འབྲས་སྒོ་ཀླུ་འབུམ་ལྷ་རམས་པ་ཁྱམས་ཚང་འཇིགས་མེད།

ཡོང་ཁུངས་Wikipedia
    དགེ་བཤེས་ལྷ་རམས་པ་ཁྱམས་ཚང་འཇིགས་མེད་རྒྱ་མཚོ་མཆོག་ནི་ཕྱི་ལོ ༡༩༦༩ལོར་རྨ་ལྷོ་གཅན་ཚའི་ཡུལ་དུ་ཡབ་སངས་རྒྱས་ལྷུན་འགྲུབ་དང་ཡུམ་གཡུ་མཚོ་གཉིས་ཀྱི་

སྲས་སུ་འཁྲུངས་ཤིང་སྤུན་མཆེད་བརྒྱད་ཡོད་པའི་ཐ་ཆུང་དེ་ཡིན་ལ་དགུང་ལོ་བཅུ་བཞི་ཙམ་ལ་ཡོངས་འཛིན་རྗེ་ཕུན་ཚོགས་དར་རྒྱས་ཚང་གི་མདུན་ནས་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་དཀྱུས་གཅིག་དུ་བཞེས་ལ་རྗེ་ཞྭ་དམར་པཎྚི་ཏའི་གདན་ས་སྡི་ཚ་རི་ཁྲོད་ བཀྲ་ཤིས་ཆོས་སྡིངས་སུ་ཞུགས་ནས། རྗེ་དེ་ཉིད་དང་རྗེ་བཙུན་དགེ་འདུན་ཤེས་རབ་ དཔལ་བཟང་པོ་གཉིས་རིགས་ཀྱི་ཅོད་པཎ་དུ་བསྟེན་ནས་བསྡུས་གྲྭ་ནས་བཟུང་ དོན་བདུན་ཅུ་བར་དང་སུམ་རྟགས་དག་གསུམ་དང་སྒྲ་སྙན་ངག་གཞན་ཡང་དབང་ལུང་མན་ངག་སོགས་བུམ་པ་གང་བྱོའི་ཚུལ་དུ་ཐོབ།དགུང་ལོ་ཉི་ཤུའི་ཐོག་ཡོངས་འཛིན་ རྗེ་ཕུན་ཚོགས་མཚན་ཅན་ལས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་མནོས།ཁོང་རང་ ཕྱི་ལོ༡༩༩༤ལོའི་ལོ་མཇུག་ལ་རྒྱ་གར་དུ་འབྱོར་ནས་གདན་ས་ཆེན་པོ་དཔལ་ལྡན་ འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། སྔ་ཕྱིར་ལོ་འཁོར་བཅུ་ཕྲག་ལྷག་ལ་བརྩོན་པ་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཐར་ཕྱིན་ཅིང་ཕྱི་ལོ༢༠༠༥ལོར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་ནས་ཕྱི་ལོ ༢༠༡༠ལོར་རྒྱུགས་སྤྲོད་མཐར་ཕྱིན་པ་དང་གྲྭ་ཚང་རིན་པོ་ཆེ་ནས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་གནང་། ཕྱི་ལོ༢༠༡༡ལོར་གསང་ཆེན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་སྔགས་ཕྱོགས་ལ་སྦྱོང་བའ་ིདབུ་བཙུགས།༢༠༡༣ལོར་ཕྱིར་གདན་སར་འབྱོར་ནས་རྒྱུད་སྡེ་འོག་མ་དང་བསྐྱེད་རིམ་ཚར་ནས་ད་ལྟ་རྫོགས་རིམ་ལ་སློབ་པའི་སྐབས་ཡིན་ལ། ཞོར་དུ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དུ་བསྐོས་པ་ལྟར་གང་ཐུབ་ཀྱིས་དཔེ་ཁྲིད་གནངས་བཞིན་ཡོད་དོ༎