཱ༔ ཧྲཱི་ཧ་ཧཱུྃ་པདྨ་བྷ་ཏ་མ་སྭཱ་ཧཱ༔ མཱུཾ་ཤྲཱི་ཨ་རཾ་གྷ་ཡ་སྭཱ་ཧཱ༔ ཐིཾལྷ་ས་རཾ་པ་ཡ་སྭཱ་ཧཱ༔ ཛྷིཾ་ཀུ་རུ་པ་ཎི་ཧྲཱིཿསྭཱ་ཧཱ༔ ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ༔ ཧཱུྃ་པུཥྤེ་ཨ་བེ་ཤ་ཡ་སྟྭཾ༔ ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོཿ ཛཿདྷུ་པེ་པྲ་བེ་ཤ་ཡ་སྟྭཾ༔ ཧྲཱིཿགཱིརྟི་ར་ག་ཡ་ཧོཿ བྃ་དཱི་པཾ་སུ་ཀི་ནི་ས་མ་ཡ་སྟྭཾ༔ ཧོཿགནྡྷེ་ཙིཏྟ་ཡ་ཧོཿ ཨ་ནཱིརྟི་རཱ་ག་ཡ་མི་སྟྭཾ༔ ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ༔ ཨོཾ་མུ་ནེ་བྲེཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཧཱུྃ༔ བཛྲ་པཱ་ཤ་ཧཱུྃ༔ ཨོཾ་པདྨ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ བཛྲ་གཎྜེ་ཧོཿ དེ་ཡན་ཆད་ཞི་བར་བསྙེན་པའི་སྙིང་པོའོ། དེ་ནས་ཁྲོ་བོ་བསྒྲུབ་པའི་སྙིང་པོ་ནི། ཨོཾ་མ་ཧཱ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ མ་ཧཱ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཨོཾ་བུདྡྷ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ བུདྡྷ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཨོཾ་རཏྣ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ རཏྣ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཨོཾ་པདྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ པདྨ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཨོཾ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ ཀརྨ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཨོཾ་བཛྲ་ཀཽ་རཱི་ཧ༔ ཨོཾ་བཛྲ་ཙཽ་རཱི་ཧ༔ ཨོཾ་བཛྲ་པྲ་མོ་ཧཱ་ཧ༔ ཨོཾ་བཛྲ་བཱཻ་ཏ་ལཱི་ཧ༔ ཨོཾ་བཛྲ་པུསྐ་སཱི་ཧ༔ ཨོཾ་བཛྲ་གྷསྨ་རཱི་ཧ༔ ཨོཾ་བཛྲ་ཙཎྜ་ལཱི་ཧ༔ ཨོཾ་བཛྲ་སྨེ་ཤ་ནཱི་ཧ༔ ཨོཾ་བཛྲ་སེངྷ་མུ་ཁ་ཧེ༔ ཨོཾ་བཛྲ་བྱཱ་ཀྲི་མུ་ཁ་ཧེ༔ ཨོཾ་བཛྲ་སྲི་ལ་མུ་ཁ་ཧེ༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ ཨོཾ་བཛྲ་ཀྲྀ་ཏ་མུ་ཁ་ཧེ༔ ཨོཾ་བཛྲ་ཀངྐ་མུ་ཁ་ཧེ༔ ཨོཾ་བཛྲ་ཁ་ཁྭ་མུ་ཁ་ཧེ༔ ཨོཾ་བཛྲ་ཧུ་ལུ་མུ་ཁ་ཧེ༔ ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བྃ༔ ཨོཾ་བཛྲ་གཎྜེ་ཧོཿ ཨོཾ་མ་ནུ་རཀྴ་སཱི་བྷྱོཿ བྲཧྨ་ཎཱི་བྷྱོཿ རོའུ་ཏྲི་མ་བྷྱོཿ བྷ་ན་བྷེ་བྷྱོཿ ཀུ་མ་རཱི་བྷྱོཿ ཨིནྜ་ཡ་ནི་བྷྱོཿ སིངྷ་ཀ་ལ་ནི་བྷྱོཿ ཨ་མྲྀ་ཏཾ་བྷྱོཿ སེའུ་ནི་བྷྱོཿ ཏ་ན་ཧཾ་བྷྱོཿ རཀྴ་སི་བྷྱོཿ བཀྴ་སི་བྷྱོཿ ར་ཏྲི་མ་བྷྱོཿ ར་ཏྲི་རེ་མ་ཏི་བྷྱོཿ ཨེ་ཀ་ཙ་ར་མ་བྷྱོཿ མ་ནུ་ཧ་ར་མ་བྷྱོཿ སི་ཏི་ཀཾ་བྷྱོཿ བྷ་ཡ་བྷེ་བྷྱོཿ མ་ཧཱ་མ་རཱ་ཎ་བྷྱོཿ ཨགྣེ་ཡེ་བྷྱོཿ བྷ་ར་ཧཱི་བྷྱོཿ ཙ་མུནྟྲི་བྷྱོཿ བྷུ་ཏ་ན་བྷྱོཿ པཱ་ཎི་བཛྲ་བྷྱོཿ མ་ཧཱ་ཀཱ་ལཱི་བྷྱོཿ ཙ་ཀཱ་ལ་བཛྲ་བྷྱོཿ བཛྲ་བུམྤ་ཀ་ར་ཎ་བྷྱོཿ བཛྲ་ལམྦོ་དྷ་ར་ཎ་བྷྱོཿ དེ་ཡན་ཆད་ཁྲོ་བོར་བསྒྲུབ་པའི་སྙིང་པོའོ། ལྔ་པ་འཛབ་ཁ་བསྒྱུར་བ་ནི། ནད་གདོན་འཇིགས་བརྒྱད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ འཁོར་འདས་སྲིད་གསུམ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊཿ འདོད་གསོལ་དང༌། ཨ་ཨཱ་སོགས་ཨཱ་ལི་དང༌། ཀ་ཁ་ག་གྷ་ང་སོགས་ཀཱ་ལི་དང༌། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་དང༌། ཨོཾ་ཡེ་དྷརྨ་སོགས་རྟེན་སྙིང་རྣམས་ལན་གསུམ་གྱིས་ཁ་བསྐང་བར་བྱའོ། དྲུག་པ་འཛབ་བསྟོད་བྱ་བ་ནི། སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ། ཧཱུྃ། བླ་མ་ཡི་དམ་ཞི་ཁྲོ་འཁོར་དང་བཅས། །ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ། །འཇིག་རྟེན་སྲུང་མ་ཕོ་མོ་དམ་ལ་འདུས། །ཕྱི་ནང་གསང་བའི་འཛབ་བསྙེན་མཆོད་པ་འབུལ། །གཞལ་ཡས་ཁང་ཆེན་འདི་ལ་བྱིན་ཕོབས་ལ། །སྒྲུབ་རྫས་གཉན་པོ་འདི་ལ་བཅུད་ཅིག་ཕོབ། །སྣང་གསལ་མར་མེ་འདི་ལ་བཀྲག་མདངས་བསྐྱེད། །སྒྲུབ་མཆོག་མོས་པའི་བུ་ལ་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་ད་སྩོལ་ཅིག །བགེགས་དང་ལོག་འདྲེན་འབྱུང་པོ་རྡུལ་དུ་རློགས། །ཕྱི་ནང་རྐྱེན་ངན་བར་ཆད་བསལ་དུ་གསོལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ཅི་བསམ་དོན་འབྲས་ཆོས་བཞིན་འགྲུབ་པར་མཛོད། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་མཐོལ་ཞིང་བཤགས། །ལུས་ངག་ཡིད་ལ་ནོངས་པར་མ་གྱུར་ཅིག །བདུན་པ་འཛབ་མཐའ་ཕྲིན་ལས་བཅོལ་བ་ནི། ཧཱུྃ། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བླ་མ་རིག་འཛིན་བདེ་གཤེགས་ཞི་བའི་ལྷ། །ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཡི་དམ་ཞི་ཁྲོ་ཁྲག་འཐུང་འབར་བའི་ལྷ། །ཡབ་ཡུམ་སྲས་དང་འཁོར་དང་བཀའ་སྲུང་བཅས། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །གནས་སྐབས་མཐུན་རྐྱེན་དངོས་གྲུབ་ཆར་ལྟར་ཕོབས། ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ། ཞེས་དངོས་གྲུབ་བསྐུལ་བའོ། དེ་ལྟར་རིམ་པ་ནི་རྒྱས་པའི་ལུགས་སོ། སྔར་བཀའ་མའི་རྗེས་སུ་འབྲངས་ནས་ཐུན་མགོར་གསོལ་འདེབས། ཐུན་མཇུག་མཆོད་བསྟོད་སོགས་སྣང་ཡང༌། གཏེར་མ་ནང་མཐུན་པ་འདི་དག་གོ །ཡང་འཛབ་དགོངས་འབྲིང་པོའི་ལུགས་ལ་བདུན་ཏེ། འཛབ་ཁ་དབྱེ་བ་དང༌། འཛབ་བསྐུལ་དང༌། འཛབ་དམིགས་དང༌། འཛབ་དངོས་དང༌། འཛབ་ཁ་བསྒྱུར་བ་དང༌། འཛབ་བསྟོད་དང༌། དངོས་གྲུབ་བསྐུལ་བའོ། དང་པོ་ནི། ཐམས་ཅད་ཀྱང་ལུས་ངག་ཡིད་གསུམ་ཁྱེར་སོ་གསུམ་དང་དཀྱིལ་འཁོར་རྣམ་པ་གསུམ་ལྡན་གྱི་ངང་ནས་གྱེར་དབྱངས་རོལ་མོར་བཅས་ཏེ་འདི་སྐད་དོ། ཧཱུྃ། བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །སྐུ་ནི་གར་བསྒྱུར་རྫུ་འཕྲུལ་གློག་ལྟར་འཁྱུག །གསུང་ནི་ཆོས་སྒྲ་འཛབ་དབྱངས་འབྲུག་ལྟར་སྒྲོགས། །ཐུགས་རྗེ་བརྩེ་བས་སྒྲུབ་མཆོག་རྣམས་ལ་དགོངས། །འཛབ་ཀྱི་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས། །བླ་མ་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་ལྷ། །འཁོར་བཅས་གནད་ནས་བསྐུལ་ལོ་འཛབ་སྒྲ་སྒྲོགས། །བྱིན་ཆེན་དབབ་པའི་དུས་ལ་ད་བབ་པས། །ཐུགས་དམ་དབྱིངས་ནས་བསྐུལ་ལོ་བཞེངས་སུ་གསོལ། །སྔགས་ཀྱི་གླུ་གར་རོལ་མོ་ད་མཛོད་ལ། །ཡེ་ཤེས་ལྷ་ཚོགས་འགྲུབ་པར་མཛད་དུ་གསོལ། །གཉིས་པ་ནི། ཧཱུྃ། ཞི་ཁྲོ་འབར་བའི་དཀྱིལ་འཁོར་ཆེན་པོ་ནས། །སྣ་ཚོགས་དར་ཟབ་རིན་ཆེན་བརྩེགས་པའི་ཁྲི། །ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ། །ཆགས་བྲལ་པདྨ་འབར་བའི་གེ་སར་ལ། །བདེ་གཤེགས་དགོངས་པ་ཡོངས་རྫོགས་གྲུབ་པའི་དཔལ། །རྒྱལ་བ་ཞི་ཁྲོ་ཡབ་ཡུམ་སྲས་འཁོར་བཅས། །བརྗིད་པའི་སྐུ་ལ་རང་རང་ཆས་རྣམས་རྫོགས། །འཛབ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས། །འོད་ཟེར་འཕྲོ་འདུས་འགྲོ་ཀུན་སྡིག་སྒྲིབ་སྦྱངས། །མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ། །མ་འགྲུབ་བར་དུ་ཏིང་འཛིན་མི་བཏང་ངོ༌། །གསུམ་པ་ནི། སྟོང་ཁམས་ཐམས་ཅད་འཛབ་སྔགས་ཀྱི་ཆོས་སྒྲས་གང་བ་དཔེར་ན་བུང་བ་ཚང་ཞིག་པ་ལྟ་བུ་སྟེ། འདི་ནི་ཕལ་ཆེར་དབང་རྒྱས་བསྡུས་ལ་བསྔགས་སོ། བདག་ཉིད་ལྷ་ཡི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་དཔག་ཏུ་མེད་པ་བརྗོད་ཀྱིས་མི་ལང་བ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་ཤིང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་མ་ལུས་པ་བྱང་ཞིང་དག་ནས་ཐམས་ཅད་དུས་གཅིག་ལ་བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་ཤ་སྟག་ཏུ་གྱུར་ཏེ། དེ་རྣམས་ཀྱིས་འཛབ་སྔགས་དི་རི་རི་སྒྲོག་པར་བསམ་ལ། འཛབ་སྔགས་རྒྱུན་ཆད་མེད་པ་སྒྲོག་པར་བྱའོ། བཞི་པ་ནི། ཨོཾ་ཨཱ་ལི་ཀཱ་ལི་ཛྙཱ་ན་པཉྩ་སཏྭ་ཀྲོ་ཏ་མུ་ནེ་ཡེ་སྭཱ་ཧཱ༔ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞི་ཁྲོ་དམ་པ་རིགས་བརྒྱའི་ཡང་སྙིང་མི་ཚིག་གིས་བར་མ་ཆོད་པར་དབྱངས་དང་བཅས་པས་བསྒྲང་ངོ༌། ལྔ་པ་ནི། སྤྱིར་རྩ་སྔགས་ཤམ་དུ། ཞི་བ་ལ་ཤིནྟཾ། རྒྱས་པར་པུཥྚིཾ། དབང་ལ་ཝཱ་ཤཾ། དྲག་པོར་མཱ་ར་ཡ་ཕཊཿ ལྷུན་གྲུབ་ལ་བཞི་ཀ་བསྡོམ་པ་དང༌། ཁྱད་པར་ནི་དབང་རྒྱས་འབྲིང་བསྙེན་དུས། ཛྙཱ་ན་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་སིདྡྷི་ཧཱུྃ་སྭཱ་ཧཱ༔ གཤིན་དོན་བདུན་ཚིགས་དུས་སུ། ཨོཾ་མ་མ་ཀོ་ལིང་ས་མནྟ་ཚེ་འདས་ཆེ་གེའི་ལས་སྒྲིབ་བག་ཆགས་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ན་རཀ་སྐོང་བཤགས་དུས་ཞི་བ་རིགས་ལྔ་དང༌། ཁྲག་འཐུང་རིགས་ལྔའི་ཡིག་བརྒྱའི་མཐར། ཉམས་ཆག་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སོགས་སྦྱར་བའོ། གང་ཡིན་ཀྱང་རྗེས་སུ་དབྱངས་གསལ་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་འགྲུབ་པའི་སྨོན་ལམ་དང་བཅས་པ་ལན་གསུམ་དུ་བྱའོ། དྲུག་པ་ནི། སྤོས་བསྲེག །རོལ་མོ་དང་བཅས་པས། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ། །ཕྱི་ནང་གསང་བའི་འཛབ་བསྙེན་མཆོད་པ་འབུལ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །བདུན་པ་ནི། ཧཱུྃ། བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས། །འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འགག་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཡོན་ཏན་རེ་སྐོང་དངོས་གྲུབ་སྩལ་དུ་གསོལ། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩལ་དུ་གསོལ། རྩ་སྔགས་དང༌། ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དངོས་གྲུབ་བླངས། དེ་ཡན་ཆད་འབྲིང་པོའི་ལུགས་སོ། ཡང་འཛབ་དགོངས་བསྡུས་པ་ནི། ཧཱུྃ། དངོས་གྲུབ་མཆོག་སྩོལ་རྒྱལ་བ་ཞི་ཁྲོའི་ཚོགས། །རྨད་བྱུང་ཏིང་འཛིན་འཛབ་ཀྱི་འཕྲོ་འདུ་ལས། །དགོངས་སྤྱོད་དག་པའི་ཡེ་ཤེས་རབ་བསྐུལ་ཏེ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །དམིགས་པ་ནི་གོང་ལྟར་དང༌། འཛབ་ནི་ཞི་ཁྲོ་རིགས་འདུས་སྦྲེལ་མ་འདིའོ། ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་པ་འདི་ནི་བརྒྱ་སྟོང་ཁྲི་འབུམ་སོགས་གྲངས་ཐེམས་པ་དང༌། ཁ་བསྒྱུར་དང་བསྟོད་བསྐུལ་ལ་སོགས་པ་རྣམས་འཕྲུལ་ཤེས་པར་བྱའོ། སྤྱིར་འཛབ་ཀྱི་རྣམ་བཤད་ཞིབ་རྒྱས་དགོངས་འདུས་ལ་སོགས་གཞན་དུ་ལྟོས། ཞི་ཁྲོའི་ལས་བྱང་ལ་ཉེར་མཁོ་འདི་ནི་མན་ངག་བསྐྱེད་རྫོགས་ཀྱི་ལག་ལེན་དང་གཏེར་ཆོས་གཞན་འགའ་ཞིག་ལ་ཕྱོགས་ཙམ་བློ་སྦྱངས་པའི་སྔགས་འཆང་ཆོས་འབྱུང་གིས་ཧེ་བྲག་དཀར་གྱི་དབེན་གནས་སུ་སྦྱར་བ་རེ་ཞིག་དགེའོ།། །།