འབྲི་རུ་རྫོང་།
འབྲི་རུ་རྫོང་ (དབྱིན་ཡིག: Driru County / Biru County) ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་ཆགས་པའི་རྫོང་ཞིག་ཡིན། ལོ་རྒྱུས་ཐོག་མདོ་དབུས་ཁམས་གསུམ་ལས་མདོ་སྟོད་མི་ཡི་ཆོལ་ཁ་དང་། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ནགས་ཤོད་དང་རྒྱ་ཤོད་ཀྱི་ས་ཁུལ་དུ་གཏོགས། རྫོང་འདི་ནི་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཆོས་ལུགས་གྲུབ་མཐའ་སྣ་མང་འདུས་པའི་གནས་གལ་ཆེན་ཞིག་ཡིན་ལ། སྔར་གྱི་ལོ་རྒྱུས་ཡིག་ཚགས་ནང་ "ནགས་ཤོད་ཚོ་དགུ" ཞེས་ཡོངས་སུ་གྲགས།
མིང་གི་འབྱུང་ཁུངས།
[རྩོམ་སྒྲིག]འབྲི་རུ་ཞེས་པའི་མིང་ཐོགས་ཚུལ་ལ་བཤད་རྒྱུན་གཙོ་བོ་གཉིས་ཡོད། ནགས་རའི་ལྗོངས།: གནའ་སྔ་མོ་ཡུལ་འདིར་ནགས་ཚལ་སྟུག་པོ་ཡོད་པས་ "ནགས་ར་ལྤགས་ཐང" ཞེས་བཏགས་པ་ལས་ཕྱིས་སུ་འབྲི་རུ་ཞེས་འགྱུར་བར་བཤད། འབྲི་མོའི་གཏམ་རྒྱུད།: སྔར་འབྲི་ (གཡག་གི་མོ་རིགས) ཞིག་གི་རྭ་ཅོ་ལས་སྒོ་ང་གསུམ་བྱུང་བ་དེ། ཉི་མའི་དྲོད་ཀྱིས་བཀའ་བཞད་པ་ལས་རིམ་བཞིན་ "ཆུང་རྒྱུད་" དང་། "ཉི་མ་"། "ལུང་རྒྱུད་" བཅས་ཀྱི་ཤོག་ཁ་བྱུང་བས་ "འབྲི་རུ་" (འབྲི་ཡི་རྭ་ཅོ་) ཞེས་ཐོགས་པར་གྲགས།

ས་ཁམས་ཆགས་ཚུལ་དང་སྣོད་བཅུད།
[རྩོམ་སྒྲིག]ས་བབ།
[རྩོམ་སྒྲིག]འབྲི་རུ་རྫོང་ནི་གདང་ལ་རི་རྒྱུད་ནུབ་ནས་ཤར་དུ་ནར་བའི་ལྷོ་ཕྱོགས་དང་། གཉན་ཆེན་ཐང་ལྷ་རི་རྒྱུད་ནུབ་ནས་ཤར་དུ་བརྐྱང་བའི་བྱང་ཕྱོགས་སུ་ཆགས་ཡོད། མདོ་ཁམས་ཆུ་བཞིའི་ཡ་གྱལ་རྒྱལ་མོ་རྔུལ་ཆུ་ (དངུལ་ཆུ་ཁམས་པ) ནུབ་ནས་ཤར་དུ་རྒྱུག་པའི་གཞུང་དུ་གནས་ཤིང་། ས་བབ་ཀྱི་ཆ་ནས་ནུབ་དང་ནུབ་བྱང་མཐོ་ལ། ཤར་དང་ཤར་ལྷོ་དམའ་བ་ཡོད། རྒྱ་མཚོའི་ངོས་ནས་ཆ་སྙོམས་མཐོ་ཚད་སྨི་ ༤༠༠༠ (4000m) ཡོད།
གནམ་གཤིས་དང་ཐོན་ཁུངས།
[རྩོམ་སྒྲིག]གནམ་གཤིས།: ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི་ ༥༨༠ ནས་ ༦༥༠ བར་ཡིན། དབྱར་ཁར་ཚ་བ་ཆུང་ཞིང་ཉི་འོད་ཕོག་ཡུན་རིང་བ་དང་། མཁའ་དབུགས་གཙང་། སྨན་རྫས།: རི་སྐྱེས་སྔོ་སྨན་གྱི་རིགས་སྣ་ ༣༠༠ ལྷག་ཡོད་པས་ "ནགས་ཤོད་སྦས་ཡུལ་སྨན་ལྗོངས་" ཞེས་གྲགས། དེའི་ནང་དབྱར་རྩྭ་དགུན་འབུ་དང་། གཡའ་ཀྱི་མ། གངས་ལྷ་མེ་ཏོག་སོགས་ཚུད་ཡོད། རི་དྭགས།: གནའ་བ། ཤྭ་བ། གླ་བ། དྲེད་མོང་། གཟིག་སོགས་རི་སྐྱེས་སྲོག་ཆགས་མང་པོ་གནས་ཡོད།
ལོ་རྒྱུས་ཀྱི་འཕེལ་རིམ།
[རྩོམ་སྒྲིག]འབྲི་རུ་རྫོང་གི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་སྤྱི་དང་འབྲེལ་བ་དམ་ཟབ་ཡོད། གནའ་བོའི་དུས།: གནའ་སྔ་མོ་ཡུལ་འདིར་ སུམ་པ་འབྲི་ཡི་རྒྱལ་པོས་དབང་བསྒྱུར་མྱོང་བ་དང་། སུམ་པའི་ཡུལ་གྱི་ལྟེ་བ་ནི་ད་ལྟའི་འབྲི་རུ་རྫོང་གཡང་ཤོད་ཤང་གི་རྒྱལ་ཆུའི་རྒྱུད་དུ་ཡིན་པར་བཤད། བཙན་པོའི་དུས།: བོད་བཙན་པོའི་དུས་སྐབས་སུ་རུ་ཆེན་ལྔ་པ་སུམ་པའི་རུ་ཡི་ཁོངས་སུ་གཏོགས་ཤིང་། "ནགས་ཤོད་སྟོང་བུ་ཆུང་" ཞེས་པའི་དམག་གི་ལྟེ་བ་དེ་ནགས་ར་ལྤགས་ཐང་ (ད་ལྟའི་འབྲི་རུ་རྫོང་ཆགས་ས་) དུ་བཙུགས་ཡོད། སོག་དུས།: དུས་རབས་ ༡༣ པའི་ནང་སོག་པོ་ཧོར་གྱི་རྒྱལ་པོའི་མངའ་ཁོངས་སུ་གྱུར་པས་ "ཧོར་སྡེ་" ཞེས་ཐོགས། རྒྱ་དུས།: མན་ཇུ་གོང་མའི་སྐབས་སུ་ཧོར་ཚོ་སོ་དགུ་འདི་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བཅུག་པ་དང་། ས་གནས་ཀྱི་འགོ་དཔོན་རྣམས་ལ་ "ཆེའུ་ཧུ" དང་ "སྦེ་ཧུ" སོགས་ཀྱི་གོ་གནས་སྤྲད། བོད་དུས།: ༡༩༡༦ ལོར་བོད་གཞུང་གིས་ "ཧོར་སྤྱི་ཁྱབ་" བཙུགས་ནས་ནགས་ཤོད་ཚོ་དགུ་བོད་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་ཏུ་བསྡུས། ༡༩༡༧ ལོར་སྔར་གྱི་ "སྦེ་ཧུ" རྣམས་ "རྫོང" (དཔོན) དང་། "སྦེ་ཅང" རྣམས་ "ལྡིང་དཔོན" དུ་མིང་བསྒྱུར་བྱས།
སྤྱི་ཚོགས་སྒྲིག་གཞི། (ནགས་ཤོད་ཚོ་དགུ)
[རྩོམ་སྒྲིག]འབྲི་རུ་རྫོང་གི་སྔར་གྱི་སྤྱི་ཚོགས་སྒྲིག་གཞི་གཙོ་བོ་ནི་ ནགས་ཤོད་ཚོ་དགུ་ (Naksho Tsho Gu) ལས་གྲུབ་པ་སྟེ།
| ཚོ་པའི་མིང་། | འགོ་དཔོན་གྱི་མིང་། | མཆན་འགྲེལ། |
|---|---|---|
| འབྲི་རུ་ཚོ་པ། | དཔོན། (སྦེ་ཧུ) | རུས་རྒྱུད་ "ཅང་རྒྱུད" ཡིན། ཤོག་ཁ་བཞི་རུ་དབྱེ་ཡོད། |
| སྟག་ཕྲུག་ཚོ་པ། | ཆེའུ་ཧུ། | སྔར་གོང་མ་ཆེན་པོས་ "ཆེའུ་ཧུ" གོ་གནས་སྤྲད་པས་མཐོ་ཤོས་གྲས་ཡིན། |
| བོམ་ཕན་ཚོ་པ། | དཔོན། | སྔོན་དུས་ "ནགས་ཆུ་མ་གཞུང་" ཟེར། |
| ཁྲ་རིང་ཚོ་པ། | དཔོན། | ཐོག་མར་སྨུག་པོ་གདོང་གི་རྒྱུད་པ་ལས་མཆེད། |
| འགོམ་ཚོ་པ། | དཔོན། | འགོམ་སྡེ་ལིང་དྲུག་ཏུ་དབྱེ་ཡོད། |
| རཀྴི་ཚོ་པ། | དཔོན། | ཕྱིས་སུ་ "ནགས་རྗེ་དཔོན" གྱིས་དབང་བསྒྱུར་བྱས། |
| ན་རོག་ཚོ་པ། | སྒེར་ཐོབ་སྦེ་ཅང་། | སྐབས་རེ་བུད་མེད་ཀྱིས་དཔོན་པོ་བྱས་མྱོང་། |
| བུ་རྫུམ་ཚོ་པ། | སྒེར་ཐོབ་སྦེ་ཅང་། | མི་སྡེ་ལ་ "མཐའ་ལྔ་དབུས་བཅུ" ཞེས་གྲགས། |
| སེན་ཚ་ཚོ་པ། | སྒེར་ཐོབ་སྦེ་ཅང་། | ཨར་ཀེ་དང་ཡོན་ཚ་སོགས་རུས་རྒྱུད་དྲུག་ལས་མཆེད། |
ཆོས་ལུགས་དང་དགོན་སྡེ།
[རྩོམ་སྒྲིག]འབྲི་རུ་རྫོང་ནི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་མང་པོ་ཡོད་པའི་ས་ཁུལ་ཞིག་ཡིན་ལ། རྫོང་ཁོངས་སུ་དགོན་པ་ཁག་ ༢༥ ཡོད། དེའི་ནང་དགེ་ལུགས་པ་ ༡༢ དང་། བོན་པོ་ ༧། བཀའ་བརྒྱུད་ ༣། རྙིང་མ་ ༣ བཅས་ཡོད། བོན་པོ།: གསའ་མདའ་དགོན། སེན་ཚ་དགོན། དགའ་རི་དགོན། ཀླུ་མཁར་དགོན། དངུལ་ཁོ་དགོན། རྡོ་རྟེང་དགོན། (སེར་བཀྲ་དགོན་ཡང་བོན་གྱི་དགོན་པར་བརྩི་སྲོལ་འདུག) རྙིང་མ།: ཆགས་རི་དགོན། རྒོད་ལུང་དགོན། སེར་བཀྲ་ཤིས་དགོན། བཀའ་བརྒྱུད།: འགོམ་དགོན། ཝ་ཐང་དགོན། གླང་དེལ་དགོན། (འདི་དག་གཙོ་བོ་འབྲི་གུང་བཀའ་བརྒྱུད་དང་འབྲོང་ངུར་བཀའ་བརྒྱུད་ཀྱི་ཆོས་རྒྱུད་ཡིན།) དགེ་ལུགས།: ཤུག་ལྡིང་དགོན། གཡག་འཁྲབ་དགོན། ཆོས་སྡེ་དགོན། འབྲི་རུ་དགོན། ཆོས་གླིང་དགོན། སྒྲུབ་སྡེ་དགོན། འབྲོང་སྣ་དགོན། རྭ་ཁྱིམ་དགོན། རབ་བརྟན་དགོན། ལྟ་སྨོན་དགོན། བན་སྒར་དགོན། བྱ་སྣ་དགོན།
མི་སྣ་གྲགས་ཅན།
[རྩོམ་སྒྲིག]- འབྲི་རུ་ཞབས་དྲུང་།
- རིག་འཛིན་ཉི་མ་གྲགས་པ།
- སྟག་ཕུ་རྡོ་རྗེ་འཆང་། (སྐུ་ཕྲེང་བརྒྱད་པ་པདྨ་བཛྲ)བཅས་ནི་ནགས་ཤོད་བསྟན་པའི་སྒྲོན་མེ་རྣམ་གསུམ་ཞེས་གྲགས།
རིག་གནས་དང་ཡུལ་སྲོལ།
[རྩོམ་སྒྲིག]ས་གནས་འདིར་ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་དང་ཡུལ་སྲོལ་གོམས་གཤིས་དར་ཁྱབ་ཆེན་པོ་ཡོད། སྟེང་དཀར་རས་པ།: སྟེང་དཀར་གྲོང་ཚོ་ནས་དར་བའི་དམངས་ཁྲོད་ཀྱི་རས་པའི་བྲོ་གར་ཞིག་སྟེ། མི་ལོ་སྟོང་ཙམ་གྱི་ལོ་རྒྱུས་ལྡན། འདིའི་ནང་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་སོགས་འཁྲབ་སྟོན་བྱེད་ཀྱི་ཡོད། འཁྲབ་ཚན་ ༣༠ ལྷག་ཡོད། སྟག་ཕུའི་ཨར་གཞས།: སྟག་ཕུ་རྡོ་རྗེ་འཆང་སྐུ་ཕྲེང་བརྒྱད་པ་པདྨ་བཛྲ་གྱིས་སྤྱི་ལོ་ ༡༩༢༠ ཙམ་ལ་སྒྲུབ་སྡེ་དགོན་བཞེངས་སྐབས་གསར་རྩོམ་གནང་བའི་ཆོས་དང་འཇིག་རྟེན་གཉིས་ལྡན་གྱི་ལས་གཞས་ཤིག་ཡིན། དགུ་ཐུག: ནགས་ཤོད་ཁུལ་དུ་བོད་ཟླ་ ༡༢ པའི་ཚེས་ ༢༩ དགོང་མོ་དགུ་ཐུག་འཐུང་སྐབས། ཐུག་པའི་ནང་དུ་དོན་དག་མཚོན་པའི་རྫས་སྣ་ཚོགས་ (དཔེར་ན་སེམས་དཀར་བའི་རྟགས་སུ་རུས་དཀར་དང་། སེམས་ནག་པའི་རྟགས་སུ་སོལ་བ། ལེ་ལོ་ཅན་ལ་གླང་གཟུགས་ལྟ་བུ་) བཅུག་ནས་རྟེན་འབྲེལ་བརྟག་པའི་སྲོལ་ཡོད། གཉེན་སྒྲིག: སྔོན་དུས་སུ་ "ཁྱོ་གཅིག་མོ་མང་" དང་ "མོ་གཅིག་ཁྱོ་མང་" གི་ལམ་ལུགས་ཡོད་ཀྱང་། གཙོ་བོ་ཁྱོ་གཅིག་མོ་གཅིག་ཡིན། "མག་པ" (བུ) དང་ "མནའ་མ" (བུ་མོ) གང་རུང་ཁྱིམ་དུ་བསུ་བའི་ལུགས་སྲོལ་ཡོད།
ཐོན་སྐྱེད་ལམ་ལུགས།
[རྩོམ་སྒྲིག]འབྲི་རུ་རྫོང་ནི་ "ས་མ་འབྲོག" (ཞིང་འབྲོག་གཉིས་ཀ་ཡོད་པ) གི་ས་ཁུལ་ཞིག་ཡིན། འབྲོག་ལས།: འབྲི་གཡག་དང་། ར་ལུག་གསོ་སྤེལ་བྱེད། འབྲོག་པ་རྣམས་དབྱར་དགུན་སྟོན་དཔྱིད་དུས་ཚིགས་ལྟར་རྩྭ་ཆུ་འཛོམས་སར་གནས་སྤོ་བྱེད། ཞིང་ལས།: ནས་དང་། གྲོ། སྲན་མ། པད་ཁ། ལ་ཕུག ཞོག་ཁོག་སོགས་འདེབས་ལས་བྱེད། ས་བབ་དང་བསྟུན་ནས་ "ཕྱེད་འདེབས་ཕྱེད་ཉར" (ས་ཞིང་ངལ་གསོ་བ) གྱི་སྲོལ་ཡོད། ཞོར་ལས།: དབྱར་རྩྭ་དགུན་འབུ་བརྐོ་བ་དང་། ཤྭ་བའི་ཁྲག་རྭ་དང་གླ་རྩི་སོགས་སྨན་རྫས་རིགས་བསྡུ་ལེན་བྱེད་པ། དེ་བཞིན་ལག་ཤེས་བཟོ་ལས་ (རུམ་འཐག་དང་ལྕགས་བཟོ་) བཅས་ཡོད།
དཔྱད་གཞིའི་ཡིག་ཆ།
[རྩོམ་སྒྲིག]རི་དབང་བསྟན་འཛིན། 《ནགས་ཤོད་འབྲི་རུའི་ལོ་རྒྱུས་རབ་རིམ་སཱ་ལའི་ལྗོན་པ།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༢ ལོ།