འབྲི་གུང་གཏེར་སྒྲོམ་

ཡོང་ཁུངས་Wikipedia

ངོ་སྤྲོད་མདོར་བསྡུས།[རྩོམ་སྒྲིག]

གཏེར་སྒྲོ་ཞེས་པ་ནི། གནས་དེའི་ཚོགས་ཁང་དབུ་རྩེ་ལ་སོགས་པའི་བྲག་རི་རྣམས་མདོག་དཀར་ལ་གནམ་དུ་འཕྱོ་བས་བྱ་ཏི་པའི་སྒྲོ་དང་འདྲ་བས་ཏི་སྒྲོ་ཞེས་དང་། ཡང་གནས་དེར་ནོར་དང་ཆོས་ཀྱི་གཏེར་ཁ་བསམ་གྱིས་མི་ཁྱབ་པས་བྱུར་བུར་གཏམས་པའི་སྒྲོམ་དང་འདྲ་བས་གཏེར་སྒྲོམ་ཞེས་གསུང་སྲོལ་མི་འདྲ་བ་སོ་སོར་ཡོད། ལྷ་ས་གྲོང་ཁྱེར་ནས་ཤར་ངོས་སྤྱི་ལེ་ ༡༤༠ ཙམ་གྱི་སར་ཆགས་པའི་གཞུ་སྟོད་གཏེར་སྒྲོམ་གྱི་གནས་འདིར། སྤྱི་ལོའི་དུས་རབས་བདུན་པའི་ནང་ཨོ་རྒྱན་རིན་པོ་ཆེ་དང་བོད་ཀྱི་བཟའ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡབ་ཡུམ་གཉིས་སྔ་ཕྱི་ལོ་བཅུ་ཕྲག་ལ་ཉེ་བར་བཞུགས་ནས། ཡེ་ཤེས་མཚོ་རྒྱལ་ལ་མན་ངག་མཁའ་འགྲོའི་སྙིང་ཐིག་གནང་སྟེ་དཀའ་སྤྱད་ཀྱིས་དངོས་གྲུབ་བརྙེས་པར་གྲགས་པའི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན་པ་དང་། དེ་ནས་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་ཡབ་སྲས་གསེར་གྱི་ཕྲེང་བའི་གྲུབ་ཐོབ་རྣམས་ཀྱིས་རིམ་པར་བསྐྱངས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་ཀྱང་ཡིན་ཏེ། དེ་ཡང་འབྲི་གུང་གདན་རབས་ཉེར་གསུམ་པ་རིག་འཛིན་ཆོས་ཀྱི་གྲགས་པས། ནུབ་བྱང་སྒོ་ཡི་མི་འགྱུར་ཏི་སྒྲོའི་གནས། །དྲག་པོའི་གནས་ཆེན་གཏེར་སྒྲོམ་བྲག་དཀར་ཞེས། །གྲུབ་དབང་པདྨ་མ་དྲག་པོའི་གནས་ཀྱི་གཙོར། །བསྔགས་ཤིང་བཞུགས་པའི་སྒྲུབ་གནས་ངོ་མཚར་ཅན། །སོགས་གནས་ཀྱི་ཞིང་བཀོད་ཁྱད་པར་ཅན་བསྟན་པར་མཛད།

ལོ་རྒྱུས།[རྩོམ་སྒྲིག]

རེབ་ཅེས་པ་ནི་གུ་རུ་རིན་པོ་ཆེ་དང་ཇོ་མོ་མཚོ་རྒྱལ་ལ་བསམ་ཡས་སུ་བདུད་བློན་རྣམས་གྱིས་བར་ཆད་བརྩམས་པར་གུ་རུ་ཡབ་ཡུམ་འོད་ཀྱི་ད་ལེར་བཞུགས་ནས་བྱང་ཕྱོགས་སུ་བྱོན་པས་ད་ལྟའི་གཏེར་སྒྲོའི་ཐད་ཀར་རབ་རིབ་ཀྱིས་ཡལ་སོང་བས་རིབ་ནང་ཞེས་པའི་མིང་དེ་ལྟར་བྱུང་བ་ཡིན། ཐོག་མར་གནས་དེར་གཟའ་དང་། ཀླུ་བདུད་ནག་མོ། དམ་སྲི་སོགས་ཀྱིས་འཛིན་པའི་བདུད་ལུང་ཞིག་ཡོད་པ་ལ་གུ་རུ་པདྨ་འབྱུང་གནས་གནས་དེར་ཕེབས་ནས་ལྷ་འདྲེ་རྣམས་དམ་འདོགས་གནང་སྟེ་ལུང་པ་བྱང་བལྟ་དེ་ལྷོ་བལྟ་དང་། བདུད་ལུང་དེ་ཆོས་ལུང་ལ་བསྒྱུར་གནང་མཛད། ཡུལ་དེའི་ཕུ་རུ་ཆུ་ཚོད་ཕྱེད་ཙམ་སོང་ན་བདུད་འདུལ་ཕུག་ཅེས་པའི་གུ་རུའི་སྒྲུབ་ཕུག་དང་། མཐའ་འཁོར་དུ་འཁའ་འགྲོ་བྱེ་བའི་དབུ་སྐྲ་ཞེས་ཤུག་པ་མང་པོ་ཡོད། ད་ལྟའི་ཆུ་ཚན་ཆགས་ཡུལ་དེར་ཐོག་མར་ཀླུ་བདུད་ནག་པོས་བདུད་ཆུ་བསྐྱིལ་ཡོད་པ་ལ། གུ་རུས་ཨ་ཕྱི་ཆོས་སྒྲོན་ལ་ཁྱེད་ཀྱི་བདུད་ཆུ་འདི་གཤོངས་ཤིག་གསུངས་པར། ཨ་ཕྱིས་མེ་ལོང་གིས་བྲག་བཤགས་ཀྱང་ཆུ་བཤངས་མི་ཐུབ་པས་གུ་རུས་ཁྱོད་བུད་མེད་ཀྱིས་ལས་དེ་ཙམ་ལས་ཅི་འོང་གསུངས་ཏེ་རྡོ་རྗེ་གཡུགས་གནང་བས་བྲག་བརྟོལ་ཏེ་ཆུ་བཤངས། སེམས་ཅན་གྱི་ནད་ལ་ཕན་པའི་ཆུ་ཚན་དེ་བཞག་གནང་མཛད། ཆུ་ཚན་དེ་ནི་རྡོ་སོལ་དང་། མུ་ཟི་ནག་པོ། ཅོང་ཞི་དཀར་པོ་སོགས་ལས་གྲུབ་པ་དང་། ཆུའི་ཚ་ཚད་ནི་ཧྲེ་ཧྲི་ཏུའུ་༤༠ཡན་རྒྱུན་འཁྱོངས་ཐུབ། ཆུ་ཚན་དེ་ལ་བཞུགས་པས་སྨུག་པོ་དང་། སྙིང་། ཚད་པ། གྲང་བ། མཁྲིས་པ། ཕོ་བ། མཆིན་པ། རླུང་། མཁལ་མ། སྐེད་པ། དྲེག་གྲུམ། ཆུ་སེར། ཞ་རེངས། རྩ་དཀར། པགས་ནད་མཛེ་སོགས་འཇོམ་ཞེས་དང་། ཡང་དེ་དང་ཉེ་བར་ཤྭ་བ་ཆུ་ཚན་ཞེས་སྔོན་ཤྭ་བ་རྐང་པ་ཆག་པ་ཞིག་ཆུ་དེས་དྲག་སྐྱེད་བྱུང་བའི་ཆུ་ཚན་ཞིག་ཡོད་པ་དེ་ལ་རུས་པ་ཆག་སྐྱོན་བྱུང་རིགས་རྣམས་ལ་ཕན་པ་ཡིན་ཞེས་གསུངས། ཐོག་མར་འདུ་ཁང་ཆུང་ངུ་ཞིག་ལས་མེད་པ་དང་། དེ་རྗེས་གནས་དེར་སྒྲུབ་པ་ཕོ་མོ་མང་པོ་བཞུགས་ཀྱང་འདུ་ཁང་མེད་ཅིང་བསྙེན་བསྐུར་མང་ཇ་སོགས་བྱུང་ན་ཧོམ་ཁུང་གདོང་ཞེས་ད་ལྟའི་འདུ་ཁང་གནས་ཡུལ་དེར་ཚོགས་ནས་བསྔོ་སྨོན་སོགས་གནང་བ་ཡིན། དེ་རྗེས་བདུད་འདུལ་རིན་པོ་ཆེས་འདུ་ཁང་ཆུང་ངུ་ཞིག་བཞེངས་གནང་བ་དང་། གྲུབ་དབང་ངག་དབང་རིན་པོ་ཆེ་བྱོན་ཏེ་ཡང་ཟབ་ཀྱི་ཉམས་ལེན་དར་རྒྱས་ཆེ་བ་བྱུང་། དེ་རྗེས་གདན་རབས་སོ་བཞི་པ་དཀོན་མཆོག་བསྟན་འཛིན་ཞི་བའི་བློ་གྲོས་གྱིས་འདུ་ཁང་སྟེང་འོག་བར་གསུམ་རྒྱ་ཆེར་བཏང་གནང་སྟེ་སྤྱི་པ་ཐོག་མར་ཚུགས། རྟེན་གཙོ་གུ་རུ་མཚན་བརྒྱད་དང་། རྗེ་སྐྱོབ་པ། དུས་གསུམ་སངས་རྒྱས། བསྟན་སྲུང་ཨ་ཕྱི་སོགས་ཀྱི་སྐུ་བརྙན་མང་པོ་བཞུགས་པ་མཇལ་རྒྱུ་ཡོད། ད་ལྟ་ནི་སྔོན་གྱི་འདུ་ཁང་ཤུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་གཡས་གཡོན་དུ་བཙུན་ཤག ཆུ་ཚན་ཁར་འགྲུལ་ཁང་ལེགས་ཉེས་སྣ་ཚོགས་ཡོད་པ་བཅས།

འབྲི་གུང་གཏེར་སྒྲོམ་ཆུ་ཚན།[རྩོམ་སྒྲིག]

འབྲི་གུང་གཏེར་སྒྲོམ་ཆུ་ཚན་ནི་མལ་གྲོ་གུང་དཀར་རྫོང་གི་ཤར་ཕྱོགས་སུ་སྤྱི་ལེ་༢༣དང་།རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༢༥༠༠གྱིས་མཐོ་བའི་སརགནས། ཤོད་སྲོལ་ལ་གནས་འདིར་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ཆོས་དང་ནོར་གྱི་གཏེར་ཁ་དུ་མ་སྦས་ཡོད་པར་བརྟེན་རི་ཆེན་གཏེར་གྱི་སྒྲོམ་ཞིག་དང་འདྲ་བས་གཏེར་སྒྲོམ་ཞེས་མིང་ཐོགས།མཐོ་སར་གངས་དང་།བྲག་རི།རྐེད་པར་རྫ་རི།སྤང་རི།རྩ་བར་ཤིང་སྣ་ཚོགས་དང་མེ་ཏོག་བཀྲ་ཞིང་།དྭངས་ཤིང་གཙང་བའི་ཆུ་བོ་དང་།ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ།་རི་དྭགས་རྣམས་བག་ཕེབས་སུ་རྒྱུ་ཞིང་བྱ་རིགས་སྣ་ཚོགས་ཀྱི་མགྲིན་པའི་གླུ་དབྱངས་སྙན་པར་སྒྲོགས་པ་སོགས་མ་བཅོས་ལྷུན་གྱི་གྲུབ་པའི་མཛེས་སྡུག་ངོ་མཚར་ཆེ་བའི་གནས་མཆོག་ཅིག་ཡིན། ཆུ་ཚན་དེ་ནི་ཐོག་མར་ཆགས་ཚུལ་ཐད་གནས་ཡིག་ནང་གསང་བསྔགས་བདེ་ཆེན་ཕོ་བྲང་གི་ཚོགས་ཁང་མདུན་དུ་དུག་མཚོ་ཆེན་པོ་ཞིག་ཆགས་ནས་གཟའ་དང་།སྲིན་པོ།ཀླུ་བདུད་བཅས་ཀྱི་ཆུ་དེ་འགྲོ་ཐབས་མེད་པའི་རྨུ་གསུམ་བྲག་གིས་སྒོ་བརྒྱབ་པ་ལྟར་བཀག་ཡོད་པར་བརྟེན་སློབ་དཔོན་གྱི་ཐུགས་དགོངས་ལ་དེ་མུར་བཞག་ན་ཡུལ་རྣམས་དུག་མཚོས་འཇིག་པར་ཉེན་པས་འབྲི་གུང་གི་ལྷ་མོ་ཨ་ཕྱིར་བཀའ་གནང་བས་ཨ་ཕྱིས་བྲག་དེ་མེ་ལོང་གིས་འཕྲེད་བཤག་གནང་བ་སློབ་དཔོན་གྱི་དགོངས་པར་ཐབས་དེ་འགོར་ཆེ་བས་ཁོང་ཉིད་བདུད་འདུལ་ཕུག་པ་ནས་གུ་རུ་བདུད་འདུལ་དྲག་པོའི་སྐུར་བཞེངས་ནས་རྡོ་རྗེ་འཕང་སྟེ་བྲག་བརྟོལ་བས་རིམ་བཞིན་ད་ལྟའི་ཆུ་ཚན་དེ་ཆགས། སློབ་དཔོན་གྱིས་བྲག་བརྟོལ་བའི་ཁུང་བུ་དང་། རྡོ་རྗེའི་རྗེས། མེ་ལོང་གིས་བྲག་བཤགས་པའི་ཤུལ་ཡིན་ཟེར་བ་ད་ལྟ་ཡང་མཇལ་རྒྱུ་ཡོད། ཆུ་ཚན་དེར་མདོ་སྦུག་གཉིས་ཡོད་པ་ལས་སྦུག་མ་རྡོ་རྩིགས་སྒོར་མོའི་རྫིང་དཔངས་ལ་སྤྱི་ཁྲེ་༣དང་།རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་༢༠་སྐོར་ཡོད་པར་སྐྱེས་པ་དང་།ཆུ་རྫིང་མདོར་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་༣༠ཡོད་པ་དེར་བུད་མེད་ཆུ་བཞུགས་བྱེད་ཀྱི་ཡོད། དེའི་ཕན་ནུས་ཐད་གནས་ཡིག་ནང་ཆོས་ལུགས་དང་འབྲེལ་བའི་སྐོར་མང་པོ་ཡོད་ཐོག་བརྟག་དཔྱད་བྱས་པར་གཞིགས་ན་ཕོ་བ་སྨུག་པོ་དང་། ཚད་པ་རྙིང་པ། ཆུ་སེར། གྲང་བ། མཁལ་མ། མེ་དྲོད་ཉམས་པ། གྲུམ་བུ། རྩ་དཀར། པགས་ནད་རིགས་སོགས་ལ་ཤིན་ཏུ་ཕན།

File:འབྲི་གུང་གཏེར་སྒྲོམ་གནས་ཡིག །.jpg

དགོན་དེའི་སྐོར་གྱི་བརྩམས་ཆོས།[རྩོམ་སྒྲིག]

གཙོ་བོ་《འབྲི་གུང་གཏེར་སྒྲོམ་གནས་ཡིག་བཞུགས་སོ》ཞེས་པའི་དེབ་ཆུང་ཞིག་ཡོད་པས་གཟིགས་པར་མནང་།